ཡི་གེ་པ་མི་གསོན་པོ།
(མཚན་མཐུན་ཆགས་སྤྱོད་མཁན་གྱི་བུད་མེད་ཅིག་རང་གི་མཛའ་གྲོགས་ཤི་རྗེས་སུ་ནང་པའི་ཉམས་ལེན་པ་ཞིག་གྱུར་པའི་དངོས་སྒྲུང་། སྒྲུང་འདིའི་ནང་དུ་ཆགས་སྲེད་དང་ཞེ་སྣང་ཆེ་བའི་ཤི་འདྲེ་སོགས་ཀྱི་གནས་ཚུལ་འཁོད་ཡོད་པས་དེ་དག་གཟིགས་འདོད་མེད་པ་དག་གིས་མ་བཀླག་ན་བཟང་།)
ངས་རང་ཉིད་ནང་ཆོས་ལ་དོ་སྣང་དང་དད་འདུན་སླེབས་པའི་བརྒྱུད་རིམ་དེ་བཤད་ཆོག། སྐད་ཆ་འདིར་ཡིད་ཆེས་མཁན་ཡང་ནང་ཆོས་ལ་ཡིད་ཆེས་ཡོད་མཁན་ཁོ་ན་ཡིན་ངེས། ཁྱོད་ཀྱིས་ངའི་མིང་དངོས་སུ་མ་བྲིས་ན་ལེགས། རྒྱུ་མཚན་ནི་ངའི་ཉེ་འཁོར་གྱི་མི་མང་པོ་སླར་ཡང་ཕོ་ཐུག་གཏོང་འདོད་མེད། འོན་ཏེ་ངས་རང་ཉིད་ཀྱི་ནོར་འཁྲུལ་དང་གདུག་རྩུབ་ཆེ་བའི་བྱ་སྤྱོད་དེ་ཡིག་ཐོག་ཏུ་འཁོད་ཐུབ་ན་བསམ། འདི་ནི་ངས་ལན་ཆགས་དང་བུ་ལོན་ཆད་ཟིན་པའི་ངའི་མཛའ་གྲོགས་ལ་བཤགས་སྡོམ་དང་། ངའི་ཚེ་སྲོག་ཉེན་ཁ་ལས་བསྐྱབས་ཤིང་འཇིགས་སྣང་ལས་བསྒྲོལ་བའི་ནང་ཆོས་ལ་རྗེས་དྲན་ཞིག་ཀྱང་ཡིན། ཁྱེད་ཀྱིས་ཤེས་སམ། ངའི་ཆུང་དུས་ཀྱི་འཚོ་བ་ནི་ཧ་ཅང་སྤྲོ་སྣང་ལྡན་ལ་ཡིད་དུ་འོང་བ་ཞིག་ཡིན། ང་སྐྱེས་པའི་གྲོང་ཁྱེར་ནི་ཨ་རི་ཤར་ཕྱོགས་སུ་སྐད་གྲགས་དང་ལོ་རྒྱུས་རང་བཞིན་ཅན་གྱི་བྷོ་སི་ཊོན་རེད། ཁྱེད་ཀྱང་ཐེངས་མང་དེར་འགྲོ་མྱོང་ཡོད་ངེས་རེད། གྲོང་ཁྱེར་དེ་དགུན་དུས་གནམ་གཤིས་ཅུང་གྲང་བ་ཙམ་ལས་གཞན་ཡོད་ཚད་ལྟ་བ་སྡུག་པ་ཞིག་རེད། ད་དུང་གྲོང་ཁྱེར་ནང་ཧར་བྷ་ཌི་གཙུག་ལག་སློབ་ཆེན་སོགས་ཤེས་ཡོན་གྱི་བསྟི་གནས་དང་། འགྲེམ་སྟོན་ཁང་། སྤྱི་གླིང་སོགས་ཤིན་ཏུ་མང་ལ་ཡོད་ཚད་བརྗིད་ཆགས་དང་མཛེས་སྡུག་ལྡན་པ་ཤ་སྟག་རེད། ད་དུང་རླབས་ཆེན་གྱི་ཨ་རི་མང་སྡེ་ཆིག་སྒྲིལ་གྱི་རྒྱལ་ཁབ་ཀྱང་གྲོང་ཁྱེར་འདི་ནས་དབུ་བརྙེས་པ་རེད། ངས་རྟག་ཏུ་རང་ཉིད་གྲོང་ཁྱེར་འདི་ཡི་ནང་དུ་སྐྱེས་པ་ལ་སྤོབས་པ་བྱེད་ཀྱི་ཡོད། ངའི་ཕ་མ་གཉིས་ཀྱང་འབྱོར་བ་ལྡན་ཞིང་ལས་གནས་མཐོ་བ་སོགས་ཀྱིས་ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་ལེགས། ངའི་གཅེན་པོས་ཀྱང་ང་ལ་བརྩེ་ཞིང་རྟག་ཏུ་བལྟ་སྐྱོང་གང་ལེགས་བྱེད་ཀྱི་ཡོད། དེས་ན་ངས་ཆུང་དུས་ཀྱི་འཚོ་བའི་ནང་དུ་དཀའ་ཁག་ཅི་ཡང་བྱུང་མ་མྱོང་ཞེས་བཤད་ན་རྫུན་ཡིན་སྲིད་མོད་དཀའ་སྡུག་ཆེན་པོ་ཞིག་མྱོང་བ་ངོ་མ་སེམས་ནས་མི་དྲན།


