རྭ་རྒྱ་བློ་དབང་
དུང་ཟླའི་གཟི་བྱིན་སྤྲིན་ལ་ཡིབ་པའི་རྒྱུས་མེད་ས་མཐའི་མཚན་ལྗོངས་ཏེ། །
འཇམ་རླུང་བསིལ་མ་དལ་བར་གཡུག་པའི་སྟོང་འཇགས་ལྷོ་མཐའི་ཐང་ཆེན་དུ། །
ཁྲ་ཆུང་མིག་མདའ་སྐོར་ཙམ་བྱས་པས་རི་ཐང་འདྲིས་མའི་སྨག་རླབས་ཁྲོད། །
ལྷེམ་ལྷེམ་འཚེར་བའི་འོད་སྣང་གང་ཞིག་མུན་པའི་གཤེད་དུ་འབར་བ་མཐོང་། །
ཅི་ཞིག་ད་ལྟ་གཉོམ་པོར་བཞད་པའི་འོད་ཀྱི་སྣང་བ་འདི་ཙམ་ཡང་། །
བསྐལ་བའི་མེ་དཔུང་གྱེན་ཏུ་འཕྱུར་བའི་མེ་སོན་མཆོག་ཏུ་འགྱུར་སྙམ་སྟེ། །
གང་ཞིག་རི་རབ་རྡུལ་དུ་རློག་པའི་ཆུ་ཀློང་ཆེན་པོའི་རླབས་ཤུགས་ཀྱང་། །
མི་མཐོང་ས་ཡི་གཏིང་ལ་ཡིབ་པའི་ཆུ་མིག་དག་ལས་བྱུང་མིན་ནམ། །
བོད་ཀྱི་རྩ་དོན་ཆེད་རང་གི་བསམ་ཚུལ།
དགེ་འདུན་དཀོན་མཆོག་ལ་ཕྱག་འཚལ་ལོ། དགེ་འདུན་དཀོན་མཆོག་ལ་ཕྱག་གསུམ་འཚལ་ནས་བོད་ཀྱི་རྩ་དོན་སྐོར་བསམ་ཚུལ་ཅུང་ཟད་ཞུ་ན་འདོད་བྱུང་། ང་ཚོས་ད་བར་བོད་ཀྱི་རྩ་དོན་སྐོར་མང་པོ་གླེང་ཞིང་རྒྱབ་འདྲེ་མང་པོ་བརྒྱབས་ཚར་བས་ངའི་བསམ་ཚུལ་དེ་ཁྱེད་ཚོས་ཤེས་ཀྱི་རེད་ལ་ཁྱེད་ཚོའི་བསམ་ཚུལ་ངས་ཀྱང་ཤེས་ཀྱི་འདུག ་ཀྱང་ད་དམིགས་བསལ་གྱི་བོད་དོན་ཚོགས་ཆེན་སླེབས་ལ་ཉེ་བས་ཡང་སྐྱར་རང་གི་བསམ་ཚུལ་ཁ་གསལ་གྱིས་ཞུ་དགོས་བསམ་བྱུང་། རང་བཙན། གལ་སྲིད་ང་ཚོས་རང་བཙན་བརྩད་པ་ཡིན་ན་ངས་དེར་ལམ་ཁ་གཉིས་མཐོང་གི་འདུག གཅིག་ང་ཚོར་དམག་ཤུགས་དང་དཔལ་འབྱོར་གྱི་སྟོབས་ཤུགས་རྒྱ་ནག་ལས་ཆེ་བ་ཡོད་ན་ང་ཚོས་དམག་བརྒྱབ་ཏེ་རང་ས་ལེན་ཆོག་ཀྱང་དེ་མེད་པ་མ་ཟད་སྐྱབས་བཅོལ་གྱི་གནས་སྟངས་སྐྱོ་བོ་རང་གི་རྐང་པའི་ཐོག་ལངས་མ་ཐུབ་པར་བསྡད་ཡོད་པ་རེད། ངས་རང་བཙན་དགོས་ཟེར་མཁན་རྣམས་ལ་དམིགས་བསལ་གྱི་སེམས་ཤུགས་ཚ་བོ་ཞིག་ཡོད་པ་མཐོང་གི་འདུག ཡིན་ན་ཡང་རང་བཙན་འདི་སེམས་ཤུགས་གཅིག་པོས་ཡོང་ཐབས་མེད་པ་དེའང་མཐོང་གི་འདུག ད་ལམ་ཁ་གཞན་ཞིག་ནི་རྒྱལ་སྤྱིའི་ཐོག་ནས་བོད་རང་བཙན་ཡིན་པ་ངོས་ལེན་དང་དེ་ལ་རྒྱབ་སྐྱོར་ཐོབ་པ། རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་རང་བཙན་མ་སྤྲད་རང་སྤྲད་བྱ་འཇུག་རྒྱུ་དེ་རེད། དེ་འདྲ་ཞིག་ཡོང་རྒྱུར་ཐོག་མར་བཙན་བྱོལ་བོད་གཞུང་འདི་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡིན་པ་རྒྱལ་སྤྱིའི་ཐོག་ངོས་ལེན་ཡོང་དགོས་པ་རེད། བོད་འདི་ལོ་རྒྱུས་ཐོག་རང་བཙན་ཡིན་པ་ངོས་ལེན་ཡོང་དགོས་པ་རེད། ང་ཚོས་བཙན་བྱོལ་བོད་གཞུང་བོད་མིའ་ཁྲིམས་མཐུན་གྱི་གཞུང་ཡིན། བོད་རང་བཙན་ཡིན་ཞེས་བཤད་རྒྱུ་དེ་ལས་སླ་པོ་ཞིག་རེད། ཡིན་ན་ཡང་། ཤེས་དགོས་པ་ཞིག་ལ་ང་ཚོ་ལ་ཁ་གཏད་ཅིག་ཡོད་པ་དང་ང་ཚོའི་ཁ་གཏད་དེས་བོད་རང་བཙན་མིན་པའི་ཁུངས་སྐྱེལ་དང་སྒྲུབ་བྱེད་བཀོད་རྒྱུ་ཡིན་པ་རེད། བཙན་བྱོལ་བོད་གཞུང་བོད་མིའི་ཁྲིམས་མཐུན་གྱི་གཞུང་མིན་པར་སྒྲུབ་བྱེད་བཀོད་རྒྱུ་ཡིན་པ་དང་། དེ་ཡང་བོད་ནང་གི་བོད་མི་དེ་འདྲ་མདུན་དུ་ཁྱེར་ཡོང་གི་རེད། བོད་མི་སྐོར་ཞིག་ལ་ས་རྟགས་རྒྱག་བཅུག་ནས་ངེད་ཚོར་རང་བཙན་དགོས་ཀྱི་མེད་ཅེས་བཤད་བཅུག་པ་ཡིན་ན་ད་ཁྲིམས་ཐོག་ནས་ང་ཚོར་ཐོབ་པའི་རེ་བ་ག་ཚོད་ཅིག་ཡོད་པ་རེད། རྒྱལ་སྤྱིའི་ཐོག་བཙན་བྱོལ་བོད་གཞུང་བོད་མིའི་ཁྲིམས་མཐུན་གྱི་གཞུང་ལ་ངོས་ལེན་བྱ་རྒྱུ་གཅིག་པོའི་ཐོག་ནས་ཁེག་འགྲོ་གི་རེད། ད་གལ་སྲིད་རྒྱལ་སྤྱིའི་ཐོག་ནས་བོད་རང་བཙན་ལ་ངོས་ལེན་རྒྱབ་སྐྱོར་ཐོབ་པའི་དབང་དུ་བཏང་ནའང་མཐར་ཐུག་ས་དེ་རྒྱ་མི་ལ་ཐུག་པ་རེད། རྒྱ་མི་དང་མཉམ་སྐད་ཆ་བཤད་དགོས་པ་རེད། རྒྱ་མིས་བོད་རང་བཙན་སྤྲད་གི་རེད་དམ། དེ་མ་སྤྲད་ན་རྒྱལ་ཁབ་སུ་ཞིག་་གིས་བོད་ལ་རྒྱབ་རོགས་ཀྱིས་རྒྱ་ནག་ལ་དམག་རྒྱག་གི་རེད། རང་བཙན་རྩོད་མཁན། རང་བཙན་རྩོད་མཁན་ནི་གཙོ་བོ་ལྷ་བཟང་ཚེ་རིང་། འཇམ་དབྱངས་ནོར་བུ། གཞོན་ནུའི་ཚོགས་པ། བོད་ནས་གསར་དུ་འབྱོར་བའི་་ནང་ཨ་ཚོགས་ཀླུ་མཁར་བྱམས་སོགས་དང་ང་ཚོའི་དྲ་ཁང་འདིའི་ནང་ཡང་སྐོར་ཞིག་ཡོད་པ་རེད། ཁོ་ཚོས་རང་བཙན་གྱི་གཞི་འཛིན་ས་གཙོ་བོ་ནི་བོད་ལོ་རྒྱུས་ཐོག་རང་བཙནཡིན། རང་བཙན་དགོས་ཟེར་བ་ཙམ་རེད། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཀྱང་རང་བཙན་གྱི་ཐོབ་ཐང་ཡོད་པ་ཞིག་མཐོང་གི་ཡོད་པ་རེད། དེ་ཙམ་གྱིས་རང་བཙན་ཐོབ་ཀྱི་ཡོད་མེད། ལོ་ག་ཚོད་ཅིག་དགོས་ཀྱི་ཡོད་མེད་ལ་ཞིབ་ཚགས་པོ་ཞིག་གང་ཡང་ཡོད་པ་མ་རེད། ཁོང་ཚོའི་རང་གཤིས་ལ་བསམ་བློ་ཞིག་བཏང་ན་ཡང་། ལྷ་བཟང་ཚེ་རིང་ལ་མཚོན་ན་རྒྱ་ནག་ལ་སྡང་ཟུག་ཡོད་པ་དང་། བོད་དོན་ལ་སེམས་ཤུགས་ཚ་བོ་དང་ཞེན་ཕྱོགས་ཡོད་པ་རེད། ནམ་རྒྱུན་བོད་དོན་སྐོར་བསམ་བློ་འཁོར་བ་ཙམ་ནས་ཁོང་ཁྲོ་ཟ་བསྡད་ཡོད་པ་རེད། འདི་འདྲའི་སེམས་ཁམས་ཤིག་གི་ཐོག་ནས་བདེན་པའི་གནས་ཚུལ་དང་དངོས་ཡོད་གནས་ཚུལ་ཞིག་ཅི་ལྟར་རྙེད་ཐུབ། འཇམ་དབྱངས་ལ་མཚོན་ན་ཡང་མ་གཞི་ནས་རྒྱ་ནག་ལ་དགའ་མ་དགའ་དེ་ཡོད་ཡོད་པ་རེད། སྔོན་མ་ཞིག་ལ་དམངས་གཙོ་ཚགས་པར་ཐོག་རྒྱ་མི་ཀླ་ཀློ་ཡིན་པའི་རྩོམ་ཞིག་ཀྱང་བྲིས་པ་དྲན་གྱི་འདུག ཁོའི་རྩོམ་ཡིག་གི་འབྲི་རྩལ་དེ་ཚད་མཐོན་པོར་སླེབས་ཡོད་ན་ཡང་བསམ་བློའི་གནས་སྟངས་དེ་རྒྱལ་སྤྱིའི་ཐོག་གི་མཁས་པ་ཚད་ལྡན་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་འབྱེད་ལས་རྦད་དེ་གྲོལ་ཚར་བ་དག་དང་བསྡུར་ན་ད་རུང་ཕྱོགས་ཞེན་ཞིག་གི་ཁུག་པ་ན་ལྷུང་བསྡད་ཡོད་པར་འདོད། ད་རུང་དེའི་ཁོའི་འཆར་ཡན་གྱི་སྣང་བ་ཡངས་པོ་དེའི་ཐོག་ནས་རང་བཙན་ཤོད་ཀྱི་ཡོད་པ་རེད། ངས་ཁོ་ལ་དྲི་བ་དྲིས་མྱོང་། མཐར་དེད་ན་ཁོ་ལ་རྒྱུ་མཚན་གོ་རིམ་ཡོད་པ་ཞིག་བཤད་རྒྱུ་མི་འདུག བར་ར་ནས་སྒེའུ་ཁུང་འདྲ་པོ་དེ་འདྲ་གོ་སྐབས་རེག་མ་སྲིད་པ་མ་རེད་ཟེར་གྱི་འདུག ད་ཚོགས་པ་ཞིག་གི་ངོས་ནས་བཤད་ན་གཞོན་ནུ་ཚོགས་པ་རེད། ཚང་མ་སེམས་ཤུགས་མེ་འབར་འབར་རེད། སེམས་ཁམས་ལྷོད་ལྷོད་དང་སྙོམས་པོ་མིན་པའི་སྐབས་གཏམ་སྤྱོད་གང་ལ་ཡང་ཐལ་ཆ་ཡོང་གི་ཡོད་པ་ནི་ཆོས་ཉིད་རེད། རང་བཙན་དེ་སྔོན་མ་ནས་གཞོན་ནུའི་དམིགས་ཡུལ་ཡིན་པས་ད་རུང་དེ་བཟུང་ཡོང་གི་ཡོད་པ་རེད། ཁོ་ཚོས་ད་བར་རང་བཙན་གླེང་ནས་ལོ་མང་པོ་ཕྱིན་པ་རེད། ད་དངོས་གནས་ཡིན་ན། རང་བཙན་ལེན་ཐབས་ཀྱི་འཆར་གཞི་ཞིབ་ཚགས་ཤིག་ཡོད་དགོས་ཚོད་རེད་དེ་དེ་འདྲ་གང་ཡང་མཐོང་མ་སོང་། དེས་ན་རང་བཙན་ཟེར་བ་འདི་ནི་གང་ཞིག་ལ་སླེབས་དང་གང་ཞིག་ཐོབ་ཡོང་མིན་ཚོད་དཔག་བྱེད་དཀའ་བ་ཞིག་རེད།…
ཕ་ཡུལ་གྱི་གཟའ་ཉི་མའི་ཉིན་ཐོ།
བོད་ཨ་མདོ་ནསལྷ་མོ་སྒྲོལ་མས 2008-11-13 ཉིན
ཉི་མ་སེར་བོ་ལུས་ལ་ཤར་ན་ཡང༌།།
བུ་མོ་ང་རང་རྒྱུན་ལྟར་མལ་ན་ལུས།།
ཆུ་ཚོད་དགུ་དང་ཕྱེད་ཀ་ཡས་མས་སུ།།
འཐད་མི་འཐད་ཀྱི་སྒོ་ནས་མལ་ལས་ལངས།
ནང་གོས་ལུས་ལ་གཡོགས་ཙམ་བྱས་ནས་སུ།།
བརྙན་འཕྲིན་སྒོ་ཕྱེ་རང་ཉིད་ཆེས་དགའ་བའི།།
འོད་སྡེར་དེ་ཉིད་ནང་དུ་བཞག་པ་དང༌།།
ང་ཚོ་མཉམ་དུ་ཡོད་ཞེས་དལ་གྱིས་གྲགས།།
ཁ་ལག་བཀྲུས་ཅིང་ཟ་མ་ཟོས་རྗེས་སུ།།
རང་ཉིད་གོམས་ལོབས་སོང་བའི་ས་ཕྱོགས་དེར།།
དཔེ་ཆ་ལག་ཏུ་བཟུང་ནས་དལ་གྱིས་བསྐྱོད།།
དགོན་པའི་གཡས་ཕྱོགས་སྒུར་མགོ་ཐོན་པ་ན།
།གྲུབ་འབྲས་ཡག་པོ་མེད་པས་སྐྱོ་རབས་གླེང༌།།
སྙན་ངག་པ་དང་སྒྱུ་མ་མཁན།
ཀླུ་སྨྱོན། བུད་མེད་སྙན་ངག་པ་དོམ་པ་ཚེ་རིང་དབང་མོར་ཆེད་དུ་ཕུལ་བ། ཉི་ཟེར་ས་གཞིའི་སྟེང་དུ་འཕྲོས་མ་ཐག སྒྱུ་མ་མཁན་ལམ་ལ་ཆས་ཤིང་། ཁོ་ལ་དམིགས་ཡུལ་དང་རྒྱགས་བྲོ་ལྡེངས་ངེས་ཤིག་ཡོད། ཁོ་རང་ལམ་ལ་ཆས་ཤུལ་དུ། སྨུག་སྤྲིན་ཕོན་པོ་ཞིག་གིས་ཁོའི་གྲོང་ཚོ་དེ་སྟུག་པོར་བཀབ། ཡིན་ན་ཡང་། ཆུ་འགྲམ་དུ་ཁོའི་ཆུང་དུས་ཀྱི་རྐང་རྗེས་འགའ་གསལ་ལ་མི་གསལ་བའི་ཚུལ་དུ་ད་དུང་ལུས་འདུག སྒྱུ་མ་མཁན་གྱི་འཚོ་བ་ལ་དོན་སྙིང་ལྡན། སྒྱུ་མ་མཁན་གྱི་མི་ཚེ་ལ་རྒྱབ་ལྗོངས་མང་། སྒྱུ་མ་མཁན་གྱིས་རང་གི་འདོད་པ་བཞིན་ཡོད་པ་མེད་པར་བསྒྱུར་ཐུབ་ཅིང་མེད་པ་ཡོད་པར་ཡང་བསྒྱུར་ནུས། སྒྱུ་མ་མཁན་གྱི་རྣམ་ཤེས་དེ་འཇིག་རྟེན་གཞན་ཞིག་ནས་འོངས་པ་བཞིན། ཁོ་ཚོའི་རིགས་རྒྱུད་ཁོ་ནས་ད་གཟོད་འཇིག་རྟེན་གཞན་གྱི་གསང་བ་རྟོགས་ཐུབ་པར་གླེང་། བུ་མོ་ཞིག གཟུགས་སྐྱེ་ལུས་འཇོ་སྒེག་ལྡན་པའི་བུ་མོ་ཞིག བུ་མོ་སྙན་ངག་པ་ཞིག ཁ་སང་ཁ་ལི་ཧྥོ་ནི་ཡ་ནས་ཡོང་བ་ཡིན་ཟེར། ཡིན་ན་ཡང་། སྒྱུ་མ་མཁན་ཡིད་མ་ཆེས། སྒྱུ་མ་མཁན་གྱིས་བུ་མོ་དེའི་སྐྲ་ལོ་ཁོ་ནའི་དཔང་རྟགས་ལ་བརྟེན་ནས། བུ་མོ་དེ་ལ། ཁ་བའི་བུ་མོ་ཞེས་བོས། ཁོའི་འབོད་སྟངས་དེར་ཁོ་རང་ཉིད་ཀྱང་ཧང་སངས། སྒྱུ་མ་མཁན་དེ་འཁྱམ་པོ་ཞིག་ཡིན་ལ། འཁྱམ་པོ་དེ་སྙན་ངག་པ་ཞིག་ཡིན། འཁྱམ་པོ་དེའི་བརྩམས་ཆོས་དང་ཤིང་ལོའི་ལྗིད་ཚད་མཉམ། དཔྱིད་ཀའི་ཤིང་ལོ་ལྗང་ཁུ་དང་། ཡང་ན་སྟོན་ཁའི་ཤིང་ལོ་དམར་པོ། དྭངས་གཙང་གི་ཆུ་བོས་ཁྱེར་བའི་གསེར་མདོག་གི་ལོ་མ་ཐར་ཐོར། སྙན་ངག་པ་ཚོའི་རྣམ་ཤེས་དང་ཡང་དག་མཚུངས། སྙན་ངག་པ་དེ་ཁོ་མོའི་ཨ་མའི་ཕ་ཡུལ་དུ་ཐེངས་གཉིས་པར་བསླེབས། དེ་རུ་འབྲོག་པ་དང་གཡག་རྒོད་ཁོ་ན་གངས་རླུང་གི་ཁྲོད་དུ་མུ་ནས་མུ་རུ་འཚོ། དེ་རུ་སྙན་ངག་པས་གཞིས་ཀ་ཆུང་ཆུང་ཞིག་དང་འདྲ་བའི་སྙན་ངག་ཅིག་གི་བློས་བསླངས་བཙལ། ཏག་ཏག་དུས་ཚོད་དེ་ལ། སྒྱུ་མ་མཁན་གྱིས་ནུབ་ཕྱོགས་ནས་སྙན་ངག་རིང་མོ་ཞིག་འབྲི་བཞིན་ཡོད། འཇིག་རྟེན་ཁམས་འདིར། བུ་དང་བུ་མོ། སྙན་ངག་པ་དང་སྒྱུ་མ་མཁན། ནམ་མཁའ་དང་ས་གཞི་བཞིན། ནམ་ཡང་ཁ་ཐག་རིང་། ནམ་ཡང་བར་སྣང་ཞིག་གིས་རྒྱང་དུ་བཀྱེད་འདུག ཡིན་ན་ཡང་། བཅོམ་ལྡན་འདས་ཀྱིས་གདེང་ཚོད་ཡོད་པའི་སྒོ་ནས། ཆོས་ཐམས་ཅད་སྒྱུ་མ་དང་སྙན་ངག་ལྟ་བུར་གསུངས། མི་རབས་མང་པོ་ཞིག་དབེན་འཇགས་ཀྱི་རི་སུལ་དུ་རྨེག་མེད་དུ་བསྟིམས་པས། དེ་རུ་བྱ་རྒོད་ཁྱུ་ཞིག་གིས་དུས་གཏན་གྱི་གནས་མལ་འཆའ་བཞིན་ཡོད་སྐད། རླུང་བུ་ཤར་ནུབ་གང་ནས་ལྡང་ན་ཡང་། ལོ་མ་ས་ཕྱོགས་གང་དུ་འཕུར་ན་ཡང་། སྟོང་བསམ་ཐམས་ཅད་སྒྱུ་མ་དང་སྙན་ངག་གི་ཐ་སྙད་ལས་འདའ་མི་ཐུབ། སྒྱུ་མ་མཁན་གྱི་སྐྲ་ལོ་དང་ཁ་སྤུ་ཡོངས་སུ་གཟེངས། དེ་ནི་གཡག་རྒོད་ཀྱི་རྩིད་པ་དང་འདྲ་བར་གངས་ཁྲོད་དུ་ཡོམ་ཡོམ་འདར། སྙན་ངག་པ་ཞིག་གི་ཕུགས་བསམ་གྱི་གངས་འདབས་སུ། ལོ་རྒྱུས་ཐམས་ཅད་སྒྱུ་མའི་འཕྲུལ་བཞིན་གྲུབ་ཙམ་ཡལ་ཙམ་བྱེད། དུས་ནམ་ཞིག་གི་ཚེ།…
དུས་འགྱུར་རྩོམ་ཡོན་དང་བདག་གི་རྨི་ལམ།
ཨ་རིག་འགྱུར་མེད་ཀྱིས།
ཕྱི་ཟླ་ ༩ ཚེས་ ༡༢ གྱི་མཚན་མོར་ངས་མལ་ས་ནས་དུས་འགྱུར་དུས་དེབ་སྤྱིའི་འདོན་ཐེངས་གཉིས་པ་དེ་བཀླགས་ཤིང༌། རྒྱབ་ཤོག་ནང་ལོགས་ཀྱི་རྩོམ་སྐུལ་ཞིག་ཏུ་རྩོམ་ཡིག་འབྲི་མཁན་ཚོར་རྩོམ་ཡོན་ཞིག་འབུལ་རྒྱུ་ཡིན་སྐོར་བསྒྲགས་འདུག་ལ། རྒྱུ་མཚན་དེར་བརྟེན་ངས་ཀྱང་རྩོམ་ཡིག་ཅིག་འབྲི་རྒྱུར་སེམས་ཐག་བཅད།
དངོས་གནས་རེད། ང་ལ་རྩོམ་ཡོན་ཞིག་དགོས་ཀྱི་འདུག མ་ཟད་ངས་རང་ཉིད་ཀྱི་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་བྲིས་པའི་རྩོམ་ཡིག་དེ་དུས་འགྱུར་དུས་དེབ་ཐོག་བཀོད་དེ་ངས་དུས་འགྱུར་རྩོམ་སྒྲིག་ཁང་གིས་བསྐུར་ཡོང་བའི་རྩོམ་ཡོན་དེས་ཟས་ཞིམ་པོ་ཞིག་དང༌། ཆུ་གྲང་མོ་ཞིག་འཐུང་སྤྱད་བྱེད་ན་འདོད། གལ་སྲིད་བྱུང་ན་གྲོགས་པོ་འགའ་སྐད་བཏང་ནས་སྟབས་བདེའི་དགོང་ཟས་ཤིག་ཀྱང་མཉམ་དུ་འཐུང་ན་འདོད། འདི་ལྟར་ང་རྩོམ་ཡོན་ལེན་སའི་དུས་དེབ་དང་རྩོམ་ཡོན་ལེན་སའི་ཚགས་ཤོག་རྩོམ་སྒྲིག་ཁང་མང་བོ་ཞིག་གི་སྒོ་འགྲམ་ཉུལ་ནས་རང་ཉིད་ཀྱི་རྩོམ་ཡིག་བཙོང་དུ་འགྲོ་ན་འདོད། ནམ་ཞིག་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ཡན་གྱིས་བོད་ཀྱི་སྐད་ཡིག་སྟེང་ཡོད་པའི་ཚགས་ཤོག་དང་དུས་དེབ་འདྲ་མིན་བཀླག་ཐུབ་པར་འགྱུར་ཞིང༌། དུས་དེབ་རྩོམ་སྒྲིག་ཁང་དང་ཚགས་ཤོག་རྩོམ་སྒྲིག་ཁང་ཚང་མས་རང་ཁ་སོས་ཤིང༌། གཞན་གྱིས་བསྐུར་ཡོང་བའི་རྩོམ་ཡིག་ལ་རྩོམ་ཡོན་ཚད་ངེས་ཅན་རེ་སྤྲོད་ཐུབ་པར་འགྱུར་བ་དང༌། རྩོམ་པ་པོ་མང་བོ་ཞིག་རྩོམ་ཡོན་ལ་བསྟེན་ཏེ་རང་ཁ་གསོ་ཐུབ་པ་དང༌། རྩོམ་ཡོན་ལ་བསྟེན་ཏེ་ཆེད་ལས་རྩོམ་པ་པོ་ཞིག་བྱ་ཐུབ་ཚེ། སྐབས་དེ་དུས་ངས་དམིགས་འདུན་འགྲུབ་སོང་བ་ཡིན། སྐབས་དེ་དུས་ང་ཡང་དངོས་གནས་ཉིན་མཚན་འགར་རྩོམ་ཡིག་གཅིག་ལ་ཤི་འཐམ་རོ་འཐམ་བྱས་ཏེ་ཞིབ་ཚགས་དང་རྒྱས་འབྲི། སྒྱུ་རྩལ་གྱི་ཕྱོགས་སུ་འབད་ངེས་ལ། མདུན་སྐྱོད་ཀྱི་གོམ་པ་ཧ་ཅང་ཧ་ཅང་གི་བརྟན་པོ་ཞིག་སྤོ་རྒྱུར་ཐེ་མི་ཚོམ།
ལུག་རྫིའི་སྙན་ངག
བདག་ནི་ལོ་ན་ཉི་ཤུར་བསླེབས་པའི་གཡང་དཀར་རྫི་བོ་གཞོན་ནུ་སྟེ། ། གཉིས་འཐུང་མཆེ་བ་གཏུབས་པའི་རྗེས་འགྲོ་ཟླ་ཤེལ་ཁ་བའི་རི་ཚོམ་དང་། ། རྐང་འཐུང་ཡལ་ཀ་བསྣོལ་མར་འཁྲིགས་པའི་ལྗང་མདོག་རི་བོའི་གདགས་སྲིབ་དང་། ། འཇའ་ཚོན་མེ་ཏོག་ཚོམ་བུར་བཀྲ་བའི་མརྒད་སྤང་ཐང་ཡངས་པོའི་གཞིར། ། ཨེ་ཊ་ཀ་ཡི་ཁྱུ་དང་ལྷན་ཅིག་ལོ་ཟླའི་ཕྲེང་བ་སོར་མོས་བགྲངས། ། ཉིན་ཞིག་ཆགས་ལྡན་སྔོ་བསང་གཡེམ་མས་མཚམས་སྤྲིན་དམར་པོའི་གོས་དོར་ནས། ། དགུ་ཚིགས་དོ་ཤལ་མགུལ་བར་དཔྱངས་ཤིང་སྐར་ཚོགས་སྟོང་གི་རྒྱན་སྤྲས་ཏེ། ། བཅུ་དྲུག་ལང་ཚོའི་དཀྱིལ་འཁོར་རྫོགས་པའི་མཛེས་སྡུག་ཟླ་བ་གཞོན་ནུ་དེར། ། ཡིད་འོང་ཞལ་གྱི་གནམ་རུའི་རྒྱུད་ལས་ཟུར་མིག་ཉག་ཕྲན་འཕེན་པའི་དུས། ། བདག་གིས་གཡང་དཀར་ཁྱུ་ཡི་འགྲམ་ནས་རྨི་ལམ་དགའ་མའི་འགྲམ་ཆང་འཐུངས། ། གློ་བུར་གནམ་ལྕགས་ཐོག་གི་སྒྲ་ཡིས་རྨི་ལམ་གྲོང་ཁྱེར་རྨག་མེད་བཅོམས། ། མགོ་བོ་དགྱེ་ནས་མཁའ་ལ་ལྟ་དུས་སྤྲིན་སྔོན་འཁྲིགས་པའི་ལྡིང་ཁང་ནས། ། གློག་ཞགས་དམར་པོ་ས་རུ་འཁྱུག་ཅིང་སྦྲང་ཆར་ཟིལ་མ་འཇོ་བར་རྩོམ། ། དུས་དེར་ཡིད་ལ་གཅེས་ནོར་འཁོར་ནས་མིག་ཞགས་འཛིན་མའི་གཞིར་འཕངས་ཚེ། ། ཀྱི་ཧུད་བདག་གི་གཡང་དཀར་ལུག་ཁྱུ་འདི་རུ་ནམ་མཁའི་པད་མོ་བཞིན། ། ཀུན་རྟོག་ཡིད་ཀྱི་ཆུ་གཏེར་ངོས་སུ་འཚབ་འཚུབ་རྦ་རླབས་འཕྱུར་བཞིན་དུ། ། དཀར་འཇམ་བལ་གྱི་འུར་ཆ་བཟུང་ནས་གང་སར་ལུག་ཁྱུའི་རྨིག་རྗེས་བཙལ། ། སྐབས་དེར་ཟླ་གཞོན་བཞུས་པའི་ཆབ་རྒྱུན་ཆར་བར་བསྡོངས་ནས་འཇོ་བ་ན། ། བདག་གི་གོས་སྟན་གཉིས་གོ་ཆོད་པའི་ཕྱིང་དཀར་ལྭ་བའི་སྤུ་རྩེ་ནས། ། དྭངས་གཙང་ཆུ་ཐིགས་དལ་བ་དལ་བུར་ལྷམ་མེད་རྐང་བའི་ཡོལ་གོར་འབབ། ། ས་འཛིན་མཐོན་པོའི་ཉིན་སྲིབ་ཀུན་ནས་ལུག་ཁྱུའི་རྗེས་ཙམ་མ་རྙེད་པས། ། རྔུལ་ཆུའི་དོག་པ་ལག་པས་འབྱིད་བཞིན་དར་ཅིག་ངལ་དུབ་གསོ་བའི་དུས། ། མཐོན་མཐིིང་མཁའ་རུ་ཚོམ་བུར་བཀྲ་བའི་སྐར་ཚོགས་ལུག་གི་ཁྱུར་འཁྲུལ་ནས། ། དགའ་བ་འབུམ་གྱིས་རབ་ཏུ་མྱོས་ཏེ་འུར་རྡོ་མཁའ་རུ་འཕངས་པའི་ཚེ། ། སྨིན་དྲུག་ཁྲ་མོས་རྫི་བོ་ཁྱོད་ནི་ཤིོན་ཏུ་གླེན་ཞེས་ཁྲེལ་དགོད་བྱེད། ། གཡང་དཀར་ལུག་ཁྱུའི་འབའ་སྒྲ་སྙན་མོ་རྣ་བར་ལྷུང་ལ་སྙིང་ནས་རེ། ། དབུགས་ཐེངས་གཅིག་གིས་སྔོ་མེར་འཁྱིལ་བའི་ཁྲི་གཤོག་རྒྱལ་མོའི་འགྲམ་དུ་བསླེབས། ། ཕར་ལ་བལྟས་ཚེ་ཡ་མཚན་མིན་ནམ་ང་ཡིས་བཙལ་བའི་ལྟོ་འཕྱང་ཁྱུ།…
འཆམ་འཆམ་ལས་བཏུས་པའི་སྙན་ངག
ཀླུ་སྨྱོན། མུན་ནག་གི་འཇིག་རྟེན་ལ་ལང་ཚོ་སྣོན་པའི་སྐར་ཚོགས་དལ་བུར་འཕྱོ་བའི་མཚན་མོ་དེར། བདག་གཅིག་བུས་ཀེང་རུས་ལྟ་བུའི་ལུས་པོ་འཁྱར་འཁྱོར་ངང་དཀར་ལྷོག་ལྷོག་ཏུ་འཕྱུར་བའི་སྨུག་སྤྲིན་བརྒལ་ནས་རྒྱང་རིང་གི་རི་གྲོང་ཞིག་ཏུ་བསྐྱོད། འཇམ་སྙན་རོལ་དབྱངས་ཀྱི་འགྱུར་ཁུག་ལྟ་བུའི་དུང་ཞེན་གྱི་ལོ་འདབ་ལ་བྲིས་པའི་ཁེར་རྐྱང་གི་སྐྱོ་གདུང་དུམ་བུ། གློག་གཞུའི་འོད་སྣང་སྐྱ་བོའི་ཁྲོད་དུ་འཕུར་བའི་སྨྲེ་སྔགས་དང་མིག་ཆུའི་མངར་སྐྱུར་དང་འདྲེས་ཏེ་ཆར་ཟིམ་དལ་བུར་འཐོར་བའི་སྤྲིན་གསེབ་ཏུ་རྒྱུ། ཆར་སྤྲིན་གྱི་ལྟེབས་གཉེར་བར་ནས་གློག་ཞགས་ཀྱིས་མཚན་ལྗོངས་ལ་ཚེ་སྲོག་གི་དྲན་ཤིང་འཇོག་དུས། དྭངས་ཤིང་གཙང་བའི་གཏམ་རྒྱུད་ཅིག་བདག་གི་སྙིང་དམར་པོའི་སྒོ་གླེགས་བར་ནས་དུང་ཟླ་དཀར་པོའི་ལང་ཚོ་ཇི་བཞིན་འཛུམ་ཡོང་། ཆུ་ཐིགས་དང་ལོ་འདབ་ཀྱི་སྙིང་གཏམ་ལ་རྫོགས་ཚིག་འགོད་ཐབས་བྲལ་བའི་ལྗོན་ཤིང་གི་ཡལ་གར་བསྙེས་པའི་སྙན་ངག་པ་ཀྱེ། ས་མཐའི་གཉེན་ཉེ་ཡི་འཕྲིན་ཡིག་དང་ཁ་བ་མཉམ་དུ་འབབ་མི་སྲིད་པ་ནི། ཁྱོད་ལ་བཞག་པའི་སྐྱོ་གར་དེའི་མཇུག་མཐའི་རོལ་དབྱངས་ཐེངས་ཤིག་མ་ཡིན་ནམ། བརྩེ་དུང་དང་རེ་འདུན་བསྲེགས་པའི་མེ་ལྕེ་ནི་མཁའ་མཐའི་ཉི་མ་དམར་པོ་དེ་ལགས་པས། ཕ་སའི་སྦྲ་ནག་གི་ཆོན་ཐག་ལ་བརྒྱུས་པའི་བཅོ་ལྔའི་དུང་ཟླ་བགྲང་ལས་འདས་པའི་ཕམ་ཁའི་སྡུག་ཡུས་དེ་འདི་རུ་གྱེར་བས་ཅི་ཕན། དུང་ཟླ་ཟླུམ་པོ་དེར་ནང་ཡང་ལྷིང་འཇགས་དཀྲོག་པའི་སྙིང་གྲོགས་ཤིག་ཡོད་པའི་གཏམ་རྒྱུད་མང་མོད། འོད་དཀར་གྱི་གཟེགས་མས་ནམ་རྒྱུན་ཁེར་རྐྱང་གི་སྙན་ངག་པའི་མིག་མཐའ་བརླན་དོན་ཅི། ཕ་སའི་རྩྭ་ཐང་གི་གཡང་དཀར་ལུག་ཁྱུའི་འབའ་དབྱངས་སྙན་མོ། ལྷོ་མཐའི་མཚན་ལྗོངས་ཀྱི་མུན་པར་བསྟིམས་པའི་དྲན་གདུང་གི་མིག་ཆུར་འདྲེས་མོད། རེ་སྒུག་གི་སྐར་ཆེན་དེ་བདག་ཡིད་ཀྱི་མཁའ་མཐའ་ནས་དལ་བུར་མོག་པོར་གྱུར་པ་འདི་སུ་ཞིག་གིས་ཀྱང་བཟོད་མི་ཐུབ་པའི་ལས་སྐལ་གྱི་ལྷ་ཆེན་དེའི་ཀུ་རེ་ཐེངས་ཤིག་མ་ཡིན་ནམ། ལྗོན་གསེབ་ནས་བཏུས་པའི་ཟླ་འོད་སྤར་གང་སྙིང་གར་སྦྱར་དུས། ཐོབ་ཤོར་ལ་བརྒྱུས་པའི་སྐྱོ་གདུང་གི་རྨ་ཁ་རིང་མོ་དེ་ཚེ་གང་གི་དྲན་རྟེན་དུ་ལུས་སོང་། ཨ་ཨ། བརྩེ་ཞེན་དང་འཛུམ་དཀར་གྱིས་བཟི་བའི་ཁྲུང་ཁྲུང་དཀར་མོ་ཡ། ཁྱེད་རང་རོལ་དབྱངས་དང་གླུ་སྒྲ་མེད་པར་ཕེབས་བྱུང་ཨང་། བདག་ཡིད་ཀྱི་ལྷིང་འཇགས་ཐལ་བར་བསྲེགས་ནས་ཁྱེད་རང་ནམ་ཞིག་འཕུར་ཚར་བ་ཡང་བདག་གིས་རྟོགས་མ་བྱུང་། ཀྱེ་མ། ཡོད་ཚད་འཁྲུལ་སྣང་དང་ཀུ་རེའི་བར་ནས་མཇུག་རྫོགས་དགོས་པ་འདིས། ཚེ་སྲོག་དང་སྙན་ངག་གི་དུར་རྡོ་ཡང་སྐྱར་བསླངས་བྱུང་། ས་མཐའི་བཅོས་འཛུམ་གྱི་གསང་བ་ཤོར་བའི་ས་སྲོད་ཅིག་ལ། སྨུག་ལོང་དང་ཉི་ཟེར་གྱིས་དེད་པའི་ངང་བ་སེར་བོ་ཁྱུ་ཞིག་གི་ལས་དབང་ལས། ངས་ཡུན་རིང་བོར་བའི་རང་ཉིད་རྙེད། རྒྱང་རིང་ལ་འཚེར་བའི་སྐར་ཚོགས་གྲངས་མེད། ཉེ་འགྲམ་ན་འབར་བའི་གློག་འོད་རབ་རིབ། སུས་ཀྱང་མག་མོག་གི་མཚན་ལྗོངས་འདིར་ཚེ་སྲོག་གི་སྟེར་ཐུབ་མོད། དབུགས་རིང་དང་འགྲོག་པའི་གཏམ་རྒྱུད་ཁེར་རྐྱང་ཞིག་ལ་སུ་ཡིས་ཐེ་གཏོགས་བྱེད། ལྷོ་ཕྱོགས་ཀྱི་མཛེས་སྡུག་ལ་བསྙེགས་པའི་ཁྲུང་ཁྲུང་དང་སྤྲིན་པ། ཆར་རྗེས་ཀྱི་འཇའ་ཚོན་ཟླུམ་པོའི་བསླུ་བྲིད་ལ་དུང་བའི་མི་རིགས་ཤིག་གི་གཏམ་རྒྱུད་སྐྱུར་མོ། སྙན་ངག་པའི་སེམས་གཏིང་ནས་འབར་བའི་སྒྱུ་རྩལ་གྱི་མེ་ལྕེ་དམར་པོ། ཡོད་ཚད་ལྷིང་འཇགས་ཀྱི་ཁོར་ཡུག་དང་གྱེས་ཏེ་གནམ་སའི་མཐའ་རུ་འཕུར། ལེ་དབར་ཁྲི་ཕྲག་གི་སྣེ་རུ་ལུས་པའི་ཕ་ཡུལ་དྲན་པའི་གྲྭ་རྐྱང་འཁྱམ་པོ། ལོ་ཟླའི་ཤོག་ངོས་སུ་ཕབ་པའི་མཉེས་གཤིན་གྱི་ཚོན་རིས་ལྗང་ཁུ། མིག་ཞགས་མཁའ་མཐར་ལྷུང་བའི་ན་ཆུང་གི་རྫི་གླུའི་གསང་བ། ཡོད་ཚད་བརྗེད་ངེས་ཀྱི་ཡོལ་བས་བཏུམས་པའི་ལོ་རྒྱུས་ཀྱི་སྐྱོ་གར་རིང་མོ། ཨ་ཨ། གངས་འདབས་ནས་གངས་འདབས་སུ་འཕུར་བའི་ཨ་ལན་མེད་པའི་གངས་སེང་གི་ངར་སྐད་རེ་རེ། རྫ་སུལ་ནས་རྫ་སུལ་དུ་བརྐོས་པའི་བདག་པོ་མེད་པའི་འབྲོང་རྒོད་ཀྱི་རྨིག་རྗེས་གོར་མོ། སྦྲ་ནག་ནས་སྦྲ་ནག་ཏུ་བརྒྱུད་པའི་རིན་ཐང་མེད་པའི་ཡིག་དྲུག་གི་འགྱུར་ཁུག་རིང་མོ། བྱང་ཐང་ནས་བྱང་ཐང་དུ་བབས་པའི་ཞུ་རྒྱུ་མེད་པའི་གངས་དཀར་གྱི་འདབ་མ་འབུམ་ཕྲག འདི་དག་ཐམས་ཅད་ངེད་ཅག་གི་མེས་པོའི་ཇག་ལམ་ནས་བརྡོལ་བའི་གཏམ་རྒྱུད་ཀྱི་ཤོག་ངོས་སུ་བབས་པའི་ས་རྡུལ་བན་བུན། རྒྱ་གར་ལྷོ་ཕྱོགས་ཀྱི་གཟའ་ཟླ་བའི་དགོང་མོ་ཞིག་ལ་ང་རང་འབྲས་སྐྱ་ཕོར་བ་གང་ཟོས་རྗེས་འཁྱར་འཁྱོར་གྱི་གོམ་པ་སྤོས་ཏེ་ཕྱི་རོལ་ལ་འཆམ་འཆམ་དུ་བསྐྱོད་པའི་སྐྱོ་སྣང་དམ་དུམ་ཞིག་ཕྱིར་མལ་ཁང་དུ་ལོག་རྗེས་ཡི་གེར་ཕབ་བོ།།
བོད་པའི་ཟིང་འཁྲུག་ཐག་གཅོད་ཐབས་ཀྱི་དབུ་མའི་ལམ་འཁྲུལ་མེད་ཅིག
བང་ལི་ཞུང་། ( དབྱིན་ཡིག)
མང་རའི་གངས་ཐིགས་ཀྱིས་བསྒྱུར། ཝཱཎ་མཐོ་སློབ།
(སྒྱུར་མཁན་གྱི་མཆན། ཕྲན་གྱིས་སྐུ་ཞབས་བང་ལི་ཞུང་གིས་བོད་དོན་ཐོག་ལ་འཛིན་པའི་ཆབ་སྲིད་ཀྱི་ལྟ་བ་ངོ་མ་དེ་ྐློག་པ་པོ་ཚོར་སྟོན་པའི་ཆེད་དུ་བསྒྱུར་བ་ཡིན་པ་ལས་དམིགས་ཡུལ་གཞན་ཅི་ཡང་མེད། ྐློག་པ་པོ་ཚོས་ཁོང་གི་བོད་འབྲེལ་གྱི་ཆབ་སྲིད་རྩོམ་ཡིག་སྤྱི་ལ་བགྲོད་གླེང་གནང་རོགས་ཞུ།)
ན་གཞོན་ཞིག་ཡིན་དུས་ང་དེ་སྔ་རྒྱ་ནག་གི་བྱང་ཤར་གྱི་གྲོང་གསེབ་དུ་”སློབ་གསོ་བསྐྱར་གཏོང”་བྱ་བར་བཏང་བྱུང་། ཉིན་ཞིག་ངས་ཤིང་རྟ་འཁོར་ལོ་ཞིག་དེད་དེ་ཀུང་ཧྲེ་ནང་ལ་རོགས་སྐྱོར་བཟའ་ཆས་ལེན་པར་སོང་བ་ཡིན། བཟའ་ཆས་དོ་དམ་ལས་ཁུངས་ནང་དུ་”གསར་འགྱུར་སྙིང་སྡུས་ News Digest ཚགས་པར་ཕྱོཊ་བསྡུ་ཤག་པ་ཞིག་མཐོང་བ་དང་ངས་འཕྲལ་དུ་པར་ལོག་ཅིག་ལ་སྤར་འཇུ་བརྒྱབ་སྟེ་བྐླགས་པ་ཡིན། འདི་ནི་དེ་སྔ་ཕྱི་གླིང་གི་གནས་ཚུལ་བཀོད་ཡོད་པའི་ཚགས་པར་གཅིག་པུ་དེ་ཡིན། དེའི་གསར་འགྱུར་དག་ནི་ཆབ་སྲིད་བསམ་བློའི་འཛིན་སྟངས་སྐོར་ལ་ཡིན་ནའང་། དེ་ཉུང་མཐར་སྐབས་དེའི་དམར་ཕྱོགས་ཚོགས་པའི་ཚགས་པར་དག་གི་ཚད་གཞི་དག་ལས་མ་འདྲ་བ་ཡོད། གསར་འགྱུར་དག་གི་ཁྲོད་དུ་གཅིག་ནི་དེ་སྔ་ཕྱི་རྒྱལ་གནས་ཚུལ་མཁོ་གཏོང་བ་ཞིག་གིས་༸ཏཱ་ལའི་བླ་མ་ལ་བཅར་འདྲི་བྱས་པ་ཞིག་རེད། ངས་རྩོམ་ཡིག་དེའི་ཞིབ་ཕྲའི་བརྗོད་བྱ་དྲན་པ་བརྗེད་འདུག་མོད། འོན་ཀྱང་ངའི་དྲན་འཛིན་གྱི་ཡོལ་བའི་ངོས་སུ་ད་དུང་འང་སྐམ་ཞིང་རིང་པའི་གཞོན་ནུ་ཞིག་གི་གཟུགས་བརྙན་ཞིག་ལྷག་འདུག་པ་ནི་རྒྱ་ནག་གི་ཚད་མེད་སྐྱོན་བརྗོད་འོག་ཁེར་རྐྱང་ངང་བཙན་བྱོལ་དུ་བཞུགས་འདུག་པའི་༸ཏཱ་ལའི་བླ་མ་མཆོག་རེད། ངས་ཁོང་གི་སྐོར་ལ་སྔོན་ཆད་གོ་མྱོང་ཡོད། ཡིན་ཡང་། དམར་ཕྱོགས་ཚོཊ་པའི་རྩོམ་རིག་ནང་”ཏཱ་ལའི་”ཞེས་པ་འདི་ནི་དེ་སྔ་བོད་ཀྱི་མུན་ནག་གི་ལོ་ཟླ་དག་གི་དོན་གཅིག་མིང་གི་རྣམ་གྲངས་ཀྱི་མིང་ཚིག་ཙམ་ཞིག་ཡིན། རྩོམ་ཡིག་འདི་ངའི་ཡིད་ལ་འཁོར་བའི་རྒྱུ་མཚན་ནི་དེས་བོད་ཀྱི་རྩ་དོན་ཐོག་ལ་བསམ་ཚུལ་རྒྱས་པ་གང་རུང་ཞིག་བཀོད་ཡོད་པའི་རྐྱེན་མ་རེད། དེ་ལས་ལྡོག་སྟེ་དེས་གལ་གནད་མེད་པ་ཞིག་ལ་ཞིབ་ཕྲ་བཀོད་འདུག་པ་དེ་རེད། ངས་དེ་སྔ་རྩོམ་ཡིག་དེ་ྐློག་བཞིན་པའི་སྐབས་དེར་བཟའ་ཆས་དོ་དམ་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་གིས་ངའི་ལག་ནས་ཚཊ་པར་དེ་བཙན་ཤུཊ་ཀྱིས་འཕྲོག་པ་དང་དེ་ནི་”མཐོ་རིམ་དཔོན་རིགས་ཚོ”གཅིག་པུས་ྐློག་ཆོག་པའི་”ནང་ཁུལ་འགྲེམས་སྤེལ”ཞིག་ཡིན་སྐོར་ཁོང་ཉིད་གལ་ཆེ་མདོག་གིས་བརྗོད་བྱུང་། ཉིན་ཞིག་ལ་རྐེད་ལ་ཐག་པས་སྐེད་རགས་བཅངས་ཤིང་ལག་ལ་རྟ་ལྕགས་ཤིག་དམ་པོར་བཟུང་བའི་བསམ་མེད་བུ་ཆུང་”མཐོ་རིམ་དཔོན་རིགས་”མིན་པ་ཞིག་ཉིན་ཞིག་༸ཏཱ་ལའི་བླ་མ་མཆོག་དང་གདོང་དང་གདོང་གཏུགས་ཏེ་མཇལ་འཕྲད་གནང་ཐུབ་པ་ཞིག་ཁོང་དང་ངེད་གཉིས་སུས་ཀྱང་ཚོད་དཔག་གནང་ཐུབ་མེད་པ་རེད།
དེ་ལས་མང་བ་། “བོད་པའི་ཟིང་འཁྲུག་ཐག་གཅོད་ཐབས་ཀྱི་དབུ་མའི་ལམ་འཁྲུལ་མེད་ཅིག” »
༄༅།།ཏུའུ་ཆིང་ལིན་གྱིས་ཏཱ་ལའི་བླ་མ་སྒེར་གྱི་འཐུས་མི་འཁོར་དང་བཅས་པར་མཇལ་འཕྲད་གནང་བ།
གསར་འགྱུར་འདི་གཤམ་གྱི་རྒྱ་གཞུང་གི་དྲ་གྱའི་ཐོག་ནས་ཕབ་པ་ཡིན། http://tb.tibet.cn/news/xz_news/ttxw/200811/t20081107_437194.htm ཉེ་ལམ་པེ་ཅིང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཏུའུ་ཆིང་ལིན་གྱིས་ཏཱ་ལའི་བླ་མའི་མི་སྒེར་གྱི་འཐུས་མི་རྒྱ་རི་བློ་གྲོས་དང་སྐལ་བཟང་རྒྱལ་མཚན་འཁོར་དང་བཅས་པར་མཇལ་འཕྲད་གནང་བ་རེད། ཏུའུ་ཆིང་ལིན་གྱིས་རྒྱ་རི་བློ་གྲོས་འཁོར་དང་བཅས་པར་པེ་ཅིང་གི་ཨའོ་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྟེང་དུ་གྲུབ་འབྲས་ཆེན་པོ་བླངས་པ་དང་། འཕུར་གྲུ་ཨང་བདུན་པ་ཞེས་པར་མི་བསྡད་ནས་མཁའ་དབྱིངས་སུ་བསྐྱོད་པ་བདེ་བླག་ངང་ལེགས་འགྲུབ་བྱུང་བའི་གནས་ཚུལ་སྐོར་ངོ་སྤྲོད་གནང་ཞིང་། དེང་སྐབས་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་གནས་ཚུལ་སྐོར་དང་། དེ་མིན་བོད་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་དང་ཤིན་ཏུ་མཐོང་དཀོན་པའི་གངས་སྐྱོན་འགོག་སེལ་བྱས་ཚུལ་སོགས་ངོ་སྤྲོད་གནང་བ་རེད། ཁོང་གིས་འདི་སྐད་དུ། ང་ཚོ་དཀའ་ངལ་དང་ཚོད་བགམ་སྣ་ཚོགས་ལས་རྒྱལ་ཐུབ་པ་དང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གསར་པ་བླངས་ཡོད་པ་མཐའ་དག་གི་རྩ་བའི་རྒྱུ་རྐྱེན་ནི། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་པས་ཡིན་ལ། ཀྲུང་གོ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བ་ནི་ནམ་ཡང་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཡིན་པ་དང་། བོད་ལྗོངས་ཉིད་མེས་རྒྱལ་གྱི་ཁྱིམ་གཞི་ཆེན་མོའི་ནང་དུ་དར་རྒྱས་ཆེན་པོ་འགྲོ་བཞིན་པ་ནི་ཀུན་གྱི་མིག་གིས་མཐོང་ཚོད་དུ་གྱུར་པའི་དོན་དངོས་ངོ་མ་རེད་ཅེས་གསུངས་པ་རེད། ཏུའུ་ཆིང་ལིན་གྱིས་འདི་སྐད་དུ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་བཅས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་ཁ་གསལ་བའི་སྒོ་ནས་གཏན་འབེབས་གནང་ཡོད་ལ། བོད་ལྗོངས་ཀྱི་ཆེས་ཆེ་བའི་ཆབ་སྲིད་དངོས་དོན་ཞིག་ཀྱང་ཡིན། “རྒྱུན་འཁྱོངས་བྱེད་པ་གསུམ”ཞེས་བྱ་བ་ཁས་མི་ལེན་ཞིང་རྩ་ཁྲིམས་དང་རྩ་ཁྲིམས་ལས་འགལ་བའི་བྱ་སྤྱོད་མཐའ་དག་ནི་གཏན་ནས་མི་ཆོག “རྒྱུན་འཁྱོངས་བྱེད་པ་གསུམ”ཞེས་བྱ་བ་དེ་ནམ་ཡང་འགྱུར་བ་མེད་པ་དང་། སྔར་བཞིན་ལག་བསྟར་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། ཏུའུ་ཆིང་ལིན་གྱིས་འདི་སྐད་དུ། རྩ་འཛུགས་གང་དང་མི་སྒེར་གང་རུང་ཞིག་ཡིན་རུང་ངེས་པར་དུ་རྩ་ཁྲིམས་གཞི་རྩར་བཟུང་ནས་བྱེད་སྒོ་སྤེལ་བ་དང་། རྩ་ཁྲིམས་ཀྱི་ཟིལ་ཤུགས་སྲུང་ཅི་ཐུབ་བྱས་ནས། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཞེས་པ་ལག་བསྟར་བྱས་ནས་ངེས་པར་དུ་རྒྱལ་ཁབ་ཀྱི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་དེ་ཡོད་ཚད་ལས་མཐོ་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། མཐའ་གཅིག་ཏུ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། མི་རིགས་ས་ཁོངས་རང་སྐྱོང་བཅས་ལ་བརྩི་སྲུང་བྱེད་པ་ནི། རང་རྒྱལ་གྱི་སྣ་གཅིག་པའི་ལམ་ལུགས་ཀྱི་རྒྱལ་ཁབ་སྒྲིག་གཞིའི་རྣམ་པ་བྱེ་བྲག་གིས་མཚོན་པ་ཞིག་ཡིན་པ་དང་། རྒྱལ་ཁབ་ཁ་ཤས་ཤིག་གིས་ལག་བསྟར་བྱེད་བཞིན་པའི་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་དང་རྒྱལ་ཁག་མཉམ་འབྲེལ་ལམ་ལུགས་དང་མི་མཐུན་ལ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནི་རང་རྒྱལ་གྱི་མི་རིགས་གནད་དོན་སྐོར་ཐག་གཅོད་བྱེད་པའི་རྩ་བའི་སྲིད་ཇུས་ཡིན་པ་དང་། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཀྱང་ཡིན། རྒྱལ་ཁབ་ཀྱིས་ཞང་ཀང་དང་ཨའོ་མོན་གཉིས་ལ་ལག་བསྟར་བྱེད་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞེས་པ་དང་མི་འདྲ་བ་ཡིན། མི་རིགས་ས་ཁོངས་རང་སྐྱོང་ནི་མི་རིགས་རང་སྐྱོང་དང་ས་ཁོངས་རང་སྐྱོང་ཟུང་འབྲེལ་དམ་ཚགས་བྱེད་པ་ཡིན་ཞིང་། “ངེས་པ་དོན་གྱི་མི་རིགས་རང་སྐྱོང”ཞེས་པའི་དར་ཆ་འཁྱེར་ནས་མི་རིགས་ཁ་བྲལ་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་ལས་དོན་གཏན་ནས་སྤེལ་མི་ཆོག་ཅེས་གསུངས་པ་རེད། ཏུའུ་ཆིང་ལིན་གྱིས་འདི་སྐད་དུ། མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་འཐུས་ཚང་དུ་གཏོང་བའི་རྩ་དོན་ཀྱི་གནད་དོན་འདིའི་སྟེང་། དུས་ནམ་ཞིག་དང་གནས་ཚུལ་གང་རུང་ཞིག་གི་འོག་ཏུའང། འགྱུར་བ་དང་ཡོ་གཟིར་སྤུ་ཙམ་ཡང་མེད་པ་ཡིན་ལ། བོད་ལྗོངས་རང་བཙན་བྱས་མི་ཆོག་ལ་རང་བཙན་ཕྱེད་ཙམ་ཡང་བྱས་མི་ཆོག རྣམ་པ་འགྱུར་བའི་རང་བཙན་ཀྱང་མི་ཆོག་པ་ཡིན། ཏཱ་ལའི་བླ་མས་ངེས་པར་དུ་ལོ་རྒྱུས་ལ་བརྩི་བཀུར་བྱེད་དགོས་པ་དང་། དངོས་དོན་གནས་ཚུལ་ལ་དོ་སྣང་བྱེད་པ། དུས་རབས་དང་བསྟུན་ནས་རང་ཉིད་ཀྱི་ཆབ་སྲིད་འདོད་བློ་རྦད་དེ་བཅོས་སྒྱུར་བྱེད་པ་དང་། དྲག་ཤུལ་སྤྱོད་པའི་ཚུལ་གྱིས་བྱས་ཉེས་གསོག་པའི་བྱེད་སྒོ་དང་། ལྐོག་ཇུས་ལྡན་པའི“བོད་རང་བཙན།” མེས་རྒྱལ་ཁ་བྲལ་དུ་གཏོང་བའི་འདོད་བློ་དང་བྱེད་སྒོ་མཐའ་དག་ལ་ངེས་པ་དོན་གྱིས་རྒྱབ་སྐྱོར་མི་བྱེད་པ། ད་ལོའི་ཟླ༧པའི་ནང་པེ་ཅིང་དུ་གྲོས་མོལ་གནང་སྐབས་བཏོན་པའི་དམ་བཅའ་ལག་ཏུ་བསྟར་ནས་གྲོས་མོལ་གོང་འཕེལ་ཡོང་བར་ཕན་འབྲས་ལྡན་པའི་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་དགོས་ཞེས་ཏན་ཏན་ཏིག་ཏིག་གིས་གསུངས་པ་རེད། ཏུའུ་ཆིང་ལིན་གྱིས་འདི་སྐད་དུ། ཀྲུང་དབྱང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་ནི་ཐོག་མཐའ་བར་གསུམ་དུ་གཅིག་མཚུངས་ཡིན་ལ། གླེང་མོལ་བྱེད་པའི་སྒོ་ཆེན་ནམ་ཡང་ཕྱེས་ཡོད། ད་ལོའི་ཚུན་ལ་རྡུང་བཅོམ་འཕྲོགས་བསྲེག་གི་དྲག་ཤུལ་སྤྱོད་པའི་ཚུལ་གྱིས་བྱས་ཉེས་བསགས་པའི་བྱེད་སྒོ་སྤེལ་ནའང་ང་ཚོས་སྔར་བཞིན་སྔ་ཕྱི་ཐེངས་གསུམ་ལ་ཏཱ་ལའི་བླ་མ་མི་སྒེར་གྱི་འཐུས་མི་ཕྱིར་རང་རྒྱལ་དུ་ལོག་ནས་གྲོས་མོལ་གནང་བར་བཀོད་སྒྲིག་གནང་བ་དེས། ཀྲུང་དབྱང་གི་ལྷག་བསམ་ཟོལ་མེད་དང་ཐུགས་སྐྱེད་ཡངས་པ་བཅས་མཚོན་ཡོད་པ་རེད། རེ་བ་ནི་ཏཱ་ལའི་བླ་མས་རྒྱལ་ཁབ་དང་མི་རིགས། ལོ་རྒྱུས། …
དེ་ལས་མང་བ་། “༄༅།།ཏུའུ་ཆིང་ལིན་གྱིས་ཏཱ་ལའི་བླ་མ་སྒེར་གྱི་འཐུས་མི་འཁོར་དང་བཅས་པར་མཇལ་འཕྲད་གནང་བ།” »
མཚན་མོ་རིང་དུ་རིང་དུ།
བདེ་ཆེན་སྒྲོལ་མ། མཚན་མོ་ནི་མཚན་མོ་ཡིན་པས། མཚན་མོ་ལ་རིང་ཐུང་ཞིག་གང་ནས་ཡོད། ཁ་བྱང་གི་གསང་བ། ཀ ཁ་སང་དེ་རིང༌། ཉི་མ་དང་རྡ་སའི་བར་ཐག་ཇེ་རིང་ཇེ་རིང་རེད། གཅིག་བྱས་ན་བདག་གི་བསམ་ཚུལ་ནོར་ཡོད་སྲིད། གནས་ལུགས་སྟོང་ཉིད་ཀྱི་མིག་ནང་ནས། མི་རིགས་དང་རྒྱལ་ཁབ་ག་ལེར་བོར་འགྲོ་དུས། མཚན་མོ་རིང་དུ་རིང་དུ། ལོ་དང་ཟླ་བར་འདྲེས་སོང༌། ཁ། སྐུ་ངོ་ཚོས། རྐང་པ་རྡ་ས་དང་མགོ་བོ་ཨ་རིར་བཞག་དུས་དང༌། འཇོན་པོ་ཚོས། དབྱངས་གསལ་སོ་བཞི་ཡི་ཞིང་སར་ABCDཡི་ས་བོན་འདེབས་དུས། མཚན་མོ་རིང་དུ་རིང་དུ། ལོ་དང་ཟླ་བར་འདྲེས་སོང༌། ག ས་འདི་ནས། མང་པོ་ཞིག་གིས་ཁ་མི་གྲགས་པ་དེ་ཡག་རྟགས་ཤིག་མ་རེད། ལྐུགས་པ་མིན་པའི་ཁ་མི་གྲགས་མཁན་དེ་ཚོ། དངོས་གནས་སྐྱག་པ་ལ་ཐུག་ན་སྐྱག་འབུ་དང༌། ལྕི་བ་ལ་ཐུག་ན་ལྕི་འབུ་རེད་འདུག མཚན་མོ་རིང་དུ་རིང་དུ། ལོ་དང་ཟླ་བར་འདྲེས་སོང༌། ང༌། མང་མང་གིས་ཟླ་འོད་ཀྱང་མི་མཐོང་བའི་མཚན་མོ། མི་སྐོར་ཞིག་གིས་ཟླ་བའི་ནང་གི་རི་བོང་གི་བཟོ་དབྱིབས་དང་མཛེས་སྡུག་གླེང་གིན་འདུག རྒད་པོ་ལོ་ལོན་དང་བྱིས་པ་བསམ་མེད་ཚོས། བླ་མའི་ཡོན་ཏན་ཟེར་བཞིན་ཐོད་པ་ས་ལ་བརྡབས་སོང༌། མཚན་མོ་རིང་དུ་རིང་དུ། ལོ་དང་ཟླ་བར་འདྲེས་སོང༌། ཅ། ཁ་སང་༧གོང་ས་མཆོག་གིས་གསུངས་པའི་བཀའ་སློབ་དེ། དེ་རིང་མི་དམངས་ཀྱི་མགོ་བོ་རྡུང་བྱེད་ཀྱི་ཐོ་བར་གྱུར་འདུག བཀའ་བློན་གྱི་རྐུབ་སྟེགས་མཐོ་དྲགས་པའི་སྒང་ལ། གདོང་ལ་འཛུམ་མདངས་ཀྱང་བཞི་ལྔ་བརྩེགས་རེ་གྱོན་པས། ལས་བྱེད་ཚོས་མི་ལོ་གསུམ་ལ་བཀའ་བློན་གྱི་བཞིན་རས་ངོ་མ་མཐོང་མ་མྱོང་ཟེར། མཚན་མོ་རིང་དུ་རིང་དུ། ལོ་དང་ཟླ་བར་འདྲེས་སོང༌། ཆ། དགེ་རྒན་མིན་པའི་དགེ་རྒན་མང་པོ། དགོན་པ་བརྒྱུད་ནས་སློབ་གྲར་སླེབས་སོང༌། ཁོང་ཚོས་དགོན་པ་ནས་མི་ཆོག་པ་སློབ་གྲས་ཀྱང་མི་ཆོག་ཟེར། མཚན་མོ་རིང་དུ་རིང་དུ། ལོ་དང་ཟླ་བར་འདྲེས་སོང༌། ཇ། ཁོ་མོས་འགྲོ་ཞོར་དུ་ང་ལ་འགྲམ་ལྕག་ཚ་བེར་བ་ཞིག་གཞུས་སོང༌། སྐད་ཆའི་འགྲམ་ལྕག་དེ་དངོས་གནས་སྙིང་ལ་གཟན་པ་ལའང༌། ཝེ། ཁྱོད་ཀྱིས་སྙུ་གུ་སྒུལ་ཤེས་པ་ལས་ཅི་ཞིག་ཤེས། ཙོང་དང་ཀྲུ་མ་ཀྲོ་གཏུབ་ཨེ་ཤེས་ཟེར། མཚན་མོ་རིང་དུ་རིང་དུ།…
བཀའ་སློབ།
དམིགས་བསལ་ཚོགས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། མི་རེ་རེས་རང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་རེ་བཟུང་ཞིང་། རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལས་སྣ་བཏོགས་སྣེ་བཏོགས་ཀྱིས་རང་ལ་གང་མཁོ་བ་ཁོ་ན་ལུང་འདྲེན་གྱིས་མི་རྣམས་དབུ་མའི་ལམ་ལས་གཞན་ཞིག་ལ་ཁ་བསྒྱུར་ཐབས་ལ་བེད་སྤྱོད་གཏོང་གི་འདུག་པས་ཁོང་གི་བཀའ་སློབ་འདི་ཚོར་ཡག་པོར་གཟིགས་རིགས་གནང་། དེ་ཡང་ཁོང་ནས། ་་ད་ཆ་འགག་ལ་ཐུག་པའི་སྐབས་འདིར་མི་མང་ལ་བསམ་འཆར་གང་ཞིག་ཡོད་པ་དེ་ལ། བསམ་བློ་བཏང་། གོ་བསྡུར་བྱས། དེ་ཡང་ཆབ་སྲིད་ཀྱི་ཕྱོགས་ཁག་སོ་སོའི་སྲིད་ཇུས་དང་ལྟ་བ་འཁུར་ནས་དེ་ཁོ་ན་སྒྲུབ་ཐབས་བྱེད་པ་ལྟ་བུ་དང་། ཆབ་སྲིད་ཀྱི་བསམ་བློ་འདྲ་མིན་བཤད་པ་དེ་འདྲ་མ་ཡིན་པར། ང་ཚོའི་རྩ་བའི་རྩ་དོན་གྱི་ཐོག་གང་དགའ་ཅི་ལེགས་ཀྱིས་གོ་བསྡུར་བྱེད་རྒྱུ་དེ་ཡིན་་་ ཞེས་གསལ་པོར་བཀའ་གནང་མི་འདུག་གམ། ད་རེས་ཚོགས་ཆེན་འདི་བོད་ཀྱི་རྩ་དོན་ཐོག་མི་མང་ལ་བསམ་ཚུལ་ཅི་ཡོད་དང་དེ་ཐོག་གྲོས་བསྡུར་བགྲོ་གླེང་ཞིག་ཡིན་པ་ལས་མཐའ་མའི་ཐག་ཆོད་དེ་འདྲ་གང་ཡང་མིན་པ་ཡང་ཁོང་ནས་གསལ་པོར་གསུངས་འདུག དེ་ཡང་ཁོང་ནས། ་་དེ་ལྟར་བཀའ་སྤྱི་གཉིས་ལ་ཞུས་ནས། གང་ལྟར་ང་ཚོར་འདིར་ཚོགས་ཆེན་འཚོག་རྒྱུའི་སྒང་ལ་བཞག་ཡོད། ད་ཐེངས་ཚོགས་ཆེན་འཚོགས་ཏེ་ལམ་སང་ཐག་གཅོད་བྱེད་ཐུབ་པ་ཡོང་གི་མ་རེད་སྙམ། གཙོ་བོ་མི་མང་ཚོས་ཁུར་བླངས། དོ་སྣང་བྱས། ངོ་མའི་ཁ་ཡོད་ལག་ཡོད་ཀྱི་ལས་དོན་གང་འདྲ་བྱས་ནས་བསྒྲུབ་དགོས་པ་དང་། བྱེད་ཐབས་གང་དང་གང་ཡོད་ཐད་ཚང་མས་ཕྱར་བ་གྲུ་འདེགས་དང་ཁུར་མཉམ་ལེན་གྱིས་འགྱངས་འཐེན་ཕུགས་གསུམ་གྱི་བསམ་བློ་བཏང་ནས་གོ་བསྡུར་བྱེད་དགོས། དངོས་གཞིའི་ཐག་གཅོད་ནི་དངོས་ཡོད་གནས་ཚུལ་ལ་ལྟ་གིན་ལྟ་གིན་བྱས་ནས་བྱེད་རྒྱུ་རེད་་ ཅེས་གསལ་ན། ད་རུང་དངོས་གཞིའི་ཐག་གཅོད་བྱེད་རྒྱུ་མིན་པ་རེད་ན་ཚང་མ་རི་བོང་ཅལ་འདྲོགས་མི་བྱེད་པར་ཞུ། མི་མང་ཕལ་བ་རྣམས་ཀྱི་བསམ་བློར་དབང་བསྒྱུར་ཐབས་མི་བྱེད་པར་ཞུ། གཞན་ལ་འདྲོགས་མི་སློང་བར་ཞུ། བསམ་ཚུལ་ཅི་ཡོད་མི་མཐུད་དུ་གླེང་བར་ཞུ།
བཀའ་ཤག་གི་ཚོགས་འདུ།
གཡང་སྐྱབས་རྒྱལ། བཀའ་བློན་ཁྲི་པའི་ཞལ་རས་འགྱུར་འདུག བཀའ་བློན་ཚོ་ལ་ཛ་དྲག་གི་ཚོགས་འདུ་ཞིག་བསྐོངས། བཀའ་ཤག་གི་ཚོགས་ཁང་ཆུང་ཆུང་དེའི་ནང་འཇམ་ཏིང་ངེར་འདུག མཆོད་བཤམས་མདུན་གྱི་མཆོད་མེ་དམར་ལྷབ་ལྷབ་ཏུ་གཡོ་བ་དེའི་སྐད་ཀྱང་གོ་ནུས་པ་ཙམ་དུ་འདུག གསེར་གྱི་རི་མོས་བརྒྱན་པའི་མདུན་ཅོག་ཆུང་ཆུང་དེ་ཚོའི་སྟེང་དཀར་ཡོལ་རྣམས་གསོལ་ཇ་སོས་པ་ཞིག་ཁེངས་འདུག “ད་ག་རེ་བྱེད་དགོས་པ་རེད། ད་ནངས་ཀྱི་གསར་འགྱུར་ལ་རྒྱ་ནག་གིས་ཡང་བོད་ལ་རང་བཙན་དང་ཕྱེད་རང་བཙན་གང་ཡིན་ཡང་འདམ་ཁ་མེད། ཟེར།” བཀའ་བློན་ཚོས་མ་ཎི་བགྲངས་བཞིན་ཁྲི་པའི་ཞལ་ལ་གཅེར། དབུ་མའི་ལམ་འདི་ཚིག་དོན་གཉིས་ཀྱི་ཆ་ནས་གཞན་ཕན་དང་སྙིང་རྗེ། རང་གཞན་གཉིས་ཀྱི་དགོས་དོན་ཡོད་པ་སོགས་འཛོམས་པའི་ཆབ་སྲིད་ཀྱི་ལྟ་བ་ཟབ་པོ་ཞིག་རེད། གུང་ཁྲན་གྱི་དཔོན་རིགས་ཚོ་ལ་འདི་ཤེས་ཐུབ་པའི་ལས་དང་བསོད་ནམས་ཡོད་པ་མ་རེད། བཀའ་བློན་ཚོས་འདི་ལྟར་དགོངས་པ་བཞེས། བཀའ་བློན་ཁྲི་པ་སྐྱིད་ཀྲུང་གོར་མོ་ཞིག་བྱས་ནས་བཞུགས་བཞིན་པ་ལས་འགུལ་ཙམ་བྱས། སྟོད་ཕད་སེར་བོ་དེ་ནས་བྱི་རིལ་རྡོག་པོ་ཞིག་བཞེས་ནས་ཞལ་ལ་བཅུག ཞལ་གྱི་ནང་ནས་ལྗགས་མཉེན་མོ་དེས་བྱི་རིལ་དེ་ཕར་བསྐོར་ཚུར་བསྐོར་ཞིག་བྱས། བྱི་རིལ་དེ་དབུ་མའི་ལམ་ཡིན་ན་ད་ནི་གཤིན་རྗེའི་ལམ་དུ་ཕེབས་བཞིན་པ་དང་མཚུངས། “གལ་སྲིད་སྐུ་ཚབ་ཚོ་འདིར་སླེབས་པ་ཡིན་ན། སྐད་ཆ་ངོ་མ་ག་རེ་བྱུང་དང་མ་བྱུང་ཤེས་རྒྱུ་ཞིག་ཡོད་པ་རེད།” བཀའ་བློན་ཁྲི་པའི་ཞལ་རས་ལ་ད་དུང་འཛུམ་ཞིག་མི་འདུག བདེ་སྲུང་བཀའ་བློན་འཁྲིས་དེར་ཡོད་པ་ལག་པ་གཡས་པས་ཁ་བཀབ་ཅིང་། སྐད་དམའ་མོས་ཚིག་འགའ་ཞུས། “ད་འདི་འདྲ་ཡིན་དོན་མེད། ང་ཚོས་ཆབ་སྲིད་འདིའི་ནང་མི་ལོ་ ༢༥ ལྷག་བཏང་བ་རེད། ད་ག་རེ་བྱེད་དགོས་རེད། བླ་མ་མཁྱེན།” བཀའ་བློན་ཁྲི་པས། “རེད། ལགས་རེད། ཡིན་ན་ཡང་འདས་པ་དེ་འདས་པ་རང་རེད། ང་ཚོས་མ་འོངས་པ་ལ་དགོངས་པ་བཞེས་དགོས་པ་རེད།” ཞེས་གསུངས། གསོལ་ཇ་ལ་ཧུབ་ཅིག་བཞེས། ཆོས་དོན་བཀའ་བློན་གྱིས་མ་ཎི་འདྲེན་པའི་ཕྲེང་ང་དེ་ལག་པས་བསྐྱོད་ཙམ་བྱས་ཏེ་བསམ་བློ་གསར་པ་ཞིག་བཏང་། “རིང་མིན་ཚོགས་ཆེན་འཚོགས་རྒྱུ་རེད། དེ་དུས་བོད་མི་མང་གིས་ཇི་བྱེད་ཇི་འགབ་སྐོར་ལ་ཏན་ཏན་བསམ་ཚུལ་ཞིག་ཡོང་གི་རེད། ང་ཚོས་ཀྱང་རྔ་ལ་དཔགས་པའི་འཆམ་དེ་དེ་དུས་འགོ་འཛུགས་དགོས་མིན་འགྲོ།” བཀའ་བློན་ཁྲི་པས་སྨིན་མ་བསྡུས། “དེ་དུས་མི་མང་གིས་སྐད་ཆ་ཇི་བཤད་སུས་ཤེས། ༧རྒྱལ་བའི་དགོངས་པ་འཁྲུགས་པ་དེ་འདྲ་བྱུང་ན་དཔེ་བསགས་པ་རེད་དཱ། བོད་ནང་གི་འདི་ལོའི་གྱེན་རྒོལ་ཆེན་མོ་ལ་གཟིགས་དང་། ད་ནི་བོད་མི་ཚོ་ཡང་སྔོན་མ་བཞིན་ལགས་སོ་ཟེར་ནས་སྡོད་མཁན་དེ་འདྲ་མ་རེད། དེ་ཇི་བྱེད།” བཀའ་ཤག་གི་ཚོགས་ཁང་ནང་འཇམ་ཏིང་ངེར་འདུག བཀའ་བློན་ཚོའི་སེམས་སྟོང་སེང་ངེར་འདུག དམིགས་ཡུལ་ཞེས་འཇུ་ས་ཞིག་དང་རེ་བ་ཞེས་རྒྱག་ས་ཞིག་མ་རྙེད། ཚང་མས་འཛུམ་བཞིན་པའི་༧རྒྱལ་བ་སྐུ་པར་ལ་གཅེར། ཚོགས་འདུ་ཆུ་ཚོད་གཅིག་ནས་གྲོལ། བཀའ་བློན་ཚོ་སོ་སོའི་ལས་ཁུངས་ལ་ལོག ལམ་ནས་ལས་བྱེད་གཞན་དང་ཐུག་སྐབས་འཛུམ་དམུལ་ཞིག་བྱས་ནས་མགོ་སྒུར་ཙམ་བྱས་ཏེ་འགྲོ་བཞིན་འདུག གཟའ་ཕུར་བའི་ཉིན་གྱི་གཞུང་དོན་དེ་དེ་ནས་མཇུག་འགྲིལ།
རྨི་ལམ་མངོན་དུ་འགྱུར་ངེས།
ཁ་སང་ཨ་རིའི་མི་མང་ཚོས་མི་རིགས་ཀྱི་བཀག་རྒྱ་ཞིག་ཡོངས་སུ་གཏོར་ཏེ་རང་དབང་དང་བློ་དཀྱེལ་ཆེན་པོའི་ངང་འོས་འཕེན་གྱིས་ཤ་མདོག་ནག་པོ་ཡིན་པའི་ཨོ་བྷ་མ་སྲིད་འཛིན་གྱི་སྟེགས་བུར་བཀུར་བའི་བར་སྐབས་འདི་ནི་མི་སུ་ཞིག་ལ་མཚོན་ན་ཡང་སེམས་འགུལ་གཏིང་ནས་འཆོར་བའི་གནས་ཚུལ་ཞིག་ཅི་ལ་མིན། འདི་ནི་ཡུན་རིང་བོའི་རྨི་ལམ་ཞིག་མངོན་དུ་གྱུར་བའི་བར་སྐབས་ཡིན་པ་དང་། འདི་ནི་རྨི་ལམ་ཞིག་ཡོད་ཕྱིན་རྨི་ལམ་དེ་མངོན་དུ་འགྱུར་ངེས་པའི་དཔེ་སྟོན་ཞིག་ཀྱང་ལོས་ཡིན། རླབས་ཆེ་བའི་ཨ་རིའི་སྲིད་འཛིན་ལིན་ཁོན་གྱིས་རང་དབང་གི་བསྒྲགས་གཏམ་ལ་མཚན་རྟགས་བཀོད་ཅིང་བྲན་གཡོག་ལམ་ལུགས་མེད་པར་བཟོས་པའི་རྗེས་སུ་ཡང་། ལོ་བརྒྱ་ཡི་རིང་ཤ་མདོག་ནག་པོའི་མི་རིགས་ཚོས་འདྲ་མཉམ་ཟེར་བ་རྣ་བས་མ་གོ་ཞིང་། མི་རིགས་དབྱེ་འབྱེད་ཀྱི་ཁྱད་གསོད་མཐོང་ཆུང་ནི་ཉིན་རེའི་ཉམས་སུ་མྱང་ཡུལ་དུ་གྱུར། ལོ་བརྒྱ་ཡི་རིང་གི་ངུ་སྐད་ཀྱིས་ཁོང་ཚོ་ཕན་ཚུན་གཅིག་གཅིག་གཉིད་ལས་དཀྲོགས་པར་གྱུར། དེ་ནས་བཟུང་ཁོང་ཚོ་ལ་འོད་སྣང་གི་རྨི་ལམ་ཞིག་རྨི་མགོ་ཚུགས། དེ་ནས་བཟུང་ཁོང་ཚོས་འཐབ་རྩོད་ཅིག་གི་མགོ་བཟུང་། དེ་ནི་ ༡༩༦༣།༨།༢༨ ཉིན་ཏེ་མར་ཀྲིན་ལུའུ་ཐར་གྱིས་རྒྱལ་ས་ཝ་ཤིང་ཀྲོན་གྱི་མི་མང་ཐང་ཆེན་དུ་མི་གྲངས་འབུམ་གཉིས་ལྷག་གི་མདུན་དུ་འགྲེངས་ནས། སྤོབས་པ་ཆེན་པོ་དང་སྐད་གསེང་མཐོན་པོའི་ངང་མཛུབ་མོ་གཅིག་གནམ་ལ་ཀེར་ནས་ ་་ང་ལ་རྨི་ལམ་ཞིག་ཡོད་་ ཅེས་བསྒྲགས་པའི་ཉི་མ་དེ་རེད། དེ་ནས་མི་ལོ་བཞི་བཅུ་ཞེ་ལྔའི་རྗེས་ཀྱི་དེ་རིང་ལོ་ན་གཞོན་ཞིང་འཇེམ་ཐང་ཅན། ཡིད་ཆེས་དང་སྟོབས་ཤུགས་ཀྱིས་ཁེངས་པའི་མི་ནག་པོ་ཞིག་ལ་སྲིད་འཛིན་གྱི་འོས་ཤོག་ཐོབ་སྟེ་ཨ་རིའི་མི་སེར་གྱིས་གཙོས་པའི་མི་མང་པོ་ཞིག་ནས་དགའ་འབོད་སྒྲོགས་བཞིན་པའི་ཚུལ་གསར་གནས་ཀྱི་བརྒྱུད་ལམ་ཁག་ཏུ་སྤེལ་བཞིན་པ་དང་ཆབས་ཅིག ལོ་ཞེ་ལྔའི་སྔོན་དུ་མར་ཀྲིན་ལོའུ་ཐར་གྱིས་ ་་ང་ལ་རྨི་ལམ་ཞིག་ཡོད་་ ཅེས་སྒྲོགས་བཞིན་པ་དེ་ཡང་བརྙན་འཕྲིན་ནང་འཁྱུག་ཙམ་འཁྱུག་སྟོན་བཞིན་པ་འདི་ནི། ཨ་རིའི་མི་མང་ཚོས་མར་ཀྲིན་ལོའུ་ཐར་ལ་ཁྱེད་ཀྱི་རྨི་ལམ་དེ་ངེད་ཚོས་མངོན་གྱུར་བྱས་ཡོད་ཅེས་ཕྱི་མའི་ཡུལ་དུ་སྐད་བསྐུར་བཞིན་པ་དང་འདྲ། དགའ་བ་འཕེལ་བའི་སྐབས་འདིར། ཡིད་སེམས་འགུལ་བའི་སྐབས་འདིར། ང་ཚོ་མགོ་ནག་རྩམ་ཟན་ཚོ་ལ་ཡང་ཡུན་རིང་པོ་ནས་རྨིས་པའི་རྨི་ལམ་ཞིག་ཡོད་པ་དེ་རང་བཞིན་གྱིས་སེམས་ལ་འཁོར་ཡོང་། ཁོང་ཚོའི་མངོན་དུ་གྱུར་པའི་རྨི་ལམ་འདིས་ང་ཚོའི་རྨི་ལམ་དེ་ཡང་ནམ་ཞིག་མངོན་དུ་འགྱུར་རྒྱུ་ཡིན་པར་ང་ཚོར་གོ་བརྡ་ཞིག་སྤྲད་པ་མ་ཡིན་ནམ། འདི་ལ་དྲི་བ་མང་པོ་ཞིག་འདྲི་མི་དགོས་ལ། ཐེ་ཚོམ་མང་པོ་ཞིག་ཀྱང་ཟ་མི་དགོས་པའི་བདེན་དཔང་གསོན་པོ་ཞིག་ཡིན་པའི་ཡིད་ཆེས་ཅི་ལ་མི་སྐྱེ། ང་ཚོའི་རྨི་ལམ་འདི་ཅིས་ཀྱང་མངོན་དུ་འགྱུར་ངེས། ང་ཚོའི་རྨི་ལམ་འདིའི་ཆེད་དུ་མི་གྲངས་ཀྱིས་མི་ལངས་པ་ཞིག་གིས་གཅེས་སྲོག་ཕུལ་ཡོད། གཅེས་སྲོག་ཕུལ་བ་རང་འབྲས་བུ་ཡིན། ང་ཚོའི་རྨི་ལམ་འདིའི་ཆེད་དུ་མི་གྲངས་ཀྱིས་མི་ལངས་པ་ཞིག་གིས་ཁྲག་གི་ས་བོནབཏབ་ཡོད། དེ་ལ་འབྲས་བུ་ཞིག་སྨིན་རྒྱུ་ལོས་ཡོད། དེང་སང་གི་དམངས་གཙོ་དང་ཞི་བདེའི་རྒྱལ་ཁབ་འདི་ཚོ་ཡང་རྒྱལ་གཅེས་དབའ་བོ་དཔའ་མོ་མང་པོ་ཞིག་གི་ཚེ་སྲོག་གིས་ཉོས་ཡོང་བ་མ་ཡིན་ནམ། ང་ཚོས་འོད་སྟོང་ལྡན་པའི་རྨི་ལམ་འདི་ཁྱེར་ནས་མུ་མཐུད་མདུན་དུ་འགྲོ།
མེ་རུ་འབར་བའི་རྨི་ལམ།
ངས་ཐང་ཆད་པའི་མིག་ཟུང་དམ་པོར་བཙུམས་ཏེ། ཡིད་ཚིམ་པ་ཞིག་གཉིད་རྒྱུའི་གྲ་སྒྲིག་བྱས། ཉི་མ་ནུབ་པར་སྒུག་དུས། ས་སྲོད་ཀྱི་རླུང་བུ་ལྡང་བྱུང་། རྒྱང་རིང་གི་བྱ་ཁྱུུ་འཕུར་བྱུང་། མལ་ཁྲིའི་གཡས་གཡོན་དུ། ནུ་ཤུབ་དང་གསང་དོར་གོ་རིམ་མེད་པར་བཀྲམས་ཤིང་། མལ་ཁྲིའི་སྟེང་དུ། ཉལ་རས་ཁྲ་ཁྲ་ཞིག ཟུར་མིག་མ་དེས་སྔས་འབོལ་ཁྱེར་ནས་གང་དུ་སོང་། སྨིག་རྒྱུ་རབ་རིབ། ནགས་ཚལ་རབ་རིབ། མཁའ་དབུགས་རབ་རིབ། མེ་ཏོག་དང་རྩྭ་ལོ་རབ་རིབ། ཟུར་མིག་མ་དེ་ད་དུང་ཕྱིར་མ་བསླེབས། ང་རང་དགུང་ཁའི་ཉི་འོད་ཀྱིས་བཞུས་ནས་ཐལ་བར་བཏང་། ངའི་རྣམ་ཤེས་ཀྱང་ཚལ་བར་བཏགས། ཡུན་རིང་ཞིག་གི་རྗེས་སུ། ངའི་སེམས་ཁོང་གི་ཆགས་སྡང་ཡོད་ཚད་མེ་རུ་འབར། ག་ལེར། ངའི་རྣམ་ཤེས་ལ་ཡང་མེ་ལྕེ་འབར་བྱུང་། མཇུག་མཐར། ངའི་ལས་ཉོན་ཡོད་ཚད་ཐལ་བར་བསྲེགས་བྱུང་། གཏམ་རྒྱུད་ལྟ་བུའི་སྙན་ངག་ཅིག་བྲིས་ཚར་རྗེས། ངའི་རེ་འདུན་ཐམས་ཅད་གྲུབ་པ་འདྲ། གང་ལྟར། ངའི་གདོད་མ་ནས་གྲུབ་པའི་རྒྱུ་ནོར་ཏེ། བསམ་གཞིག་གི་ནགས་ཚལ་མེ་རུ་འབར། དཔེ་དེབ་ཀྱི་རྒྱ་མཚོ་མེ་རུ་འབར། འཕྲིན་ཡིག་གི་བྱ་ཁྱུ་མེ་རུ་འབར། རབ་རིབ་ཀྱི་རྨི་ལམ་ཡང་མེ་རུ་འབར་བྱུང་།
ཨ་མའི་སེམས། ༼བོད་འབྱོར་རྩོམ་ཡིག༽
ཚིག བོང་སྟག་རི་ལུ། དབྱངས། ནམ་མཁའ། དཔྱིད་ཀ་སླེབས་ཐེངས་རེ་ལ་མེ་ཏོག་བཞད།། མེ་ཏོག་བཞད་ཐེངས་རེ་ལ་ཨ་མ་དྲན།། ཨ་མའི་སེམས་ན་བཞད་པའི་མེ་ཏོག་དེ།། ས་མཐར་འཁྱམ་པའི་བུ་མོ་ང་རང་ཡིན།། དཔྱིད་ཀ་སླེབས་ཐེངས་རེ་ལ་ཁུ་བྱུག་གྲག། ཁུ་བྱུག་གྲག་ཐེངས་རེ་ལ་ཨ་མ་དྲན།། ཨ་མའི་སེམས་ན་རེ་བའི་དབྱངས་རྟ་དེ།། ས་མཐར་མཁྱམ་པའི་བུ་མོའི་སྐད་ཆ་ཡིན། དཔྱིད་ཀ་སླེབས་ཐེངས་རེ་ལ་ཆར་བ་བབས།། ཆར་བ་འབབ་ཐེངས་རེ་ལ་ཨ་མ་དྲན།། ཨ་མའི་སེམས་ཀྱི་མིག་ཆུ་རྡོག་པོ་རེ།། ས་མཐར་འཁྱམ་པོའི་བུ་མོའི་དོན་དུ་བཞུར།།
དཔལ་བཟའ་ནོར་འཛིན་དབང་མོ་ལགས་འཛིན་བཟུང་བྱས་ནས་ཁྲིམས་ཐག་ལོ་ལྔ་བཅད་འདུག
བོད་ཀྱི་དཔའ་མོ་དཔལ་བཟའ་ནོར་འཛིན་དབང་མོ་ལགས་ལ་ལོ་ལྔའི་ཁྲིམས་ཐག་བཅད་འདུག ཁོང་གི་ནག་ཉེས་ནི་བོད་མིར་དྲག་རྡུང་བྱས་པ་རྣམས་ཕྱི་ལ་དྲིལ་བསྒྲགས་བྱས་པ་རེད་ཟེར། གཤམ་གྱི་གནས་ཚུལ་ནི་བོད་ནང་ནས་འབྱོར་བ་དང་། འཇམ་དབྱངས་སྐྱིད་ཀྱི་དྲ་རྒྱའི་ཐོག་ལ་ཡང་འདུག དཔལ་བཟའ་ནོར་འཛིན་དབང་མོ་ལགས་ནི་ཕ་ཡུལ་རྔ་བ་ཁུལ་ཁྱུང་མཆུ་རྫོང་། ལས་ཁུངས་ཁྱུང་ཆུ་རྫོང་ཁྲིམས་འཛིན་ཅུའུ་ནས་ཡིན་པ་དང་། མོ་ལོ་སུམ་ཅུར་སླེབས་ཙམ་རེད། སི་ཁྲོན་ཞིང་ཆེན་ནས་མི་ཡོང་སྟེ་། འབར་ཁམས་ནས་དེ་རིང་སོ་མ་ཁྲིམས་ཐག་བཅད་པ་རེད། ཉིན་ཁ་ཤས་ཀྱི་སྔོན་ལ་གྲྭ་བ་རེ་གཉིས་ལའང་ཁྲིམས་ཐག་བཅད་སོང་སྐད། ཡིན་ནའང་དེ་རིང་ཁོ་མོ་གཅིག་པུར་ཁྲིམས་ཐག་བཅད་པ་རེད་ཟེར། ཉེས་པ་བོད་དོན་སྐོར་དྲ་ཐོག་དང་ཁ་པར་ལས་ཕྱི་རྒྱལ་ལ་དྲིལ་བསྒྲགས་བྱས་སོང་ཟེར་བ་ཡིན་ཚོད་རེད། གཤམ་གྱི་དྲ་གནས་ཐོག་ནས་ཞིབ་ཕྲའི་གནས་ཚུལ་ལེན་ཐུབ། གལ་ཏེ་རབ་བྱུང་ན་ཁྱེད་ཅག་གིས་འཇམ་དབྱངས་སྐྱིད་ཀྱི་ཡིག་ཆ་དེ་དག་ཚུར་ཧི་གཟུགས་དང་Unicode ལ་ཡིག་གཏགས་བྱས་ནས་ངེད་ཚོའི་དྲ་རྒྱའི་ཐོག་འབེབ་ཐུབ་ན་ཤིན་དུ་ལེགས། http://www.tibetabc.cn/user1/jamyangkyi/archives/2008/2008113181128.html
ང་ཚོས་གཟབ་ནན་གྱིས་འདང་བརྒྱག་པའི་དོན།
བོད་ནས་འབྱོར་བའི་འཕྲིན སྟོང་ལོ་བརྒྱད་ཀྱི་བར་དུ་ང་ཚོས་ཅི་ཞིག་ལ་འཐབ་རྩོད་བྱས་པ་དང་ཅི་ཞིག་གིས་དམ་བཅའ་བཟུང་བ་ཡིན་ནམ། ང་ཚོས་དབུ་མའི་ལམ་དང་ཆེས་མཐོའི་རང་སྲིད་རང་སྐྱོང་ད་དུང་རང་བཙན་སོགས་གླེང་བ་རེད། འོ་ན་ང་ཚོས་ལམ་ལུགས་འདི་བཅོས་བསྒྱུར་བྱེད་དགོས་ཚེ་མེས་པོ་དག་གི་སྐབས་སུ། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་པ་ལྟར་འགྲོ་དགོས་སམ། གྲོས་མཐུན་བཅུ་བདུན་པ་ལས། དང་པོ། བོད་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་ལོག་དགོས། ཞེས་པ་ལྟར་དོན་འདི་ཁས་ལེན་དགོས། ང་ཚོས་གླེང་བཞིན་པའི་ཆེས་མཐོའི་རང་སྲིད་རང་སྐྱོང་དེ། གྲོས་མཐུན་བཅུ་བདུན་པ་ལས།དོན་ཚན་བཅུ་གཅིག་པའི་ཐད་ན། བོད་ཀྱི་ལམ་ལུགས་སྣ་ཚོགས་ལེགས་བཅོས་བྱེད་རྒྱུའི་སྐོར་ལ་ཀྲུང་དབྱང་ནས་བཙན་ཤེད་ཀྱིས་མི་བྱེད་པར། བོད་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་རྒྱུ་དང༌། མི་དམངས་ཀྱིས་ལེགས་བཅོས་བྱེད་དགོས་ཞུ་དུས། བོད་ཀྱི་འགོ་བྱེད་རྣམས་དང་གྲོས་བསྡུར་གྱི་ཐབས་ཤེས་ལ་བརྟེན་ནས་ཐག་གཅོད་རྒྱུ། ཞེས་པའི་ཚན་པ་འདི་དང༌། དོན་ཚན་དགུ་བར། བོད་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ་རིམ་གྱིས་བོད་རིགས་ཀྱི་སྐད་ཆ་དང༌། ཡི་གེ་སློབ་གྲྭའི་སློབ་སྦྱོང་གོང་འཕེལ་དུ་གཏོང་རྒྱུ། ཞེས་པ་སོགས་ཁ་མིན་དོན་གྱིས་ལག་བསྟར་བྱེད་ཐུབ་པ་བྱུང་ན་ང་ཚོས་བཏོན་པའི་རེ་བ་དེ་ཚིམས་ཀི་ཡོད་དམ། ད་སྐབས་ཁུལ་སོ་སོ་ན་རང་སྐྱོང་སྲོལ་ཡིག་ཅེས་པ་ཞིག་བཞག་འདུག་པ་དེ་དང་ཁྱད་པར་ག་ཙམ་མཆིས། བློ་ཤིན་ཏུ་མ་བསྒྲིམས་པའི་ཚེ་དཔལ་འབྱོར་གྱི་རོགས་རམ་དང༌། གང་འཚམ་གྱིས་སྐད་དང་ཡི་གེ་གོམས་སྲོལ་སོགས་ལའང་བདག་པོ་རེ་བརྒྱག་ངེས་པས། དེ་དུས་སྐད་ཆ་ཅི་ཞིག་བཤད། བྱེས་གྱར་བ་དག་གི་སློབ་གྲྭའི་ཁོར་ཡུག་གི་བོད་ཀྱི་འདུ་ཤེས་དང་བོད་ཡིག་གི་ཆུ་ཚད་ལའང་མཉམ་འཇོག་དགོས། གལ་ཏེ་རང་དབང་ཡིན་པའི་ས་ན་སྡོད་པའི་སློབ་མའི་བོད་ཡིག་གི་སྤུས་ཚད་དང༌། གཞིས་སྡོད་བོད་མིའི་སློབ་གྲྭའི་བོད་ཡིག་གི་སྤུས་ཚད་གཉིས་བསྡུར་ན་དོན་དམ་གྱིས་བལྟས་ན་གང་མཐོ་བའི་ཚད་ཤིང་དེ་ཤེས་དགོས། དེ་ལ་དཔྱོད་པ་ཙམ་ཡང་མེད་པར་བོད་ཀྱི་སྐད་དང་ཡི་གེ་ཞེས་ཁ་སྟོང་ནང་ནས་ཚིག་སྟོང་ལབ་ན། ནམ་ཞིག་བུ་ལོན་དེ་རང་མགོ་གཅོག་བྱེད་དུ་འགྲོ་ཉེན་ཡོད་པས་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་དེའི་ཐད་ཀྱི་གསལ་བསྒྲགས་རེ་ཡོད་ན་ལེགས། མདོ་དོན་ནི་ང་ཚོས་ཅི་ཞིག་ཐག་གིས་གཅོད་ནའང་ཐོག་མར་སྐད་དང་ཡི་གེ་གཉིས་ཀྱི་ལམ་རྒྱུགས་འདི་གཙོ་བོ་བྱ་དགོས་པར་སྙམ། དེ་ལས་གཞན་ཆོལ་ཁ་དང་གྲུབ་མཐའི་ཁ་འཛིན་མེད་པར་གཅིག་སེམས་གཅིག་ལ་འཁེན་གཅིག་བློ་གཅིག་ལ་གཏད་ནས་དམིགས་ཡུལ་གང་མང་ཞིག་ལ་མཐུན་སྒྲིལ་ཤོག ཨ་མདོ་རིག་པའི་གྲོང་ནས་རོང་བོ་དགེ་འདུན་ལྷུན་གྲུབ་གྱིས་ ༢༠༠༨ ཟླ ༡༡ ཚེས་ ༣ ཉིན། ༼གོང་གསལ་ནི་ཀླུ་འབུམ་གྱིས་འདི་གར་བཏང་བའི་རྩོམ་ཡིག་ཅིག་ལགས།༽
གཅེས་ཕྲུག
གངས་སྒྲོན་གྱིས་བརྩམས།
“གཅེས་ཕྲུག(baby)”
“པོ་དོ།”
“ཨ། ག་རེ། པོ་དོ་ཨེ། (o baby) འོ་གཅེས་ཕྲུག དེ་འདྲ་མ་གསུང༌།” “ང་ད་དུང་པོ་དོ་ག་ལ་གྱུར། ཡང་བསྐྱར་གཅིག།”
“མིན། ང་ལ་baby(ཕྲུ་གུ།ཆགས་ན་ག་རེ་བྱ།”
“ངས་མི་ཆགས་པའི་ཐབས་ཤེས་བྱ་ཆོག གཅེས་ཕྲུག མགྱོགས་སུ།”
བཟི་ལ་ཉེ་བའི་དར་མ་ཞིག་གི་མིག་འོད་བཞིན་སྙོམ་ཞིང་གསལ་ཆ་ཆེར་མེད་པའི་གློག་འོད་དམར་པོ་དེའི་འོད་ངོགས་སུ། ལུས་པོ་དམར་ཧྲིང་དུ་ཕོ་མོ་ཡི་འདོད་བརྩེ་འཁྲིག་སྤྱོད་དང་འོ་སྦྱར་ལན་མང་བྱས་པའི་གཡུལ་འགྱེད་དེའི་མཐར། ལུས་པོ་མགོ་རྟིང་གི་བ་སྤུ་བུ་ག་མ་ལུས་པ་ནས་ངལ་དུབ་ཀྱི་རྔུལ་ཆུ་ཕྲོམ་ཕྲོམ་དུ་བཞུར་བཞིན་པའི་སྣང་བརྙན་དེ་ནི། གལ་སྲིད་འཁོར་བ་རྒྱབ་ཏུ་བསྐྱུར་པའི་རྣལ་འབྱོར་བ་ཞིག་གིས་གཟིགས་ཚེ། ཀྱེ་ཧུད། མ་བསྐུལ་དང་དུ་བླངས་པའི་དཀའ་སྡུག་འདི་ཨང་སྙམ་སྲིད་མོད། འོན་ཀྱང༌། འཇིག་རྟེན་ཁྱིམ་པ་བ་སུ་ལའང་ཡོད་པའི་ཉམས་མྱོང་འདི་ནི་འདོད་པ་ཡིད་སིམ་གྱི་བདེ་བ་ཁྱད་པར་བ་ཞིག་ལས། དཀའ་བ་དང་ངལ་བ་ཞིག་ཏུ་གཏན་ནས་མི་བརྩིས་མོད། ཡང་ན་ཚོད་ཀྱིས་ཕངས་པའི་རྒན་རྒོན་ཆགས་ལྡན་འབའ་ཞིག་ལ་དེ་ལྟར་སྲིད།
ཆ་འགྲིག་ཉལ་ཁྲི་ཡི་སྟེང་ན་དབུགས་དུབ་ངལ་ངལ་ཏུ་བརྒྱལ་འདུག་པའི་བསྟན་འཛིན་གྱིས། དྲག་ཏུ་འཁོར་བཞིན་པའི་ཁང་ངོས་ཀྱི་རླུང་གཡབ་དེ་ཉིད་སྔར་ལས་ཤུགས་ཆེར་གཏོང་འདོད་ཀྱིས། ཉལ་ཁྲི་ལས་སར་རྐང་པ་ཕབས་པ་ན། ནག་འཐོམ་འཐོམ་ཏུ་གྱུར་པའི་སྣང་བ་ཞིག་དང་ལྷན་ཏུ་སླར་ཉལ་ཁྲིའི་སྟེང་དུ་གན་རྐྱལ་དུ་རིལ། གློ་བུར་དངངས་སྐྲག་གིས་ཁ་ནས་ཨ་མ་འཆོར་པའི་མཚོ་མོས།
“བསྟན་འཛིན། ཁྱེད་ག་རེ་བྱས་སོང༌། འ་་འ་་་་ག་རེ་བྱས་སོང་་་་་་་་་་”
“གཅེས་ཕྲུག ངའི་ནུས་ཤུགས་ཡོད་ཚད་རྫོགས་ཚར་བ་འདྲ། ང་མགོ་ཡུ་འཁོར་གྱིན་འདུག དངངས་སྐྲག་མ་བྱེད། ཅུང་ཙམ་གཉིད་པ་ན་འགྲིག་ངེས། ད་ལྟ་ཆུ་ཚོད་ག་ཚོད་རེད་དམ།”
“འ་ལ་་་་ཉོབ་པ་ལ། ད་ལྟ་ཆུ་ཚོད་་་་ཨ་མ་་་་་་ཞོགས་པའི་ཆུ་ཚོད་ལྔ་པ་རེད་འདུག ཧུ་ཧུ་་་ཧ་ཧ”
ནམ་ལངས་ཀྱང་གཉིད་མི་ཡོང་བའི་མཚོ་མོའི་འཇམ་མཉེན་གྱི་ལག་པས། ཐར་ཐོར་ཏུ་སྐྱེས་པའི་བ་སྤུའི་གསེབ་ཏུ་ཆར་ཆུ་བཞིན་འཛུམ་པའི་བསྟན་འཛིན་གྱི་བྲང་གཞུང་གི་རྔུལ་ཆུ་ཕྱིས། འདོད་སྲེད་ཀྱི་གབ་ཁང་ལྟ་བུ་མཆན་འོག་དང་བརླ་ཤ བྲང་ནུ་གང་སར་ལག་པས་ཕུར་ཕུར་དང་འགུལ་སློང་བྱ་ཞོར། འཇེབས་ཤིང་དམའ་བའི་ངག་གིས་ཁོང་གི་རྣ་ནང་དུ་“བསྟན་འཛིན་བྱབྱཞེས་བོས་ཀྱང༌། གར་ཡོང་ཆ་མི་འཚལ་པའི་གཉིད་དུབ་སྟུག་པོ་ཞིག་གིས་ཡོངས་སུ་གཏུམས་པའི་བསྟན་འཛིན་གྱི་ངོ་གདོང་དུ་ཡང་ཡང་ལྟ་རྒྱུ་ལས་བྱ་ཐབས་ཅི་ཡང་མ་རྙེད།
རང་ཉིང་ཀྱི་རེ་འདོད་ཕམ་ཉེས་སུ་བྱུང་བའི་མཚོ་མོས་དབུགས་རིང་དང་བཅས་ཁོང་གི་གཡོན་ཟུར་ཏུ་སྟེགས་རྒྱས་སུ་ཉལ་ཏེ་མིག་ཟུང་བཙུམ།
ཀུན་རྟོག་གི་ཕྲེང་བ།
པདྨ་ཚེ་དབང་ཤཱསྟྲིས་བརྩམས་པའི་སྙན་དེབ་ཀུན་རྟོག་གི་ཕྲེང་བ་ཞེས་པ་འདིར་བཀོད་ཡོད་ན། འབྲེལ་ཐག་འདི་ལ་ ༼paradoxpoetry-_final༽བསྣུན་ནས་གཟིགས་རོགས་འཚལ།
གསེར་མདོག་གི་རི་སྤྱང་།
རྨི་ལམ་ཁྲི་ཕྲག་ལ་འཁྱིལ་བའི་ཕུགས་བསམ་གྱི་ལྕགས་རི་རྨང་ནས་ཉིལ་དུས། གསེར་མདོག་གི་རི་སྤྱང་ལམ་ལ་ཆས་བྱུང་། སྤྲིན་དཀར་དུམ་བུ་ཞིག་ཕ་གིའི་རི་རྐེད་དུ་འཁྲིལ་བའི་ཀློང་དུ་ཁུ་བྱུག་སྔོན་མོས་སྨྲེངས་སེམས་གསོ་བའི་མགྲིན་གླུ་བར་མེད་དུ་གྱེར་བཞིན་ཡོད་ན་ཡང་། རི་སྤྱང་གི་འགྲུལ་བཞུད་ལ་དུས་སྐར་གྱི་སྟོང་ཆ་ཡེ་ནས་བྲལ། ཕྱོགས་བཞིའི་གནའ་བོའི་གཞི་བདག་གཉན་པོའི་ཚོགས་ཀྱིས་ཀྱང་བསྐལ་བའི་རི་ཚོགས་འཁྱོམ་མིན་ལ་སེམས་ཁྲལ་བྱེད་ཅིང་། ལྷ་འདྲེ་འཐབས་པའི་རི་གྲོང་རེ་རེ་ནས་བསང་དུད་སྔོན་མོ་གྱ་གྱུར་དགུང་སྔོན་དབྱིངས་སུ་ཟུག