རྔ་བ་རྒྱལ་ཁམས་པ།
སྔོན་མའི་འཕྲོ
ན་གཞོན་རྣམས་ནི་རོམ་གྱི་ཟློས་གར་རྩོམ་པ་པོ་ཁྲེས་རེན་སི་དང་། ཕི་ལ་ཁྲོས་རྣམ་གཉིས་ཀྱིས་མཛད་པའི་དགོད་སྤྲོ་བའི་ཟློས་གར་ཁག་དང་། སིས་སི་རོ་མཆོག་གི་ཆབ་སྲིད་ཀྱི་བཀའ་སློབ། ཨོ་བེ་སྒྲི་མཆོག་གི་སྙན་ངག ཨིས་ར་སི་མ་སི་མཆོག་གི་བགྲོ་གླེང་སོགས་ྐློག་སྦྱོང་དང་། དབྱིན་སྒྱུར་བྱེད་པར་འབད་བརྩོན་དྭང་མོས་ཡོད་མཁན་ཞེ་གཅིག་རེད། གནའ་དེང་བར་སློབ་ཁྲིད་བྱེད་སྟངས་མི་འདྲ་བའི་ཁྱད་པར་ཡང་གཙོ་ཆེ་བ་ཞིག་ནི། དགེ་རྒན་གྱིས་ཟློས་གར་གང་ཞིག་དཔེ་ཁྲིད་གནང་སྐབས། སྐུའི་རྣམ་འགྱུར་དང་། གསུང་གི་གདངས་སོགས་གང་ཅིའི་ཐད། ཁྲིད་རྒྱུའི་མི་སྣ་དེ་དང་དེའི་རྣམ་འགྱུར་དངོས་ལྟ་བུའི་ཐོག་ནས་ཁྲིད་སྲོལ་ཡོད་པ་དང་། དེ་བཞིན་སློབ་མས་ཀྱང་རང་ཉིད་ཀྱིས་དཀའ་གནད་རིགས་ལ་དྲི་བ་དང་། དོགས་སེལ་གནང་ཚེ་གསུང་གདངས་མཐོན་པོའི་ཐོག་དྲི་སྐོར་བྱེད་པ་དེ་ཡིན་ཏེ། ལོན་གྲོན་གྱི་ཚོང་དཔོན་ཁྲེ་ལོར་སིའི་སློབ་གྲའི་དགེ་རྒན་ཆེན་མོ་བ། སྐུ་ཞབས་རིས་ཁྱལ་སྒྲི་མོལ་ཁ་སི་ཁྲིར་མཆོག་གི་གསུང་ལས། ༼བྱིས་པ་ཚོར་སྐད་ཆ་ཤོད་སྟངས་དང་། རྩོད་པ་བྱེད་ཚུལ། བགྲོ་གླེང་། ཕ་རོལ་བོའི་བསམ་ཚུལ་གྱི་གནད་རྟོགས་ཐུབ་པའི་སློབ་ཁྲིད་རྒྱག་སྟངས་ཡག་ཤོས་ནི། ལུས་ངག་གི་རྣམ་འགྱུར་གྱི་ཐོག་ནས་བགྲོ་གླེང་བྱེད་པ་དེ་ཡིན་ཞེས་གསུངས༽།


