ཨ་ནུ་ཐང་བསོད་ནམས་ཀྱིས།
———–
བཀའ་བློན་ཁྲི་བ་ནི་གླ་བ་ཞིག་དང་འདྲ་བར་གཞུང་ངམ་སྐུ་མདུན་གྱི་བཀའ་བཀོད་ཇི་བཞིན་འགྲོ་དགོས་བ་ལས་དམིགས་བསལ་གྱི་རྣམ་དཔྱོད་ངོམས་སུ་ས་ཆ་དེ་ཙམ་མེད་པས་འགྱུར་བ་ཆེན་པོ་བཏང་མི་ཐུབ། སྐུ་མདུན་གྱི་ཞལ་ཇི་སྲིད་འཚོ་བ་དེ་སྲིད་དུ་བོད་མིའི་སེམས་ནང་གི་གཙོ་འཛིན་སྐུ་མདུན་ཡིན་པ་ལས་བཀའ་ཁྲི་མིན། ཇི་སྲིད་བོད་མིའི་བསམ་བློ་མ་འགྱུར་བར་དེ་སྲིད་དུ་བཀའ་ཁྲིའི་རིན་ཐང་སླེབས་མི་སྲིད་པས་ཁྱད་འཕགས་ཀྱི་ནུས་བ་མེད་ལ། ཡུལ་གྱར་སྲིད་གཞུང་ཡང་དམངས་གཙོ་ཚད་ལྡན་ཞིག་ཏུ་འགྱུར་མི་ཐུབ། བོད་མི་རྣམས་ཀྱིས་སྔར་གོམས་ལས་བརྒལ་ནས་རང་རྐང་གི་བསམ་བློ་ཚད་ལྡན་ཞིག་འཛིན་པར་ཉུང་མཐར་ཡང་ལོ་བཅུ་ཕྲག་གཉིས་གསུམ་སྒུག་དགོས། རྒྱུ་མཚན་ནི་བོད་མི་རྣམས་ད་དུང་ཡང་ནར་མ་སོན་པའི་བྱིས་བ་ཞིག་དང་འདྲ་བ་སྐུ་མདུན་ལས་ལོགས་སུ་བྲལ་ནས་རང་ཁྱིམ་འཛིན་མི་ཐུབ་པས་ཡིན། གང་ལྟར་འོས་མི་རྣམས་ཀྱིས་རང་ཉིད་ཀྱི་འཇོན་ཐང་ངོམས་ནས་བཀའ་ཁྲིར་དངས་བླང་གིས་བཞུགས་པ་ནི་བོད་མི་རྣམས་རང་རྐང་ཐོགས་ལངས་རྒྱུའི་སྦྱང་བརྡ་ཞིག་ཡིན་པས་དགའ་འོས་བའི་དོན་བཟང་ཞིག་རེད་ལ། ཁོང་ཚོར་རྒྱུད་བོད་འདི་བླ་མའི་དབང་སྒྱུར་ནས་མི་མང་གིས་དབང་སྒྱུར་འོག་ཏུ་འགྲོ་ཐུབ་མིན་གྱི་ཚོད་ལྟ་ཞིག་ཡིན་པས་བཀའ་ཁྲིའི་ལས་འགན་ཆུང་ཆུང་ཞིག་གཏན་ནས་མིན། གལ་སྲིད་ལ་བཀའ་ཁྲི་ལ་བླ་མེད་ཀྱི་ནུས་པ་དང་ཆེད་འཕགས་ཀྱི་བྱིན་རླབས་ཡོད་ན། མི་མང་གིས་ཡིད་ཆེས་སླེབས་པའི་རྒྱུ་རུ་འགྱུར་ཞིང་བོད་འདི་མང་གཙོའི་དངོས་བོའི་ཐོག་རང་རྐང་སྟེང་ལངས་ཐུབ་པའི་སྔ་ལྟས་སུ་འགྱུར་བས་བཀའ་ཁྲི་ལས་དོན་ཆུང་ཆུང་མ་ཡིན། མིན་ཏེ་ནང་སྲིད་ཀྱི་འགན་དབང་ཕལ་ཆེར་བཀའ་ཁྲི་བ་ལ་ཡོད་པས་བཀའ་ཁྲི་ནི་བོད་ཀྱི་སྤྱི་ཚོགས་ཁྲོད་སྐུ་མདུན་མ་ཐེ་བའི་ཤུགས་རྐྱེན་སྤྲོད་ཐུབ་མཁན་གྱི་རྩ་ཆེའི་མི་སྣ་ཡིན་ལ།




