(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
གངས་དཀར་རྒྱལ་སྲས།
མཚམས་མཚམས་ལ་ཁྱི་ཚོགས་ཀྱི་ཟུག་སྐད་རེ་ཟུང་ལས་རྩེ་གཞུང་རྫོང་མཁར་ཧ་ཅང་ཁུ་སིམ་མེར་གནས། ནམ་ད་རུང་གསལ་མེད་མོད། ཤར་མཐའ་ནས་སྐྱ་རེངས་དང་པོ་འགྱོག་བཞིན་འདུག རང་ལོ་སུམ་ཅུ་སོ་ལྔ་ལ་ཐོན་པའི་དར་རྒྱས་ཀྱི་ཆུང་མ་ལ་བྱིས་པ་སྐྱེ་རྒྱུ་ཡོད་པས་ན་ཟུག་བར་མེད་དུ་རྒྱག་བཞིན་ཡོད་ནའང་མོའི་སེམས་ལ་ཁོག་གི་བྱིས་པ་འདི་བུ་ཞིག་ཡིན་ན་ཅི་མ་རུང་སྙམ་ལ་ལྷག་པར་དུ་བྱིས་པ་འདི་དབང་བོ་སྐྱོན་ཅན་དེ་འདྲ་མ་ཡིན་པར་ཁ་མིག་ཡན་ལག་ཚང་བའི་བྱིས་པ་སྤྱི་མཚུངས་ཤིག་ཡིན་པར་སྨོན་ཞེས་སེམས་ནས་སྨོན་བཞིན་ཡོད།