བསམ་གླིང་ཚེ་རིང་ལྷ་མོ།
སྐྱེ་བོ་མང་པོས་ཟེར་ན་སྟོན་གྱི་ནམ་ཟླ་དེ་དངོས་གྲུབ་ཟླ་བ་རེད་ཟེར་མོད། འོན་ཀྱང་རང་ཉིད་ཆུང་དུས་ནས་སྟོན་ཟླ་དེ་ཤར་རིམ་བཞིན་ཡིད་ལ་སྨྲ་མི་ཤེས་པའི་སྡུག་བསྔལ་གྱི་ཁུར་པོ་ཞིག་རང་བཞིན་གྱིས་སླེབས་འོང་།
ཁྱེད་རྣམ་པས་གཟིགས་མྱོང་ལོས་ཡོད། ཕྱོགས་བཞི་མཚམས་བརྒྱད་ཀྱི་སྔོ་ལྗང་གཡུ་ལོ་རྣམས་རང་ཡལ་དུ་གྱུར་ཞིང་། ཤུལ་དུ་ལུས་པ་ནི་སྐྱ་ཐུལ་ཐུལ་གྱི་ཁོར་ཡུག་ཅིག་རེད། སེང་གེའི་གཡུ་རལ་ངོམ་པ་འདྲ་བའི་ལྗོན་པའི་ལོ་མ་རྣམས་གསེར་གྱི་དོང་ཙེ་ལྟར་སེར་ཐིང་ཐིང་དུ་གྱུར་པས་ག་ལ་ཚད།
རེ་རེ་བཞིན་ས་ལ་ལྷུང་ནས་ཤུལ་དུ་ལུས་པ་ནི། སྡོང་རྒན་ཧྲུལ་པོ་ཧྲ་ཧྲ་ཧྲ་ཞེས་པའི་སྐད་ངན་རྒྱག་མཁན་གྱིས་ཁེངས། ད་དུང་འདི་ལོའི་སྟོན་གྱི་ནམ་ཟླ་དེ་བས་ཡི་གར་མི་འོང་བའི་སྐྱོ་ངལ་ཞིག་གིས་ཁེངས།
མ་གཞི་བྱས་ན་ད་ལོའི་དཔྱིད་ཀ་ནས་འགོ་ཚུགས་ཏེ་རྒྱལ་གཅེས་དཔའ་བོ་སྐུ་ཞབས་ཕུན་ཚོགས་ལགས་ནས་སྐུ་ལུས་མེ་རུ་བསྒྲོན་རྗེས། རིམ་བཞིན་སྐུ་ཞབས་ཚེ་དབང་ནོར་བུ་ལགས་དང་། ཉེ་ཆར་རང་སྐུ་ཞབས་བློ་བཟང་སྐལ་བཟང་ལགས། སྐུ་ཞབས་བློ་བཟང་དཀོན་མཆོག་ལགས་བཅས་ཀྱིས་བོད་མི་ས་ཡ་དྲུག་གི་སྡུག་གི་ཁུར་པོ་ཞིག་རང་ཉིད་གཅིག་པུས་འཁུར་འདོད་ཁོ་ནས་ཚེ་སྲོག་གི་ཉིང་ཁུས་མེ་དཔུང་གི་མཆོད་མེ་ཕུལ་སོང་།


