ཉག་རོང་དོན་གྲུབ་ནས།
དང་པོ། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་མིན།
“སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་”ཞེས་ཟེར་སྲོལ་ཡོད་མོད། དོན་ལ་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་མིན། གང་ཡིན་ཟེར་ན། མི་རིགས་ཤིག་ལ་མཚོན་ན་སྐད་ཡིག་ལ་བཅོས་སྒྱུར་གཏོང་ཆོག་པ་དང་། རིམ་བཞིན་འགྱུར་བ་འགྲོ་བ། སྐད་ཡིག་གཉིས་གསུམ་ཡང་ཡོད་ཆོག་པ་ཞིག་རེད། ད་ལྟ་བོད་པར་མཚོན་ན་ཡང་། གཞན་གྱི་སྐད་ཡིག་མ་གཏོགས། བོད་རང་གི་སྐད་ཡིག་མི་ཤེས་པའི་བོད་རིགས་གཞོན་སྐྱེས་མང་པོ་ཞིག་འཚར་གྱིན་ཡོད་པ་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཡང་བོད་ཡིག་ནང་ལ་ཆ་ཚང་ཞིག་མེད་པ། གལ་ཏེ་སྐད་ཡིག་དེ་མི་རིགས་འཆི་གསོན་དང་འབྲེལ་བ་ཡོད་པ་ཡིན་ན། དེང་སང་མི་རིགས་ཤི་བོ་མང་པོ་ཞིག་ཡོད་དགོས་ངེས་རེད་ལ། རྡ་སའི་བོད་མིའི་སྒྲིག་འཛུགས་ཡང་མི་རིགས་ཤི་བོའི་རོ་སྒམ་ཞིག་ཡིན་ངེས། མི་རིགས་གཞན་གྱི་སྐད་ཡིག་ལ་བསྟེན་པའི་མི་རིགས་དང་རྒྱལ་ཁབ་མང་པོ་ཡོད་པ་དང་། ད་ལྟའི་བོད་མིའི་ཁ་སྟབས་ལ་མཚོན་ན། ཆེས་རྗེས་ལུས་ཅན་གྱི་བོད་མི་རིགས་ཤིག་འདི་མུར་འཚོ་དགོས་མིན་དེ་གལ་གནད་རེད།



