སྐྱེས་སར་ཀླུ་སྒྲུབ།
ཕལ་ཆེར་ད་ལྟའི་དུས་སུ། བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་པའི་སྡེར། སྒོ་ཤེས་རབ་རྒྱ་མཚོ་ཟེར་དུས་མི་ཤེས་མཁན་ཞིག་མེད་ཚོད་རེད། དེ་སྔ་ཕྲན་རྔ་བ་ཀིརྟི་དགོན་པར་ཡོད་དུས། སྒོ་ཤེར་གྱི་འཛིན་གྲྭ་ང་ཚོའི་གོང་མའི་གོང་མ་དེ་ཡིན་ཞིང་། སྐབས་དེར་ཁོང་བློ་རྟགས་གང་རུང་གི་འཛིན་གྲྭ་ཞིག་ཏུ་ཡོད་འདུག མི་ཚང་མས་ཁོང་རིག་པ་ཧ་ལས་པའི་ཡག་པོ་ཅན་ཞིག་ཏུ་ངོས་འཛིན་བྱེད། ཕྱི་ལོ་ ༡༩༩༠ ཡས་མས་སུ་ཁོང་རྒྱ་གར་དུ་གནས་སྐོར་ལ་སོང་བ་དང་། དེ་སྐབས་སྟབས་ཡག་ནས་རྡ་སའི་ཀིརྟི་གྲྭ་ཚང་ནང་མ་བསྡད་པར་བོད་དུ་ཕྱིར་སླེབས་ནས་མུ་མཐུད་གཞུང་ཆེན་མོར་སློབ་གཉེར་བྱས་ཏེ་ཐེམ་པ་རིམ་འཛེགས་ཀྱིས་འཛིན་རིམ་རྒན་གྲས་སུ་སླེབས། གལ་ཏེ་ཁོང་། རྡ་སའི་ཀིརྟི་གྲྭ་ཚང་དུ་བསྡད་ཡོད་ན། བོད་བརྒྱུད་ནང་བསྟན་གྱི་གཞུང་ཆེན་མོ་ཁག་ལ་སློབ་སྦྱོང་བྱེད་ཐབས་མེད་པར། མི་ཚེ་ཆུད་ཟོས་སུ་གྱུར་ཡོད་པ་གདོན་མི་ཟ།