Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་སྨན་པ་ཚོ་རྒྱལ་སྤྱིའི་སྟེང་ཆས་དགོས་པའི་དུས་ལ་བབས་པ།

Posted on 2020-04-20 By ཁ་བརྡ 17 Comments on བོད་ཀྱི་སྨན་པ་ཚོ་རྒྱལ་སྤྱིའི་སྟེང་ཆས་དགོས་པའི་དུས་ལ་བབས་པ།

བོན་རྒྱ་བསྟན་འཛིན་རབ་རྒྱས།
 
༸གོང་ས་རྒྱལ་བ་རིན་པོ་ཆེས། “ཐོག་མར་ཝུ་ཧན་གྲོང་ཁྱེར་ནང་ཏོག་དབྱིབས་ནད་ཡམས་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པ་ནས་བཟུང་། ངོས་ཀྱིས་འཛམ་གླིང་སྤྱི་དང་རྒྱ་རིགས་མཆེད་གྲོགས་ཕོ་མོ་ཀུན་གྱི་ཆེད་དུ་སྨོན་ལམ་འདེབས་བཞིན་ཡོད། ད་ཆ་ནད་འབུ་འདིའི་ཉེན་ཁ་ལས་གྲོལ་བ་སུ་ཡང་མེད་པ་གཅིག་མཚུངས་རེད། ཚང་མས་རང་གི་དགའ་ཉེ་རིགས་ལ་སེམས་ཁྲལ་དང་། དེ་བཞིན་ཁྱིམ་ཚང་སྒེར་དང་། གོ་ལ་ཧྲིལ་པོའི་མ་འོངས་དཔལ་འབྱོར་མདུན་ལམ་ལའང་བློ་འཚབ་བྱེད་བཞིན་ཡོད། འོན་ཀྱང་། དེ་ལ་སྨོན་ལམ་རྐྱང་བས་འགྲིག་ཐབས་མེད། རང་རེ་ཚང་མས་རང་ནུས་གང་ལྕོགས་ཀྱིས་སེམས་ཁུར་ལེན་དགོས་པ་དཀའ་ངལ་འདིས་གསལ་སྟོན་བྱས་ཡོད།” ཅེས་གསུངས།

ཁ་སང་༸གོང་ས་མཆོག་གིས་བཀའ་སློབ་དེ་འདྲ་ཞིག་གནང་ཡོད། འདི་ནི་ཁོང་གི་འཇིག་རྟེན་ཀུན་ཁྱབ་དགོངས་བཞེད་ཀྱི་ཆ་ཤས་སུ་གཏོགས་ཤིང་། ཀུན་ཁྱབ་དགོངས་གཞི་དངོས་སུ་ཉམས་ལེན་གནང་བར་འབོད་པ་བཏང་བ་ཞིག་ཀྱང་རེད། སྨོན་ལམ་ཆར་གཏོགས་ཀྱི་ཀུན་ཁྱབ་དགོངས་གཞི་དང་ལག་ལེན་ཆར་གཏོགས་ཀྱི་ཀུན་ཁྱབ་དགོངས་གཞི་ལས་ཕྱི་མ་གཙོ་བ་ལམ་སྟོན་དུ་མཛད་པ་ཞིག་ཀྱང་རེད། སྤྱིར་ང་ཚོ་བོད་མི་རིགས་འདི་༸གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་དུ་གསོན་ཞིང་༸གོང་ས་མཆོག་ཀྱང་འུ་ཚོའི་བསོད་ནམས་ཀྱི་དཔལ་དུ་བཞད་པའི་ལྷ་སྐལ་ཡིན། ༸གོང་ས་མཆོག་གི་ཞལ་སྔ་ནས་ཀྱང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་གྱི་ཆེད་ཁོང་གི་མཚན་གནས་བེད་སྤྱོད་གཏོང་རོགས། ཞེས་ལན་གྲངས་དུ་མར་བཀའ་གནང་ཡོད། ང་ཚོའི་ཆོས་དང་རིག་གཞུང་། འཛིན་སྐྱོང་སྡེ་ཁག ཐ་ན་མི་སྒེར་རེ་རེའི་སྐྱབས་བཅོལ་ཡིག་ཆ་དང་བཅས་༸གོང་ས་མཆོག་གི་མཚན་གནས་ལ་བསྙེས་མེད་པ་གཅིག་ཀྱང་མེད། ཡིན་ནའང་། ཆོས་རིག་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་མཚན་གནས་བེད་སྤྱོད་ཞུས་པ་ལས་རང་རང་དཀར་འདོན་སོགས་ཀྱི་ཆེད་བེད་སྤྱད་ཞུས་པ་ཧ་ཅང་མང་བ་མ་ཟད་ཐ་ན་བཀའ་སློབ་ལོག་འགྲེལ་ལ་ཞུགས་པའང་ཡོད།

ལྷག་པར་༸གོང་ས་མཆོག་གིས། བོད་སྨན་འདི་ཚན་རིག་དང་མཐུན་པ་དང་། ཞིབ་འཇུག་གི་རིན་ཐང་ཡོད་པ། དུས་རབས་དང་བསྟུན་ནས་ཡར་རྒྱས་སུ་གཏོང་དགོས་པའི་བཀའ་སློབ་བསྟུད་མར་ཕེབས་ཤིང་། བོད་ཀྱི་དགེ་འཕེལ་རི་བོའི་སྟེང་གི་ཨུཏྤལ་དང་རྒྱ་གར་གྱི་ཆུ་ནང་གི་ཨུཏྤལ་གཉིས་མིང་འདྲ་ཡང་ངོ་བོ་དང་ནུས་པ་མི་འདྲ་བ་སོགས་སྔོ་སྨན་ངོས་འཛིན་གནང་ཐབས་ཚུན་ཆད་ཚན་རིག་དང་ཞིབ་འཇུག་གི་རིན་ཐང་ལྡན་དགོས་པའི་ལམ་སྟོན་བཀའ་སློབ་གནང་ཡོད། གང་ལྟར་རྒྱ་ནད་ཀྱིས་གོ་ལ་བསྣུབས་ལ་ཉེ་བའི་སྐབས་འདིར། ཁོང་གི་མཚན་གནས་དང་འབྲེལ་ཏེ་བོད་ཀྱི་སྨན་པ་ཚོ་ལམ་དུ་ཆས་ཐུབ་ན། ཏན་ཏན་ཚེ་སྲོག་གྲངས་མེད་ཅིག་སྐྱོབ་ཐུབ་པ་མ་ཟད། རྒྱལ་བའི་དགོངས་བཞེད་ཀུན་ཁྱབ་དགོངས་གཞི་ལག་ལེན་དང་། བོད་ཀྱི་གསོ་བ་རིག་པའི་འཕྲིན་ལས་དར་སྤེལ་ལའང་ནུས་པ་ངེས་ཅན་ཞིག་འདོན་ཐུབ་རྒྱུ་ཡིན།

དེའི་ཕྱིར། ༸སྐུའི་བླ་སྨན་གྱི་མཚན་གནས་ཁུར་བའི་སྣེ་ཁྲིད་ཚོགས་ཆུང་ཞིག་ནུབ་ཕྱོགས་ཀྱི་ནད་ཡམས་རྩུབ་ས་དག་ལ་ལམ་དུ་ཆས་ཐུབ་ན། ཏན་ཏན་ཚེ་སྲོག་གྲངས་མེད་ཅིག་གི་དཔུང་རོགས་སུ་ལངས་ཐུབ་པ་མ་ཟད། རྒྱལ་སྤྱིའི་སྟེང་བོད་དོན་ཁྱབ་སྤེལ་གྱི་ལས་དོན་ཡང་ཞར་ལ་འགྲུབ་རྒྱུ་ཡིན། འུ་ཚོས་ཐེ་ཝན་ལ་དཔེ་བླངས་ནའང་འགྲིག་པར་འདོད་དེ། ཐེ་ཝན་གྱིས་གནད་འགག་གི་སྐབས་འདིར་ནུས་པ་ཡོད་རྒུས་རང་སྲུང་དང་། རྒྱལ་སྤྱིའི་སྟེང་དུ་ཁ་ཐུམ་མངགས་པ་དེས་ཉིན་རེ་བཞིན་ཐེ་ཝན་གྱི་མཚན་མཐོང་ཆེ་རུ་འགྲོ་བཞིན་ཡོད། ང་ཚོས་ཀྱང་གོ་སྐབས་དམ་འཛིན་བྱས་ཏེ་བོད་ཀྱི་གསོ་བ་རིག་པའི་རྒྱལ་སྤྱིའི་གནས་བབ་དང་བོད་དོན་འཐབ་རྩོད་ཀྱི་གནས་བབ་གཉིས་ཀའི་ཆེད་འབད་བརྩོན་བྱེད་དགོས་པ་ཅི་བས་གལ་ཆེ་བ་ཡིན།
ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་གི་ནང་དུ། བོད་སྨན་ལ་ཁྲིམས་མཐུན་གྱི་སྨན་དུ་ངོས་འཛིན་མེད་པ་དང་། བོད་སྨན་ལ་བདག་པོ་རྒྱག་པའི་རྒྱལ་ཁབ་མེད་པ་དེས་བོད་སྨན་གྱི་འཕྲིན་ལས་ལའང་ཚད་བཀག་བྱས་ཡོད། ཡིན་ནའང་། གནད་འགག་གི་སྐབས་སུ་དེ་འབྲེལ་གྱི་གོ་སྐབས་བརྩོན་ལེན་བྱས་ན། འབྲས་བུ་འབྱུང་བར་རེ་བ་ཆེ་བས་ངས་དེ་ལུགས་ཀྱི་བརྩོན་ལེན་བྱེད་ཐབས་འགའ་གྲོས་གཞིར་འབུལ་འདོད་བྱུང་།

སྐབས་འདིར་བོད་སྨན་རྒྱལ་སྤྱིའི་སྡིངས་ཆ་བརྒྱུད་པ་ལ་༸གོང་ས་མཆོག་གི་མཚན་གནས་བརྒྱུད་པ་ལས་ཐབས་གཞན་མེད། བོད་སྨན་འདི་བཞིན་སྨན་དུ་ལྟ་ཅི་ལུས་ཟུངས་གསོ་བྱེད་ཙམ་དུའང་ངོས་ལེན་བྱས་མེད་པས། སྨན་པ་རེ་ཟུང་གིས་རང་གི་སྒེར་གྱི་ནད་པ་བརྒྱ་ཤོག་འགའ་རེ་སྐྱབས་ཀྱང་མི་སྒེར་གྱི་འཕྲོད་བསྟེན་དང་། གཟུགས་གཞིའི་ཕན་ནུས་ལས་རང་འགུལ་གྱིས་ནད་ལས་གྲོལ་བ་ཙམ་ལས་གཞན་དུ་ངོས་འཛིན་བྱེད་དཀའ་བ་ཡིན། རྒྱ་གར་དུ་བོད་ཀྱི་སྨན་རྩིས་ཁང་དང་དེར་ཡན་ལག་སྨན་ཁང་བཞི་བཅུ་ཞེ་གྲངས་བཙུགས་ཡོད་པ་དེ་དག་གིས། རྒྱ་གར་བ་ནད་པ་ས་ཡ་མང་པོར་སྨན་བཅོས་ཞུས་དང་ཞུ་བཞིན་ཡོད་མོད། རྒྱ་གར་གྱིས་ཚེ་ཡི་རིག་བྱེད་ཙམ་གྱི་རིག་གནས་ཤིག་ལས་ངོས་འཛིན་བྱས་མེད། ད་རེ་སྨན་རྩིས་ཁང་གིས་སྔ་ས་ནས་སྙན་ཞུ་བརྒྱབ་འདུག་མོད་གྲགས་འགུལ་མེད་པ་ནི་མཆོག་མཆན་མ་ཐོབ་པ་ཡིན་སྙམ།

ཡང་རྒྱལ་སྤྱིའི་སྟེང་དུ་བོད་སྨན་དང་འབྲེལ་བའི་ཚོགས་པ་འགའ་རེ་ཡོད་པ་དང་། སྨན་རྩིས་ཁང་ལྟ་བུས་ཞིབ་འཇུག་རང་བཞིན་ཅན་གྱི་སྨན་བཅོས་བྱས་ནས་ནད་པ་བརྒྱ་ཚོ་འགའ་རེ་ནད་ལས་གྲོལ་བཅུག་ནའང་རྒྱལ་སྤྱིའི་སྟེང་ངོས་ལེན་ཡོད་པའི་ཞིབ་འཇུག་གི་རྒྱུ་ཆ་ཆགས་ཐུབ་མེད། དེར་བརྟེན། སྐབས་འདིར་ཡང་ང་ཚོའི་མགོན་དང་སྐྱོབ་པ་བླ་ན་མེད་པ་རྒྱལ་བ་རིན་པོ་ཆེའི་མཚན་གནས་དང་འབྲེལ་ཏེ་བརྩོན་ལེན་བྱེད་རྒྱུ་ལས་ཐབས་གཞན་མེད་པར་འདོད། ༸གོང་ས་མཆོག་དང་ཁོང་གི་མཚན་གནས་རྗེས་འབྲེལ་གྱི་ཤུགས་རྐྱེན་ནི་རྒྱལ་ཁབ་ཅིག་གི་ཤུགས་རྐྱེན་ལས་ཀྱང་ཆེས་ཆེར་རབ་ཏུ་བརྒལ་བ་ཞིག་ཡིན་པ་ནི། ཁ་སང་ཨ་རིའི་དུས་བབ་ཚགས་པར་ངོས་སུ་གསུང་འཕྲིན་བསྩལ་བ་དེ་གཅིག་པུའི་འཕྲིན་ལས་ལ་སྤྱི་བསྡོམས་ཤིག་བྱས་ནའང་གསལ་རྟོགས་ཐུབ་པ་ཡིན།

བོད་སྨན་ནི་ལུས་ཟུངས་གསོ་བྱེད་ཙམ་མིན་པར་ལུས་སེམས་གཉིས་ཀ་གསོ་བྱེད་ཀྱི་རིག་པའི་གཞུང་ལུགས་ཤིག་ཡིན་པས། གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁར་འཕྲོ་སྲིད་མོད། གཅིག་བྱས་ན། ཀྲུང་གོའི་གསོ་རིག་གི་མིང་ཐོག་ནས་རྒྱལ་སྤྱིར་འགྲིམས་མི་སྲིད་པའང་མིན་ཏེ། རྒྱ་ནག་གི་རྒྱ་ནད་ཀྱི་སྨན་པ་གཙོ་བོ་ཀྲུང་ནན་ཧྲན་གྱིས་ཉེ་བའི་ཆར་བོད་སྨན་ལ་གདེང་འཇོག་དང་དར་སྤེལ་དགོས་སྐོར་ཤུགས་ཆེན་པོས་བཤད་ཡོད་པས། ཁོ་ནི་སྤྱིར་བཏང་གི་སྨན་པ་ཙམ་མིན་པར་རྒྱ་དམར་སྲིད་གཞུང་གི་སྨྲ་ལྕེ་ཡང་ཡིན་པ་འུ་ཚོར་གསལ་པོར་གྱུར་ཡོད། རྒྱ་ནག་གིས་བོད་ཀྱི་ནང་ཆོས་ཀྱི་ཁ་གཏད་དུ་ཁུང་ཙི་ཁྱབ་སྤེལ་བྱས་མོད་ལེགས་འགྲུབ་མ་བྱུང་བའི་རྗེས་སུ། ནང་ཆོས་ཀྱང་ཀྲུང་གོའི་རིག་གནས་ཤིག་ཡིན་རབས་ཀྱི་གཏམ་འཆལ་རྒྱལ་སྤྱིར་སྤེལ་མགོ་བཙུགས་ཡོད། དེ་བཞིན་བོད་ཀྱི་གསོ་བ་རིག་པ་འདི་ཡང་རྒྱ་ནག་གི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པའི་ཟློས་གར་འཁྲབ་སྟོན་གྱི་མགོ་ཚུགས་ཡོད། དེ་ནི་ང་ཚོས་ཉེ་བའི་ལོ་ཁ་ཤས་རིང་རྣམ་པ་མི་འདྲ་བ་བྱས་ཏེ་བོད་ཀྱི་གསོ་རིག་འདི་བཞིན་རྒྱའི་རིག་གནས་ཀྱི་ཆ་ཤས་ཡིན་པར་འབད་དེ་རྒྱལ་སྤྱིའི་ཚོགས་འདུ་ལྟ་བུ་ཚོགས་ཀྱི་ཡོད་པ་ལས་ཤེས་ཐུབ། འདིའི་སྐོར་ལ་བོད་ཀྱི་སྨན་རྩིས་ཁང་གིས་གསར་འགོད་གསལ་བསྒྲགས་རིམ་པའང་སྤེལ་ཡོད། ད་དུང་ངས་དྲན་སྐུལ་ཞིག་བྱེད། རྒྱ་གར་ནས་ཀྱང་བོད་ཀྱི་གསོ་བ་རིག་པ་ཨེན་ཙམ་གྱིས་ལ་དྭགས་ཀྱི་ཚེ་ཡི་རིག་བྱེད་ལ་གྱུར་པ་མི་དྲན་ནམ། ཕྱོགས་ངོས་དེ་འདྲ་ནས་དཔགས་ནའང་ང་ཚོའི་སྒྲིག་འཛུགས་དང་བཅས་པས་ད་རེས་གོ་སྐབས་འདི་མ་ཤོར་བར་འབད་དགོས་པ་སྨོས་ཅི་དགོས།

གནད་འགག་གི་སྐབས་འདིར། ༸གོང་ས་མཆོག་གི་མཚན་གནས་ཀྱི་འོག་ནས་སྨན་རྩིས་ཁང་གིས་སྣེ་ཁྲིད། སྒྲིག་འཛུགས་ཀྱིས་འབྲེལ་མཐུད་དང་མཐུན་རྐྱེན་སྦྱར་ནས་མཉམ་ལས་ཤིག་བྱེད་ཐུབ་པ་ཡིན་ན། “མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་བཟློག་པར་བྱེད། །”ཅེས་གསུངས་པ་ལྟར། གྲུབ་འབྲས་ཐོན་པར་ཐེ་ཚོམ་ཅི་དགོས་སྙམ། དེ་བཞིན་གནད་འགག་གཅིག་ནི། ༸གོང་ས་མཆོག་གི་མཚན་གནས་བེད་སྤྱོད་ཞུ་བ་ལ་ལེགས་འགྲུབ་ཀྱི་གདེང་ཚོད་དགོས་པ་དེ་རེད། བོད་ཀྱི་སྨན་པ་ཚོར་གདེང་ཚོད་གང་འཚམ་མེད་ན། ༸གོང་ས་མཆོག་གི་མཚན་གནས་ཀྱི་དར་ཆ་འཕྱར་ནས་རྒྱལ་སྤྱིར་འགྲིམ་རྒྱུ་དེའང་ཉེན་ཁ་ཞིག་ཡིན་མོད། གོ་ལ་ཧྲིལ་པོ་ཉེན་ཁའི་ནང་ལྷུང་ཡོད་པའི་སྐབས་འདིར། གང་དགའ་ཅི་དྲག་ལས་ཉེན་ཁ་ལ་འཛེམས་ནས་བསྡད་པས་གར་ཡང་མི་སླེབས་ཤིང་དཔའ་རྟགས་འཇོག་ཐབས་བྲལ་བ་ཡིན། རླབས་ཆེན་གྱི་ལས་དོན་དེ་བས་ཀྱང་སྒྲུབ་མི་ཐུབ། དེ་ལུགས་སྐུ་སྒེར་ལ་ནན་ཞུ་དང་ལམ་སྟོན་གཞི་རྩར་འཇོག་རྒྱུ་ཅི་བས་གལ་ཆེ་བའང་སྨྲས་མ་དགོས།

ཡིན་ནའང་། བོད་ཀྱི་སྨན་པ་ཚོས་ས་གནས་ལ་ལ་ནས་ནད་པ་ལ་ལར་ཕན་སོང་རབས་ཀྱི་སྒྲུང་རིང་སྒྲུང་ཐུང་བཅོ་བརྒྱད་ངོ་དེབ་དང་སྐད་འཕྲིན། བོད་ཀྱི་རླུང་འཕྲིན་བརྒྱུད་ལམ་ནས་ལྕེ་དམར་རྐན་ལ་བརྡབས་ན་ངར་སེ་འདུག་ཀྱང་། དོན་དངོས་ཀྱི་ཉེ་སར་བཅར་ནས་ཉན་པ་ན། ཁ་པར་གྱི་ལམ་ནས་ནད་པ་ལ་ནད་འདྲི་སྨན་སྟེར་ཙམ་ལས། ནད་པའི་ཉེ་སར་དངོས་སུ་བཅར་ནས་ནད་བརྟག་སྨན་སྦྱིན་བྱེད་མཁན་མ་བྱུང་བ་ལྟ་བུར་འདུག་སྟབས། གདེང་ཚོད་མེད་ན། དཔའ་བཤད་རྒྱག་མཚམས་ཀྱང་བཞག་ན་ཨེ་མི་དགའ་སྙམ་མོད། གདེང་ཚོད་ཡོད་ན། བོད་ཀྱི་སྨན་པའི་ལྷན་ཚོགས་སོགས་ཀྱིས་དྲ་ལམ་བརྒྱུད་གྲོས་བསྡུར་བྱས་ནས་གང་མགྱོགས་ལམ་ལ་ཆས་རན་འདུག་སྙམ།

བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་འདི་དང་པོ་མགོ་འཛུགས་སྟངས་ནི། མི་ན་བར་གནས་པར་འདོད་པ་དང་ན་བ་གསོ་བར་འདོད་པ་མཐའ་དག་གི་ཆེད་དུ། ཆོས་རྒྱལ་བཀའ་དྲིན་ཅན་སྐུ་དངོས་ཀྱིས་རྒྱལ་ཁབ་སོ་སོ་ནས་ཆེད་མཁས་གསོ་བྱེད་རིག་པ་བ་གདན་ཞུས་ཀྱིས་མགོ་བཙུགས་ཡོད། དེ་ནི་དེང་སང་གི་བཤད་སྟངས་ཀྱིས་བཤད་ན། རྒྱལ་སྤྱིའི་རང་བཞིན་ཅན་དུ་མགོ་འཛུགས་བྱས་ཡོད་པ་ཞིག་ཆགས་ཡོད་སྟབས། རྒྱལ་སྤྱིའི་རང་བཞིན་ཅན་དུ་གྱུར་ཆོག་ཆོག་ཡིན་པར་སྙམ། “ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན། །སྨན་པ་ཆེན་པོའི་གྲངས་སུ་མི་འགྲོ་སྟེ། །བདག་དང་གཞན་ལ་ཕན་པར་མི་ནུས་པས། །བར་སྣང་མཁའ་ལ་ཇི་ལྟར་མཐོས་བསྙབ་བཞིན། །བྷ་ར་དྷ་ཛ་དྲང་སྲོང་ཆེན་པོ་དང་། །ག་ལེས་ནོས་ནི་རྒྱལ་ཚབ་ཐུ་བོ་དང་། །ཧེད་ཝན་ཧད་དེ་ས་བདག་དབང་བསྐུར་བ། །འཕྲུལ་ཆེན་གསུམ་པ་བདུད་རྩི་བུམ་པ་བསྔགས། །”ཞེས་པ་ལྟར། ཆོས་རྒྱལ་བཀའ་དྲིན་ཅན་སྲོང་བཙན་སྒམ་པོའི་སྐབས་སུ། རྒྱ་གར་སྨན་པ་བྷ་ར་དྷ་ཛ་དང་རྒྱ་ནག་སྨན་པ་ཧེན་ཝན་ཧན། སྟག་གཟིག་སྨན་པ་ག་ལེས་ནོས་བཅས་གདན་དྲངས་ནས་ནད་བཅོས་ཀྱི་སྐོར་ལ་ཞིབ་འཇུག་བྱས་ཏེ། ༼ མི་འཇིགས་པའི་མཚོན་ཆ་ ༽བམ་པོ་བདུན་གསར་རྩོམ་མཛད་ནས་རྒྱལ་བོ་ལ་ཕུལ་བར། རྒྱལ་བོས་བྱ་དགའ་བསྩལ་ནས་ཡུལ་སོ་སོར་མངགས་པ་དང་། །རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུའང་རྒྱ་གར་དང་། རྒྱ་ནག ཨ་རབ་བཅས་ཀྱི་གསོ་རིག་མཁས་པ་ལྷན་འཛོམས་ཀྱི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་སྨན་པའི་ཚོགས་ཆེན་འཚོགས་མྱོང་མོད། འུ་ཚོའི་དུས་སྐབས་སུ་གོ་སྐབས་གདོང་ལ་བསྣར་ཡང་མིག་བཙུམ་བསྡད་ན་མི་འགྲིག་པར་འདོད།

བོད་ཀྱི་གསོ་བ་རིག་པར་མཚོན་ན། ཟས་ཀྱི་སྒོ་ནས་ནད་བཅོས་བྱེད་སྟངས། སྤྱོད་ལམ་གྱི་སྒོ་ནས་གསོ་བཅོས་བྱེད་སྟངས། སྨན་གྱི་སྒོ་ནས་སྨན་བཅོས་བྱེད་སྟངས། རྫས་ཀྱི་སྒོ་ནས་བཅོས་ཐབས། སྔགས་ཀྱི་སྒོ་ནས་བཅོས་ཐབས་བཅས་རྒྱ་ཆེ་བ་ཞིག་ཡོད་མོད། སྤྱི་བཤད་ཙམ་གྱིས་མི་འགྲིག་པར་གསོ་སྟངས་གང་གིས་རིམས་ནད་འདི་ལ་ཕན་གྱི་ཡོད་མེད་དང་། དུས་ཚོད་གང་འདྲ་དགོས་མིན། གསོ་ལུགས་ཇི་ལྟར་ཡིན་མིན། ཕན་སྐྱེད་འབྱུང་སྟངས་དང་བཅས་པར་ཞིབ་འཇུག་གི་རིན་ཐང་ཡོད་པ་ཞིག་གནང་དགོས་བ་ཅི་བས་གལ་ཆེ་བ་སྟེ། བལྟ་རེག་དྲི་གསུམ་གྱིས་ངོས་འཛིན་གསལ་བ། ནད་ཁམས་རྒྱུས་ལོན་གྱི་གནས་བབ་གསལ་བ། ནད་གཞི་གསོ་བཅོས་ཀྱི་དཔེ་གཞི་ཡོད་པ་སོགས་ཚན་རིག་གི་བྱེད་ཐབས་ལ་སྙེག་པ་ཞིག་བྱུང་ན་ཏན་ཏན་རྒྱལ་སྤྱིའི་རང་བཞིན་གྱི་ངོས་ལེན་ཡོང་བར་ཕན་པ་ཡིན། དེ་མིན་ཕན་སོང་ཟེར་བ་ཙམ་དང་། དེ་འབྲེལ་གྱི་སྐད་ཆ་སྙན་པོ་བཤད་པ་ཙམ་གྱིས་རྔོ་མི་ཐོགས་པ་ཡིན་ཙ་ན། བདེན་དཔང་ཡིག་ཆ་སྤོག་སེར་རྒྱལ་སྤྱིའི་མིག་ལ་བཤམས་བརྒྱུད་རིམ་ངོ་མ་རྒྱལ་སྤྱིའི་རྣ་བར་བསྒྲགས་པ་ཡིན་ན། རྒྱ་ནག་ལྟ་བུ་སྲིད་གཞུང་ལོང་བ་དག་གིས་ངོས་ལེན་མི་བྱེད་པའི་དབང་དུ་བཏང་ནའང་། བདེན་པ་དང་གནས་ལུགས་གཙོ་བོར་བྱེད་པའི་མང་གཙོའི་སྒྲིག་འཛུགས་ཁག་གིས་ཏན་ཏན་ངོས་ལེན་བྱེད་ངེས་ཡིན། ཡང་ན། སྲིད་གཞུང་དག་གིས་ངོས་ལེན་མ་ཐུབ་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་བོད་ཀྱི་གསོ་བ་རིག་པའི་ཐུན་མིན་གྱི་ནུས་སྟོབས་གསར་སྤེལ་ཐུབ་ན་དེའང་འུ་ཚོ་གངས་ཅན་པ་རུ་སྐྱེས་པའི་བུ་རྟགས་ཤིག་ཡིན།

ཡོངས་གྲགས་སུ་གཡུ་ཐོག་གིས་རྒྱ་གར་གཅིག་པུར་བླ་མ་བརྒྱ་རྩ་གཅིག་ལས་གདམས་ངག་ཞུས་ནས་ཕེབས་པའི་ལོ་རྒྱུས་ཡོད་པ་ལྟར། སྤྱིར་བཏང་གི་ནད་གཞི་དག་ལ་མན་ངག་གི་ཐབས་ལམ་བརྒྱུད་དགོས་དོན་མེད་ཀྱང་། རིམས་དང་འབྲེལ་བའི་ནད་ཡམས་ལ་རིགས་སྔགས་ཀྱི་ལྷ་སྒྲུབ་དགོས་པ་དང་། སྨན་སྒྲུབ་བྱེད་དགོས་པའི་རིགས་ཀྱང་ཏན་ཏན་ཡོད་ངེས་པས། རྒྱུད་བཞིར་ཚིག་འགྲེལ་འགྲོ་བ་ཙམ་ཞིག་གིས་ནད་ངན་འདི་ལ་ཁ་གཏོད་གཅོག་དཀའ་མོད་ཀྱང་། གཞུང་ལུགས་དང་ལག་ལེན་གཉིས་ཀར་མཁྱེན་པ་དང་ཉམས་མྱོང་རྒྱས་པའི་སྨན་པ་གསེར་གྱི་རི་བོ་ལྟ་བུ་རེ་འགའ་ཡོད་ངེས་པས། ཁོང་ཅག་ལ་ཀོ་རོ་ན་ནད་ཡམས་འདི་བཞིན་ཐལ་བར་གཏོང་བའི་གོ་སྐབས་ཤིག་ང་ཚོས་བརྩོན་ལེན་ཐུབ་དགོས་པར་སྙམ།

མདོར་ན། བོད་ཀྱི་སྨན་རྩིས་ཁང་གིས་སྣེ་ཁྲིད་དང་། འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱབ་རོགས། བོད་ཀྱི་སྨན་པའི་ལྷན་ཚོགས་སོགས་ཚོགས་སྡེ་དང་སྨན་ཁང་ཁག་དང་མཁྱེན་མྱོང་གཉིས་ལྡན་གྱི་སྨན་པ་སྒེར་བ་དག་བཅས་མ་སྐུལ་དང་བས་ལས་འདིར་མཉམ་ཞུགས་གནང་སྟེ། རྒྱ་ནད་ལ་གདོང་ལེན་བྱེད་ཐབས་བཙལ་བ་ཡིན་ན། དཔའ་གདེང་ཞིག་རྙེད་པར་འདོད། དཔའ་གདེང་ཞིག་རྙེད་པ་ཡིན་ན། ལས་གཞི་སྒྲིག འཆར་གཞི་བཀོད། གོམ་པ་རྒྱག་སྟངས་གསལ་བ་ཞིག་བྱས་ཏེ། དེ་ལུགས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་སྙན་གསན་ཕུལ་ནས་སྟ་གོན་ལ་ཞུགས་པ་ཡིན་ན། ད་རེས་ང་ཚོས་རྒྱལ་སྤྱིའི་མང་ཚོགས་ལ་ཕན་གྲོགས་བྱེད་ཐུབ་ངེས་སུ་འདོད་པས། བོད་ཀྱི་སྨན་པ་ཚོ་ལམ་ལ་ཆས་རན་འདུག་ཅེས་ཞུ་བ་ཡིན་ལགས།

སྤྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༨ ཉིན།

བསམ་ཚུལ།

Post navigation

Previous Post: ང་ཏོག་དབྱིབས་ནད་དུག་ལ་སྐྲག་གི་མེད།
Next Post: ཐག་གཅོད་དེའི་མཇུག་འབྲས་ལ་བསམ་བློ་གཏོང་རྒྱུ་ད་དུང་འཕྱི་དྲགས་མེད།

Comments (17) on “བོད་ཀྱི་སྨན་པ་ཚོ་རྒྱལ་སྤྱིའི་སྟེང་ཆས་དགོས་པའི་དུས་ལ་བབས་པ།”

  1. གསལ་ལེ་རྒྱལ། says:
    2020-04-20 at 5:40 am

    གོ་སྐབས་ཡོད་དུས་ཚང་མས་མཉམ་རུབ་བྱེད་དགོས།

  2. བན་དེ་བ་ཉི་མ། says:
    2020-04-20 at 9:20 am

    བོད་སྨན་གྱིས་ཕན་རབས་ཤོད་དུས་ཡང་ལོ་རྒྱུས་རྫུན་མ་དེ་ཚོ་བགྲང་ཡོང་གི་འདུག བོད་པས་བོད་སྨན་རྒྱ་གར་ནས་བྱུང་ཟེར་ནས་ངོམ་དུས་རྒྱ་གར་གྱིས་ཀྱང་ཡིན་ཟེར་ནས་རྒྱ་སྨན་ཨཡ་ཝེར་ཏྲིག་གི་སྡེ་ཆན་དུ་བཅུག་ཡོད་ཡང་བོད་པས་དེ་མ་རེད་ཟེར་ནས་ཚུར་ལེན་རྒྱུའི་འཆར་གཞི་བྱེད་ཀྱི་འདུག་ཁག་པོ་རེད། གང་ལྟར་བོད་སྨན་ནི་བོད་སྨན་རང་རེད། བོད་སྨན་ནི་ཆོས་རྒྱལ་ཟེར་བ་དེ་ཚོའི་བཀའ་དྲིན་ཆི་མ་རེད། ཡུན་རིང་ནས་བྱུང་བའི་བོད་པའི་མེས་པོ་དེ་ཚོ་ལས་བྱུང་བ་མ་གཏོགས་ཚང་མ་ཆོས་རྒྱལ་ཆོས་རྒྱལ་ཟེར་ནས་བཤད་སྟངས་འདི་ཚོས་བོད་ཀྱི་ལོ་རྒྱུས་ནག་བསུབ་གཏོང་གི་འདུག

  3. བསོད་ནམས། says:
    2020-04-20 at 10:05 am

    ཁོས་མི་རིགས་ཀྱི་ཆེད་དུ་བསམ་ཚུལ་གསུངས་བ་ཡག་བྱུང་། ད་ལྟ་བོད་སྨན་གྱིས་རྒྱ་ནད་ལ་ཁ་གཏད་འཇལ་རྒྱུ་ནི་ཧ་ཅང་གི་ཁག་པོ་ཡིན་ཞིང་། རྒྱལ་ཁབ་སོ་སོའི་ཁྲིམས་མཐུན་གྱིས་ངོས་ལེན་མེད་ན། སྨན་ཁང་གིས་སྨན་གཅིག་ཀྱང་བེད་སྤྱོད་བཏང་ཆོག་གི་མ་རེད། འཇར་པན་གྱིས་ནད་ཡམས་ཀྱི་སྨན་ཞིག་ཡོ་རོབ་ཏུ་ཚོད་ལྟ་ཡི་ཆེད་དུ་བཏང་འདུག་ཀྱང་། བདག་པོ་བྱེད་མཁན་མི་འདུག དེ་ལས་བོད་ལ་དགོན་པ་མང་བས། དགོན་པ་ཚོས་ཁ་རས་བཟོས་ནས་སྤྲད་ན་ཕན་གི་རེད། འོན་ཀྱང་། ད་ལྟ་རྒྱལ་ཁབ་སོ་སོས་ཁ་རས་མང་དུ་བཟོ་བཞིན་ཡོད་པས་ཁ་རས་ཀྱི་དུས་སྐབས་ཀྱང་ཕལ་ཆེར་ཡོལ་བཞིན་འདུག ཨ་རིའི་ཁྲོ་རྒན་གྱིས་ཀྱང་ད་ནི་ཁོ་ཚོ་ལ་མཐུན་རྐྱེན་གྱིས་འདངས་ཚུལ་གྱི་ཁ་ཕོད་བཤད་རན་ལ་སླེབས་འདུག ཁོས་ཁ་སང་ད་ལྟ་ཨ་རི་ནི་དབུགས་འཐེན་གྱི་རྒྱལ་བོ་ཡིན་ཞེས་བརྗོད་འདུག དེ་བརྟེན། དགོས་མཁོ་ཡོད་སའི་རྒྱལ་ཁབ་ཚོར་ཨ་རིའི་རོགས་པ་བྱེད་ཀྱིན་ལབ་འདུག

  4. བྱང་ཆུབ་ལོ་མ། says:
    2020-04-20 at 11:55 am

    བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱི་བསམ་ཚུལ་འདི་ཧ་ཅང་ལེགས། ཐུགས་རྗེ་ཆེ་ཞུ།

    བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན། བོད་སྨན་དང་བོད་ཀྱི་ཨེམ་རྗེའི་སྟོབས་ཤུགས་ཨ་མ་དེ་རྒྱ་གར་ནང་ཡོད་པ་ཡིན་སྟབས། རྒྱ་གར་གཞུང་དང་འབྲེལ་བ་བྱས་ནས་ནད་ཡམས་ལ་འཐབ་འཛིང་གི་གཡུལ་དུ་ཆས་ཐུབ་པ་ཞིག་ཡོང་ཐབས་དང་། ཡང་། ད་ལྟའི་གསར་འགྱུར་བརྒྱུད་ལམ་གྱི་གནས་སྟངས་ལ་བལྟས་ན། ནུབ་ཕྱོགས་རྒྱལ་ཁབ་ཁག་ན་སྨན་པ་སྒེར་བ་མང་པོ་ཡོད་པ་དང་། ཁོང་ཚོར་ཡང་སྟོབས་ཤུགས་གང་ལ་གང་འཚམ་ཞིག་ཡོད་བཟོ་འདུག་ན། རང་རང་གནས་ཡུལ་ནས་སྨན་པའི་ཚོགས་ཆུང་བཙུགས་ཏེ་ས་གནས་གཞུང་དང་རྒྱལ་ཁབ་གཞུང་ལ་ད་རེས་ནད་ཡམས་ལ་འཐབ་འཛིང་གི་གོ་སྐབས་ཤིག་སྤྲོད་རོགས་ཞུ་ཐུབ་ནའང་གཟི་བརྗིད་ཅིག་ཆགས་ཀྱི་རེད།

  5. བོད་ཡིག་སྐྱབས། says:
    2020-04-20 at 12:41 pm

    ལྷག་པའི་བསམ་པས་བསྐུལ་བའི་གཏམ།།
    མ་ཕན་ན་ཡང་གནོད་མི་སྲིད།།
    དུས་སུ་བབས་པའི་ཆར་བ་ནི།།
    ཞིང་པའི་གསོས་སུ་འགྱུར་བ་བཞིན།།

    གཡུ་ཐོག་མགོན་པོའི་རྣམ་སྤྲུལ་ཞིག།
    ཡོད་ན་རྫུ་འཕྲུལ་ཅིས་མི་སྟོན།།
    གཉན་འཇོམས་རིན་ཆེན་རིལ་བུ་ཞིག།
    ཡོད་ན་གླིང་འདིར་ཅིས་མི་གྲགས།།

  6. རིག་པའི་བུ་རྒོད། says:
    2020-04-20 at 12:55 pm

    བོན་རྒྱའི་བསམ་འཆར་ལ་མངོན་པར་བསྟོད།

  7. ཀརྡོ་རབ་འབྱམས་པ་ says:
    2020-04-20 at 1:25 pm

    ་་་་་་་་་་ རྒྱ་ནད་ལ་གདོང་ལེན་བྱེད་ཐབས་བཙལ་བ་ཡིན་ན། དཔའ་གདེང་ཞིག་རྙེད་པར་འདོད། ་་་་་་་་་་

  8. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-04-20 at 11:07 pm

    ནད་ངོ་ཟིན་ན་སྨན་ཡང་ཡོད།
    ནད་ངོ་མ་ཟིན་སྨན་ཡང་མེད།
    དཀར་པོ་ཡོད་ན་ནག་པོ་ཡོད།
    དཀར་པོ་མེད་ན་ནག་པོ་མེད།
    ཉི་མ་ཡོད་ན་ཟླ་བ་ཡོད།
    ཉི་མ་མེད་ན་ཟླ་བ་མེད།
    བདེ་བ་ཡོད་ན་སྡུག་བསྔལ་ཡོད།
    བདེ་བ་མེད་ན་སྡུག་བསྔལ་མེད།
    ཕོ་ཡོད་ན་མོ་ཡང་ཡོད།
    ཕོ་མེད་ན་མོ་ཡང་མེད།
    ཉིན་མོ་ཡོད་ན་མཚན་མོ་ཡོད།
    ཉིན་མོ་མེད་ན་མཚན་མོ་མེད།
    སངས་རྒྱས་ཡོད་ན་སེམས་ཅན་ཡོད།
    སངས་རྒྱས་མེད་ན་སེམས་ཅན་མེད།
    ཐམས་ཅད་རྒྱུ་དང་རྐྱེན་ལ་རག།

  9. ཉི་མ་རང་གྲོལ། says:
    2020-04-21 at 2:20 am

    བོད་ཀྱི་སྨན་པ་རྣམས་སྨན་རྩིས་ཁང་གི་ལམ་སྟོན་འོག་ལ་ཤར་བསྐྱོད་དང་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བསྐྱོད་ན་ལམ་ཁ་ཞིག་རྙེད་ཐུབ་པ་གདའ། དེ་མིན་སྲན་མ་རྔ་ཐོག་གཏོར་བ་བཞིན་ང་ཡིན་ཁོ་ཡིན་ང་འཇོན་ཁོ་འཇོན། གཞན་གྱིས་ཟོར་པར་མིག་ཚ་རང་གིས་ཟོས་ན་ཁ་ཚ་བ་ལྟར་བཟོ་ན་རེ་བ་མེད།

  10. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-04-21 at 3:37 am

    བཙན་བྱོལ་བོད་མིའི་གསོ་བ་རིག་པའི་དཔུང་སྡེ་ཚོར་གཡུ་ཐོག་མགོན་པོའི་སྤྲུལ་པ་སྟོན་ནས་སྨན་དཔེ་བརྒྱ་ཡིའི་ནང་དུ་མི་འདུག་སྟེ་གཡུ་ཐོག་མཁས་པ་ང་ཡིས་མཁས་ཚུལ་ཡིན་ཟེར་བའི་རྐུབ་ནས་གཡོས་ཐོན་ཤིང་གཅོད་ལྟ་རེ་ཁྱེར་སྟུ་ལ་ལབ་ཤོར་སྣ་ལ་སུག་པ་གདུགས་ཟེར་པའི་མཁས་ཚུལ་སྟོན་རྒྱུ་ཡོད་ན་ཀོ་རོ་ན་༡༩་ཏོག་དབྱིབས་ནད་ཡམས་དེ་ཚར་གཅོད་དགོས་པའི་དུས་ལ་བབས་མི་འདུག་གམ་ཧཧཧ

  11. ལྷག་པ། says:
    2020-04-21 at 5:46 am

    བོན་རྒྱའི་ལྷག་བསམ་དང་སེམས་ཤུགས་ལ་རྗེས་སུ་ཡི་རང་ཞུ། ང་ཡང་དེ་ལྟར་བྱུང་ན་སྙམ། འོན་ཀྱང་དོན་དངོས་དེ་ནི་འགྲུབ་ཐབས་མེད། བོད་སྨན་གྱིས་ཚབས་ཆེའི་ནད་པ་ཇི་སྙེད་ཅིག་གི་སྲོག་བསྐྱབས་པ་གནས་ཚང་རྒྱ་གར་གཞུང་གིས་གཙོས་རྒྱལ་ཁབ་དང་མི་དམངས་མང་པོས་ཤེས་ཀྱི་ཡོད།
    འོན་ཀྱང་ཆབ་སྲིད་ཀྱི་དཀའ་ངལ་དབང་གིས་གཞུང་འབྲེལ་ཁས་ལེན་ད་བར་བྱས་མེད་ལ་ད་ལྟའི་དུས་ལ་མངོན་གསལ་དོད་པོས་སྡིངས་ཆར་དེ་བས་ཐོན་བཅུག་གི་མ་རེད།
    འགག་རྩར་ཐུག་དུས་༸གོང་ས་མཆོག་གི་མཚན་བེད་སྤྱད་ཀྱང་རེ་བ་ཡོད་མ་རེད། སྨན་རྩིས་ཁང་གིས་གནང་འོས་པའི་འགན་དེ་གནང་སོང་དྲན། ཉེ་ལམ་རྒྱ་གར་གཞུང་ལ་ཕུལ་བའི་ཞུ་ཡིག་ཅིག་དྲ་ལམ་ཁག་ལ་ཁྱབ་སོང་། དེ་ནི་ཧ་ཅང་གནད་དུ་ཁེལ་བ་ཞིག་རེད། འོན་ཀྱང་གཞུང་འབྲེལ་ཆོག་མཆན་ནམ་ཡང་སྤྲད་ཀྱི་མ་རེད།
    བོད་སྨན་གྱི་ཐོག་ལ་བོད་མིའི་སྒྲིག་འཛུགས་དང་སྨན་པའི་ལྷན་ཚོགས་ལ་རེ་བ་ཏིལ་འབྲུ་ཙམ་ཡོད་མ་རེད།
    སྨན་པའི་ལྷན་ཚོགས་དེ་བོད་སྨན་ཡར་རྒྱས་དང་དག་ཐེར་ཆེད་བཙུགས་པ་ཡིན་ཡང་། མགོ་ལ་སྐྱེས་པའི་ར་མིག་ལ་ཟུག་ནས་ཧི་མ་ལ་ཡའི་རི་རྒྱུད་པ་གཙོས་སྨན་པ་རྫུན་མ་མང་པོ་བཟོས་ཏེ། གསོ་བ་རིག་པ་དང་། བོད་ཀྱི་མཚན་སྙན་བཅས་ལ་ཧ་ཅང་གནོད་སྐྱོན་བཏང་ཡོད། ད་སྐབས་ཀྱང་མིང་རྫིག་པོའི་འོག་མི་རེ་གཉིས་ཀྱི་འཚོ་རྟེན་ཙམ་རེད།

  12. ཇ་མ་ says:
    2020-04-21 at 10:34 am

    བོད་སྨན་པ་ཚོས་ལབ་རྒྱབ་པ་ཙམ་ལས་གནད་འགག་གིས་སྐབས་སུ་གང་ཡང་མེད། གལ་སྲིད་ཡོད་ན། རྒྱ་སྟག་གི་རི་མོ་རྒྱ་སྒང་ལ་སྟོན་སྒང་རེད།

  13. tashi says:
    2020-04-22 at 2:19 am

    ལྷག་པ་ལགས་ནས་ཧ་ཅང་ཡག་པོ་གསུང་གནང་འདུག རྒྱབ་སྐྱོར་ཡོད་དོ།

  14. གཡུ་ཐོག says:
    2020-04-22 at 2:20 am

    བོད་སྨན་གྱི་ཕན་ཡོན་རྒྱལ་སྤྱིའི་སྟེང་དུ་ངོས་འཛིན་གདེངས་འཇོག་ཡོད་པ་གསལ་པོ་རེད། ཡིན་ཡང་ང་ཚོར་བོད་མིར་རང་གི་རྒྱལ་ཁབ་མེད་ལ་རང་དབང་ཡང་མེད། རྒྱལ་ཁབ་གཞན་ལྟར་བོད་སྨན་སྦྱོར་བཟོ་བྱེད་ནས་རྒྱལ་སྤྱིའི་སྟེང་ནད་བཅོས་ཀྱི་གོ་སྐབས་ག་ལ་ཐོབ། གནས་ཡུལ་རྒྱ་གར་ལྟ་བུའི་ནང་བོད་སྨན་གྱི་མིང་ཁྱེར་ནས་ལག་བསྟར་བྱེད་མི་ཆོག་ལ་རྒྱལ་སྤྱིའི་སྟེང་རྨི་ལམ་རེད། ཐ་ན་སྐེར་གདོགས་རིམ་སྲུང་རྡོ་རྗེ་ཕ་ལམ་ཡང་རྒྱ་གར་གཞུང་ནས་ཚོང་འགྲེམས་མི་ཆོག་པའི་བཀའ་རྒྱ་གཏོང་ཡོད། ཏོག་དབྱིབས་ནད་པར་བོད་སྨན་ཐོག་ནས་སྨན་བཅོས་བྱེད་རྒྱུ་རྨི་ལམ་རེད། ང་ཚོར་རྒྱལ་ཁབ་མེད་པས་རང་དབང་ཡང་མེད། སོ་སོའི་རིག་གཞུང་རྣམས་མི་ཉམས་བརྒྱུད་འཛིན་བྱེད་ཐུབ་ན་ཡག་ཤོས་རེད་མ་ཏོག་གཞན་ཡུལ་དུ་བསྡད་ནས་རྒྱལ་སྤྱིའི་སྟེང་བོད་ཀྱི་གསོ་བ་རིག་པས་ལག་རྩལ་སྟོན་ཡག་རྨི་ལམ་རེད། སུས་ཡང་གོ་སྐབས་སྤྲོད་ཀྱི་མ་རེད། མཐའ་ན་གནས་ཡུལ་རྒྱ་གར་གཞུང་གི་ཡང་ཆོག་མཆན་སྤྲོད་ཀྱི་མ་རེད།

  15. ཉི་མ་རང་གྲོལ། says:
    2020-04-22 at 2:46 am

    སྨན་པའི་ལྷན་ཚོགས་ཟེར་བ་དེས་སྨན་པའི་ལག་འཁྱེར་ཧི་མ་ལ་ཡའི་སྨན་ཚོང་པ་རྣམས་ལ་སྤྲད་ནས་བོད་སྨན་གྱི་ཆེ་མཐོང་ལ་གནོད་སྐྱོན་བཏང་བདའ།

  16. ལྷག་པ། says:
    2020-04-22 at 4:09 am

    ཉི་མ་རང་གྲོལ་ལགས་ཀྱིས་གསུངས་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། སྨན་གཞུང་ལ་གོམས་འདྲིས་ཙམ་མེད་ཀྱང་སྨན་པ་ཡིན་ཟེར་བའི་ཧི་མ་ལ་ཡའི་རི་རྒྱུད་པས་གཙོས་མི་མགོ་བདེ་མང་པོ་ཞིག་ལ་སྨན་པའི་ལྷན་ཚོགས་ཀྱིས་སྨན་པའི་ལག་ཁྱེར་སྤྲད་དེ་གསོ་བ་རིག་པའི་བསྟན་པ་བཤིག་ཡོད། འོན་ཀྱང་བོད་སྨན་གྱི་མིང་འཁུར་བའི་ཧི་མ་ལ་ཡ་དེ་དག་གིས་ད་སྐབས་སྨན་པའི་ལྷན་ཚོགས་ལ་མིག་བལྟ་རྒྱུ་ཕར་ཞོག་ལྟག་ཁུང་ཙམ་ཡང་བལྟ་ཡི་མེད། དེས་ག་ལ་ཚད། ད་དུང་དེང་དུས་བོད་ཀྱི་སྨན་རྩིས་ཁང་ལ་རྒོལ་ཡོང་གི་ཡོད། དེ་ནི་བོད་ཀྱི་རྩ་དོན་ལ་ཐུག་ཡོད་ཀྱང་གནས་ཚུལ་དེ་དག་ཤེས་མཁན་ཧ་ཅང་ཉུང་།
    ད་དུང་ཡང་སྨན་པའི་ལྷན་ཚོགས་དེ་གནས་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ། དེ་ནི། མི་འགའ་ཞིག་གི་འཚོ་རྟེན་དང་། སྨན་རྩིས་ཁང་ལ་སྙིང་ནད་ཡོད་པའི་སྨན་པ་འགའ་ཤས་ཀྱི་སྨན་རྩིས་ཁང་གི་ལས་དོན་ལ་འཚང་ག་བརྒྱག་སྟེ། སྨན་རྩིས་ཁང་ལ་སྙིང་ནད་རྩོད་པའི་སྡིངས་ཆ་ཞིག་རེད།

  17. tashi says:
    2020-04-24 at 5:47 am

    ལྷག་པ་ལགས་གསུང་པ་དེ་ག་རང་རེད་ད། ད་དུང་སྨན་རྩིས་ཁང་ནང་ཡོད་པའི་སྨན་པ་རེ་གཉིས་རང་དོན་ཁོག་ལ་བཅུག་གིས་སྨན་པའི་ལྷན་ཚོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། བློ་ཕྱི་བལྟས་དང་གྲོད་པ་ནང་བལྟས། མིང་འདོན་བྱེད་རྒྱུ་ཙམ་ལས་ལྷག་མེད། ཧ་ཧ་ཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme