Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་རྐང་ཕོལ་བུམ་པའི་འགྲན་བསྡུར།

Posted on 2010-07-02 By དབང་ཕྱུག་ 24 Comments on འཛམ་གླིང་རྐང་ཕོལ་བུམ་པའི་འགྲན་བསྡུར།

མི་རྐང་གླིང་བུ།

༡༽གླེང་སློང་བ།

ཁ་སང་ཟླ་༦པའི་ཚེས་༡༡ཉིན་ནས་༢༠༡༠ལོའི་འཛམ་གླིང་རྐང་ཕོལ་བུམ་པའི་འགྲན་བསྡུར་དེ་ཨ་ཧྥི་རི་ཀའི་གླིང་ཆེན་དུ་འགོ་ཚུགས་ཡོད། དེ་ཡང་ཡུལ་དེའི་དབུ་ཁྲིད་དམ་པ་ནེསནམནྜལ་གཙོས་པའི་གནད་ཡོད་མི་སྣ་དུ་མ་ཞིག་གིས་འགྲོན་འབོད་དང་རྩོད་ལེན་མང་པོ་ཞིག་བྱས་པའི་འབྲས་བུ་ཞིག་རེད། ཡུལ་དེའི་སྲིད་འབྱོར་རིག་གསུམ་གོང་འཕེལ་དུ་འགྲོ་བཞིན་ཡོད་པའི་དཔང་རྟགས་ཤིག་དང་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཡིན་པའི་ངོས་འཛིན་ཡང་བྱེད་བཞིན་ཡོད་འདུག སྐབས་དེར་གླུ་པ་གྲགས་ཅན་(K’NAAN)ཀ་ནན་གྱིས་༼གཡོ་བའི་དར་ཆ་༽ཞེས་པའི་ཞི་བདེ་དང་རང་དབང་མཚོན་པའི་གླུ་དབྱངས་ཀྱིས་འཇིག་རྟེན་གྱིས་ཁྱོན་དགའ་འབོད་བྱས་ཡོད་པ་རེད། དེ་ནས་ད་བར་དུ་རྒྱལ་ཁབ་སོ་སོའི་ངར་ཤུགས་ཆེན་པོའི་འཇིག་རྟེན་གྱི་བུམ་པ་དེ་ཉིད་རྩོད་འགྲན་བྱས་ཤིང་འཛམ་གླིང་གི་མི་གྲངས་དུར་ཕྱུར་མང་པོ་སྐྱིད་སྡུག་གི་ཚོར་སྣང་མི་འདྲ་བ་རེ་སྦྱིན་བཞིན་པ་ཡིན་པས་སྒུལ་ཤུགས་འདིས་གླིང་ཆེན་འདི་ཡོམ་ཡོམ་དུ་གཡོ་ཞིང་འགུལ། ཐོབ་ཐང་དང་རེ་བ་གང་ཡང་མེད་པའི་གདོང་དམར་བའི་མྱི་རྟིང་ཞིག་གི་ངོས་ནས་འདིའི་སྐོར་ལ་བསམ་གཞིག་ཅིག་གིས་བོད་པ་ཚང་གི་རྩེད་མོ་འདིའི་ཐ་སྙད་འདོག་སྟངས་ལ་བགྲོ་གླེང་བྱེད་འདོད་བྱུང་།

༢༽ཐ་སྙད་འདོགས་སྟངས།

བོད་ཡུལ་སྟོད་སྨད་ཀྱི་བར་དང་། བོད་ཕྱི་ནང་གཉིས་ཀྱི་བར་སོགས་སུ་ཕོ་ལོང་འདི་ལ་མིང་གི་འབོད་ཚུལ་མི་འདྲ་བ་དུ་མ་ཡོད་པ་ཡིན། ཁམས་ཕྱོགས་ཀྱི་ཡུལ་གྲུ་ཕལ་མོར་ཆེར་(ball)ལ་གྲུ་གུ་ཞེས་འབོད་པ་ཡིན་ལ་དེ་ཡང་གྲུ་གུ་ཞེས་པའི་དོན་ནི་སྐུད་པའི་དོག་པ་ལ་ཟེར་བ་ཡིན། དཔེར་ན་རྒྱུ་བལ་ལས་བྱས་པའི་གྲུ་གུ་ལ་བལ་གྲུག་དང་། དེ་བཞིན་དུ་རྩིད་གྲུག་དང་ཁུལ་གྲུག་སོགས་སོ། མིང་ཚིག་འདི་ཉིད་དོན་ལ་ཆེས་འབྱོར་བ་ཞིག་ཡིན། དེང་རབས་ཀྱི་བཟོ་ལས་མ་དར་བའི་གོང་གི་ཕོ་ལོང་ཕལ་ཆེར་སྐུད་པ་ལས་བཟོས་པའི་གྲུ་གུ་ཡིན་པ་རེད། དཔེར་ན་གནའ་དུས་དུ་བོད་ཀྱི་བཙན་པོའི་སྐུ་བློན་དང་། ཐང་རྒྱལ་རབས་ཀྱི་བློན་ཆེན་གྱི་བར་དུ་རྩེས་མྱོང་བའི་གྲུ་གུ་དེ་ནི་བལ་སོགས་ཀྱིས་སྐུད་པའི་དོག་པ་ཞིག་ཡིན་ངེས་ལ་ཐེ་ཚོམས་མི་དགོས་སྙམ་མོ།
ཨ་མདོ་ཕྱོགས་ནས་ལྒང་ལི་ཞེས་འབོད་ཀྱིན་ཡོད། དེ་ཡང་གོ་དོན་ཅན་ཞིག་རེད། ལྒང་པ་ཞེས་པ་མི་ཕྱུགས་སོགས་སྲོག་ཆགས་ཀྱི་གཅིན་པ་གསོག་ས་དེ་ལ་ལྒང་པ་ཞེས་དང་མིང་བསྡུས་ན་གཅིན་ལྒང་ཞེས་འབྲི་ཆོག དེ་དང་མཚུངས་པའི་དབུགས་ཀྱིས་བཀང་ཆོག་པའི་(ball)རིགས་འདི་ལ་ལྒང་པ་ཞེས་བཏགས་པ་དོན་ལ་གནས། འདྲ་བར་རྒྱུ་མཚན་གྱིས་བཏགས།
དབུས་གཙང་ཕྱོགས་ནས་སྤོ་ལེས་དང་། ཡང་ན་སྤོ་ལོ། པོ་ལོ་སོགས་ཅི་རིགས་སུ་འབྲི། འདི་ནི་པུ་ལུ་ཞེས་པའི་མིང་ཚིག་གི་ཟུར་ཆག་གི་སྐད་རེད། པུ་ལུ་ནི་དངོས་རྫས་རིལ་བུ་སྤུས་ལེགས་ཀྱི་རིགས་ལ་གོ་བ་ཡིན་ཏེ། དཔེར་ན་མར་དཀར་གྱི་རིལ་བུ་ལ་མར་དཀར་པུ་ལུ་དང་། ཨ་སྣུམ་པུ་ལུ་སོགས་སུ་འབོད་པ་བཞིན་ནོ།། ཡང་ན་ཕོ་ལོང་གི་ཟུར་ཉམས་པའི་སྒྲ་གདངས་ཤིག་ཡིན་སྲིད། གང་ལྟར་ཁ་སྐད་ཀྱི་འབོད་སྟངས་ཤིག་རེད། དེང་སང་བྱེས་ཀྱི་ཚགས་པར་སོགས་ཀྱི་ནང་རྐང་རྩེད་སྤོ་ལོ་ལྟ་བུ་རྒྱུགས་ཆེ་བ་དང་། གཞིས་ཀྱི་དྲ་རྒྱ་སོགས་སུ་རྐང་གྲུག་རྩེད་མོ་ལྟ་བུ་འབོད་པ་མང་། དེ་ལྟར་བོད་མདོ་དབུས་ཁམས་གསུམ་སུ་དངོས་པོ་གཅིག་ལ་འབོད་ཚུལ་ཁ་འཐོར་དགུ་འཐོར་ཡིན་ལ་བོད་གཞིས་བྱེས་གཉིས་སུའང་བརྗོད་སྟངས་ཕར་རྒྱབ་ཚུར་རྒྱབ་ཡིན།

༣༽གཅིག་གྱུར་གྱི་ཐ་སྙད་འཚོལ་བ།

ད་འོ་ན་ང་ཚོ་བོད་པ་ཚང་ལ་རྩེད་རིགས་འདི་ཉིད་གོ་ནུས་པའི་ཐ་སྙད་ཞིག་གཏན་ནས་མེད་ན་གསར་དུ་འདོགས་དགོས་ལ་གལ་ཏེ་ཡོད་ན་དེ་ཉིད་འབོད་དགོས། བཀའ་འགྱུར་དང་བསྟན་འགྱུར་སོགས་བོད་ཀྱི་སྤྱི་སྐད་དེ་དག་གི་ནང་དུ་ཐ་སྙད་དེ་ཡོད་མེད་བཙལ་དགོས། གུས་པས་བསམ་ན་བཀའ་བསྟན་གྱི་ཁྲོད་ན་བཞུགས་པའི་ཕོ་ལོང་ཞེས་པའི་ཐ་སྙད་འདི་ལོ་ངོ་སྟོང་ཕྲག་ལྷག་གི་གོང་ནས་བོད་རང་གི་སྐད་བརྡ་རྣལ་མ་ཞིག་རེད། རྒྱ་གཞུང་རྙིང་པ་རྣམས་སུ་དར་གྱི་ཕོ་ལོང་ཞེས་དང་། རྗེའི་ལམ་རིམ་ཆེན་མོ་ཆེན་མོ་སོགས་བོད་རྩོམ་གཡེར་པོ་ཆེ་དག་གི་ནང་དུའང་དེ་བཞིན་དུ་དར་གྱི་ཕོ་ལོང་ས་ལ་བརྡབས་པ་ཞེས་ལྷོད་ཀྱིས་འཕར་བའི་དཔེ་རུ་གསལ་ཡོད། ཕོ་ལོང་གི་གོ་དོན་ནི། སྐུད་པ་དང་དར་རམ་རས་སོགས་ལ་མདུད་པ་བོར་ཏེ་རྡོག་པོ་གཤིག་དཀའ་བ་ཞིག་བཟོ་ནས་ཐང་ལ་བརྡབ་ན་འཕར་བའི་རང་བཞིན་ཅན་ཞིག་ཡིན་པས་རྩེད་ཆས་སུ་རུང་བ་ཞིག་ཡིན། འདི་ཉིད་བཟོ་སྟངས་དམིགས་གསལ་བ་ཞིག་ཡོད་པ་འདྲ་སྟེ། ཕོ་ལོང་མདུད་དམ། ཡང་ན་གྲུ་གུ་མདུད་པ་ཞེས་དམིགས་བསལ་གྱི་མདུད་པ་ཇེ་དམ་དུ་འགྲོ་བ་ལས་ལྷོད་དུ་འགྲོ་རྒྱུ་མེད་པའི་མདུད་སྟངས་ཤིག་ད་ལྟ་མདོ་ཁམས་ཕྱོགས་སུ་མདུད་རྒྱུ་ཡོད། དེ་ལྟར་ང་ཚོས་ཐ་སྙད་ཚད་ལྡན་ཞིག་ཡོད་ཀྱང་ང་ཚོས་དེ་ཉིད་དོན་ལ་གཅིག་གྱུར་གྱིས་བཀོལ་ཐུབ་མེད། ད་ནས་ང་ཚོས་ཐ་སྙད་འདི་དོན་ལ་འབྱོར་ཚེ་ང་ཚོས་ཐ་སྙད་འདི་བཀོལ་སྤྱོད་རྣལ་མ་ཞིག་བྱེད་དགོས་ངེས་སུ་གྱུར། དེ་ཡང་མི་ཚང་མས་བཀོལ་སྤྱོད་བྱེད་དགོས། མི་ཁ་ཤས་ཞིག་གིས་བོས་ཀྱང་ཕན་ཐོགས་མེད། འབོད་སྟངས་དེའང་དྲ་རྒྱ་དང་གསར་འགྱུར་རླུང་འཕྲིན་སོགས་དེང་རབས་བརྡ་འཕྲིན་གྱི་ལམ་ནས་རྟག་པར་གཅིག་གྱུར་གྱིས་བོས་ན་མི་མང་བྱིངས་ཀྱང་ནམ་ཞིག་དེའི་རྗེས་སུ་འབྲངས་བ་གདོན་མི་ཟའོ། དེ་ནས་ང་ཚོ་ཐ་སྙད་དེ་གཏན་འབེབས་ཐུབ་པ་རེད་ལ་བཤད་ཚུལ་གཞན་ཞིག་བྱས་ན་ང་ཚོའི་བཀའ་བསྟན་གྱི་ཁྲོད་ན་བཞུགས་པའི་ཐ་སྙད་ཅིག་སྤྱི་ཚོགས་སུ་བེད་སྤྱོད་ཐུབ་པ་རེད་ལ་ཐ་སྙད་དེ་སྲུང་སྐྱོབ་ཐུབ་པ་རེད། དེ་ཡང་རྒྱུན་དུ་སྐད་ཡིག་གཅིག་གྱུར་དགོས་ཀྱི་འདུག་ཅེས་སྐད་ཅོར་འབྱིན་པ་ཙམ་གྱིས་གར་ཡང་མི་སླེབས་ཤིང་གནད་འགག་འདི་ལྟ་བུའི་དངོས་པོ་རིགས་གཅིག་ལ་གཅིག་གྱུར་གྱི་འབོད་སྟངས་ཀྱི་ལམ་ཁ་ཞིག་རྙེད་ན་དེའི་ཡན་ལག་དང་ཉིང་ལག་དེ་དང་འབྲེལ་བའི་ཐ་སྙད་བརྒྱ་ཕྲག་དུ་མ་གཅིག་གྱུར་བྱེད་ཐུབ་པ་ཡིན། དཔེར་ན་(foot ball)ལྟ་བུ་ལ་རྐང་རྩེད་ཕོ་ལོང་དང་། མིང་བསྡུས་ན་རྐང་ཕོལ་སོགས་ཀྱང་རུང་། དེས་རིགས་བསྒྲེས་ནས་རྐང་ཕོལ་ཐང་། རྐང་ཕོལ་གྱི་རུ་དཔོན། རྐང་ཕོལ་གྱི་སློབ་དཔོན་སོགས་ཀྱིས་མཚོན་ནོ།། གཞན་ཡང་ཕོ་ལོང་ཞེས་པའི་མིང་ཚིགས་འདི་ཉིད་བཀོལ་ན་ཕོ་ལོང་དང་འབྲེལ་བའི་རྩེད་རིགས་མང་པོ་ཞིག་གི་ཐ་སྙད་གཅིག་གྱུར་དུ་ཡོང་བར་ངེས་ཏེ་ཐ་སྙད་འདི་ཁྱབ་ཁོངས་ཧ་ཅང་ཡངས་པས་སོ། དེ་ཡང་དཔེར་ན། (golf ball )རྒྱང་གཡུག་ཕོ་ལོང་།(bowling ball )རྦབ་རྡོ་ཕོ་ལོང་། (base ball ) གྲྭར་རྩེད་ཕོ་ལོང་། (rugby ball)འཇོང་གཟུགས་ཕོ་ལོང་། (Cricket ball)དབྱུགས་རྩེད་ཕོ་ལོང་། (water ball) ཆུ་རྩེད་ཕོ་ལོང་། (tennis ball)བར་ཆོད་ཕོ་ལོང་། (basket ball)ལག་རྩེད་ཕོ་ལོང་། (foot ball) རྐང་རྩེད་ཕོ་ལོང་། (polo)རྟ་རྩེད་ཕོ་ལོང་། མདོར་ན་དབྱིན་ཡིག་ནང་གི་(polo)དང་། (ball) སོགས་ཆ་ཚང་བོད་ཡིག་ཕོ་ལོང་ཞེས་པ་འདིའི་ཁོངས་སུ་བསྡུ་ཐུབ་པ་ཡིན།འོན་ཀྱང་བྱེ་བྲག་ཏུ་ཕྱེས་ན་འདི་དག་ཐམས་ཅད་ལ་རང་རང་གི་ཁྱད་ཆོས་དང་བྱུང་རབས་རེ་ཡོད་པ་ཡིན་པས་མིང་གི་འགོར་དེ་ལྟ་བུའི་ཁྱད་ཆོས་རེ་བླ་ཐབས་སུ་བསྣན་ན་སོ་སོ་མ་འདྲེས་པ་གོ་དོན་ཡང་བདེ་བླག་ཏུ་སྟེར་ཐུབ་པ་ཡིན། ༼དབྱིན་བོད་ཤན་སྦྱར་གྱི་མིང་ཚིག་འདི་དག་ནི་དཔྱད་གཞི་ཙམ་ལས་ངེས་གཏན་ཅི་ཡང་མེད།༽

༤༽ མིང་ཚིག་གི་འབྱུང་ཁུངས།

འགའ་ཞིག་གིས་(polo)ཞེས་པའི་མིང་ཚིག་གི་འབྱུང་ཁུངས་དེ་བོད་སྐད་ཀྱི་པུ་ལུ་ཞེས་པ་ཡིན་ཚུལ་བྲིས་འདུག་ནའང་བདེན་ཁ་སྟེར་དཀའ་སྟེ་པུ་ལུ་ཞེས་པ་ནི་ལུང་ཚན་འགའ་ཞིག་ཏུ་དངོས་པོ་རིལ་རིལ་ཞིག་བསྟན་པ་ཙམ་ལས་ས་ལ་བརྡབས་ན་འཕར་ཡོང་བ་སོགས་ཕོ་ལོང་གི་གོ་དོན་བསྟན་སྟངས་མེད་ཅིང་། བོད་སྤྱི་ལ་ཁྱབ་པའི་ཐ་སྙད་ཅིག་ཀྱང་མ་རེད། གུས་པས་བསམ་ན་དབྱིན་ཡིག་གི་(polo)འདི་བོད་ཡིག་ཕོ་ལོང་གི་སྒྲ་གདངས་ལྟར་བྲིས་པ་ཞིག་རེད་བསམ། དེ་ཡང་བོད་ཡུལ་ནས་དར་བའི་རྟ་རྩེད་ཕོ་ལོང་འདི་རྒྱ་ནག་དང་། དེ་ནས་ཏ་ཟིག་གམ་ཡང་ན་(iran)ཨི་རེན་སོགས་རིམ་གྱིས་ཤར་ནས་ནུབ་ཏུ་དར་བའི་སྐབས་སུ་ཐ་སྙད་དེ་ཡང་གཟུགས་དང་གྲིབ་མ་བཞིན་དུ་ལྷན་ཅིག་ཏུ་འབྱོར། འོན་ཀྱང་དེ་དབྱིན་ཡིག་སོགས་མི་རིགས་གཞན་གྱི་སྐད་ཀྱི་ཐོག་ཏུ་བྲི་སྐབས་སུ་(polo)ཕོ་ལོ་ཞེས་རྗེས་མཇུག་གི་ང་སྒྲ་གསལ་པོ་མ་བྱུང་ཡང་མིང་གཞི་ལ་འགྱུར་བ་གང་ཡང་སོང་མེད་པར་སེམས། དེ་ནས་འཛམ་གླིང་གང་སར་རྩེད་རིགས་འདི་དར་སྲོལ་ཆེན་པོ་བྱུང་ནས་དེང་སང་རྒྱལ་སྤྱི་རང་བཞིན་ཅན་གྱི་རྩེད་རིགས་ཤིག་ཏུ་གྱུར་ཟིན་ནའང་ཐ་སྙད་དེ་བོད་ཀྱི་སྒྲ་གདངས་དེ་ག་རང་དུ་གནས་ཡོད་པ་ཡིན།

༥༽རྟ་རྩེད་ཕོ་ལོང་གི་བྱུང་རབས།

རྩེད་མོ་འདི་ཉིད་ཆེས་ཐོག་མར་དར་བའི་ཡུལ་ནི་བོད་གངས་ཅན་གྱི་ལྗོངས་སུ་བྱུང་བ་ཡིན་ཏེ། རྩེད་རིགས་འདི་ཉིད་ཀྱི་ཐ་སྙད་འདི་ཉིད་བོད་མིང་ཡིན་པས་སོ། དཔེར་ན་བོད་ཡུལ་གྱི་བླ་མ་དང་། གཡག རྩམ་པ་སོགས་འཛམ་གླིང་མི་རིགས་གཞན་གྱིས་ཀྱང་མིང་དེ་ག་རང་དུ་འབོད་པ་འདིས་དངོས་པོ་དེ་ཐོག་མར་ཡུལ་དེ་ནས་བྱུང་བ་དང་། ཡང་ན་ཡུལ་ཕྱོགས་དེ་ན་མ་གཏོགས་གཞན་དུ་མེད་པའི་ངོས་འཛིན་བྱས་ན་མི་རུང་བ་མེད་པ་ལྟ་བུ་ཡིན། ཕྱི་ལོ་སྔོན་གྱི་དུས་རབས་ལྔ་པའི་ནང་ཙམ་དུ་ཨི་རན་གྱི་ལུང་པ་བྱུང་བ་བཤད་པ་བདེན་ན་དེའི་སྔོན་ཙམ་ཞིག་ཏུ་བོད་ཡུལ་དུ་དར་ཡོད་པར་ཡིན་སྟེ། རྩེད་རིགས་འདིའི་ཐོག་མའི་འབྱུང་ཁུངས་བོད་ཡིན་པས་སོ། རྩེད་མོ་འདི་འདྲ་བ་ཞིག་ཡོང་བའི་རྒྱུ་མཚན་ནི་རྟ་ཐོག་ནས་རལ་གྲི་དང་། མདུང་སོགས་ཀྱིས་ཕ་རོལ་པོ་ཆམ་ལ་ཕོབ་ཐུབ་པའི་དམག་སྦྱངས་ལྟ་བུ་ཞིག་གོང་རིམ་བཙན་པོ་ཡབ་ཡུམ་ལ་གཟིགས་འབུལ་ཕུལ་བ་དང་། དམའ་རིམ་གྱི་སྤྱི་ཚོགས་ནང་དུ་དཔའ་ངོམ་སོགས་བྱས་པས་རིམ་གྱིས་དམངས་ཁྲོད་དུ་སྲོལ་རྒྱུན་གྱི་རྩེད་མོའི་ཚུལ་དུ་ལུས་པ་ཡིན་སྲིད། དེ་ཡང་དང་ཐོག་དབྱུགས་པ་འདི་དག་གྲི་མདུང་དང་། རིལ་རིལ་དེ་དགྲ་བོ་གཡུལ་དུ་བསད་པའི་མགོ་བོ་སོགས་ཡིན་མི་སྲིད་པའི་ངེས་པ་ཅི་ཡོད། གནའ་དུས་སུ་ཕ་རོལ་པོ་གཡུལ་དུ་སོད་པའི་སྐབས་སུ་དཔའ་རྟགས་ལྟ་བུ་མགོ་བོ་བཅད་ནས་ཁུར་འགྲོ་བའི་ལུས་སྲོལ་ཡོད་པ་ཡིན་ལ་མགོ་ལག་གོང་ལེན་ཞེས་རྟ་ཐོག་ནས་མགོ་ལག་ལེན་པའི་སྐད་ཆ་ཞིག་གླིང་སྒྲུང་ཚུན་ཆད་དུ་ཡོད་པ་ཡིན།དེང་གི་དུས་ཀྱང་མདོ་ཁམས་ཕྱོགས་སུ་རྟ་ཐོག་ནས་མེ་མདའ་འཕེན་པ་དང་། གྲི་གཡུག་པ། མདུང་བཙུགས་པ་སོགས་ཀྱི་རྟ་ཐོག་རྩེད་མོ་མང་པོ་ཞིག་ཡོད་པ་འདི་དག་གནའ་དུས་སུ་བོད་བཙན་པོའི་དུས་ཀྱི་ཡར་གླིང་ནང་དྲག་འདུལ་བྱེད་མཁན་བྷོད་དམག་བཙན་རྒྱལ་རིང་ལུགས་ཀྱི་དམག་རྩལ་ཞིག་ཤུལ་དུ་ལུས་པ་སེམས་སོ། དེ་ནས་རིམ་གྱིས་བོད་དམག་གི་རྩལ་སྦྱོང་དེ་ཉིད་ཐང་གོང་མ་སོགས་རྒྱ་ནག་གི་ཡུལ་དུ་དར་བ་སེམས།
དེ་ཡང་ཕྱི་ལོ་༧༠༩ལོའི་ཟླ་བ་བཅུ་གཅིག་པའི་ནང་བོད་ཀྱི་བཙན་པོ་མེས་ཨག་ཚོམ་གྱི་དུས་བོད་ཀྱི་བློན་ཆེན་ཞང་བཙན་ཏོ་རྒྱ་ནག་གོང་མའི་སྲས་མོ་བོད་ཀྱི་བཙན་པོའི་གནའ་མ་བསུ་བར་སོང་སྐབས་རྒྱ་ནག་ཕྱོགས་ནས་གོང་མ་ཀྲུང་ཙུང་གི་སྐྱེད་ཚལ་དུ་རྟ་རྩེད་ཕོ་ལོང་གི་རྩེད་མོ་བཀོད་སྒྲིག་བྱས་ནས་གོང་མ་རང་ཉིད་ཀྱང་རྒྱ་བོད་ཀྱི་བློན་ཆེན་བར་གྱི་རྩེད་འགྲན་དེ་རུ་བལྟ་བ་སླེབས་པར་(ཐང་ཡིག་རྙིང་མའི་)ནང་གསལ་བ་ལྟར་ཡིན། དེ་ཡང་རྒྱ་ནག་གི་རྩེད་མོ་དེ་ལྟར་བཤམས་དགོན་དོན་ཡང་རྩེད་རིགས་དེ་ཉིད་ཐོག་མར་བོད་ནས་དར་བས་བོད་ཀྱི་བློན་ཆེན་རྣམས་རྩེད་མོ་དེ་ལ་བྱང་ཆ་ཡོད་པ་དང་། དགའ་མོས་ཡོད་པའི་རྒྱུ་མཚན་གྱིས་བཀོད་སྒྲིག་བྱས་པ་ཡིན། དེ་ནས་བོད་ཀྱི་འདབས་འབྲེལ་བའི་ཡུལ་གྲུ་ཁག་ནས་རིམ་གྱིས་དར་ནས་ཨ་རབ་ཀྱི་ཡུལ་དུ་མཆེད་ཀྱང་རྩེད་མོའི་ལམ་ལུགས་དང་རྩེད་སྟངས་ཀྱི་རྣམ་གྲངས་སོགས་ལ་འགྱུར་བ་སོང་ཡོད་ངེས་ནའང་ཐ་སྙད་དེ་མ་འགྱུར་བར་བོད་སྐད་ཀྱི་ཕོ་ལོང་ཞེས་པ་དེ་ག་རང་དུ་གནས་པ་རེད། དེང་སང་བོད་ཀྱི་རྟ་རྩེད་ཕོ་ལོང་ཐ་སྙད་དང་བཅས་པ་འཛམ་གླིང་ཡོངས་ལ་ཁྱབ་ཟིན་པ་ཡིན་ནོ།།

སྣ་ཚོགས།

Post navigation

Previous Post: བུད་མེད་ཚོགས་པར་གལ་ཆེའི་རེ་སྐུལ་ཞིག
Next Post: སེང་རྡོར། གཞིས་བྱེས་དབར་ལ་འགལ་ཟླ་མ་བཟོ།

Comments (24) on “འཛམ་གླིང་རྐང་ཕོལ་བུམ་པའི་འགྲན་བསྡུར།”

  1. ཀརྡོ་རབ་འབྱམས་པ་ says:
    2010-07-02 at 6:56 am

    Polo = རྟ་རྩེད་པོ་ལོ།
    foot ball = རྐང་རྩེད་པོ་ལི།
    golf ball = རྒྱང་གཡུག་པོ་ལི།
    bowling ball = རྦབ་རྡོ་པོ་ལི།
    base ball = གྲྭར་རྩེད་པོ་ལི།
    rugby ball = འཇོང་གཟུགས་པོ་ལི།
    Cricket ball = དབྱུགས་རྩེད་པོ་ལི།
    water ball = ཆུ་རྩེད་པོ་ལི།
    tennis ball = བར་ཆོད་པོ་ལི།
    basket ball = ལག་རྩེད་པོ་ལི།
    འགྱུར་ལ་དཔྱད་མེད།
    ཕོ་ལོང་ནི་སྐུད་པའི་གྲུ་ལུ་ཡིན་པ་བདེན་པ་རེད།

  2. ཀརྡོ་རབ་འབྱམས་པ་ says:
    2010-07-02 at 7:10 am

    balloon = ལྒང་ཕུག
    རྐང་པོལ། ལག་པོལ་སོགས་ལ་ལི་ཞེས་མི་དགོས།

  3. མེ་ཏོག་དཀར་པོ། says:
    2010-07-02 at 11:44 am

    བཤད་འདོད་ཀྱིས་ཁ་འདར་ཁྲིལ་ཁྲིལ་བྱེད་མཁན་ཞིག་ཡོད་ན། གཞས་མ་མཛེས་མ་དེས་བཏང་བའི་ཝ་ཀ་ཝ་ཀ་ཞེས་པའི་གཞས་སྙན་པོ་དེའི་སྐོར་ལ་གཅིག་ཤོད་དང་།

  4. མདའ་ཚན་པ། says:
    2010-07-02 at 8:08 pm

    མི་རྐང་གླིང་བུ་ལགས། བཀྲིས་བདེ་ལེགས།
    རྩོམ་ཡིག་འདིའི་ནང་གི་གི་ཐ་སྙད་པུ་ལུ་སོགས་ལ་བགྲོ་གླེང་བྱེད་རིན་འདུག་སྙམ
    གྲུ་གུ་དང་འབྲེལ་བའི་ཨམ་སྐད།
    ཁྱེད་རང་གིས་གྲུ་གུ། བལ་གྲུག རྩིད་གྲུག་གླེང་ཡོང་བས་ངའི་སེམས་ལ་ཨ་མའི་སྐུད་པའི་བཀྲིག་རིལ་དྲན་སོང་། ངོ་ནས་ཡིན་ན། བཀྲིག་རིལ་ཡང་མ་རེད་ཁ་སྐད་དུ་བཀྲིག་རིས་ཟེར། རིལ་རིལ་ལ་ཨ་མདོས་རིས་རིས་ཟེར། དེ་ནི་ཨམ་སྐད་ཀྱི་གདངས་རང་རེད། དེ་ནས་ཨམ་སྐད་དུ། བཀྲིག་དང་བཀྲུག་གཉིས་སྒྲ་གཅིག་པར་ཀློག་པས་ཁྱེད་ཀྱི་གྲུག་དང་འབྲེལ་བ་མཐུད་ཐུབ། ཡང་བཀྱིག་ནས་བཀྲི་གུའམ་བཀྲུ་གུ་འདྲ་བ་ཟིག་བསྡམས་ཟེར་དཔེ། བཀྱིག་ནས་རིལ་རིལ་མ་རིལ་བཟོས་པའི་དོན་རེད། དེ་ཡང་གྲུ་གུ་དང་འབྲེལ་བ་ཡོད་པ་འདྲ།བལ་སྐུད་ཀྱི་བཀྲིག་རིས་སམ་བཀྲུག་རིས་ཟེར།
    པུ་ལུ་དང་སྤོ་ལོ་དག་ཆ་ནོར་མེད་འགྲོ།
    ཁྱེད་རང་གིས་ སྤོ་ལེས་དང་། སྤོ་ལོ། པོ་ལོ་སོགས་པུ་ལུའི་ཟུར་ཆག་གི་སྐད་ཡིན་ཚུལ་དང། པུ་ལུ་ནི་དངོས་རྫས་རིལ་བུ་སྤུས་ལེགས་ཀྱི་རིགས་ལ་གོ་བ་ཡིན་ཏེ། དཔེར་ན་མར་དཀར་གྱི་རིལ་བུ་ལ་མར་དཀར་པུ་ལུ་ཟེར་ཞེས་བཤད་འདུག
    ཨ་མདོའི་སྐད་ལ་མཚོན་ན། མར་དཀར་གྱི་པུ་ལུ་མི་ཟེར་པར་མར་དཀར་བོ་ལོ་wolo ཟེར། བོ་ལོ་ཟེར་བ་འདི་ལྷ་སའི་སྐད་ལྟར་བྱས་ན་ཏག་ཏག་polo དང་གཅིག་པ་མ་ཡིན་ནམ། དེས་ན་དག་ཆ་ངོ་མ་དེ་བོ་ལོ་ཡིན་པ་འདྲ་ཞིག་འཆར། འདི་ནི་དག་ཆ་འདིའི་ཁུངས་ཨམ་སྐད་ལ་གཏུགས་པ་མ་ཡིན་པར། ལུང་ཚན་གྱི་སྐད་མི་གཅིག་པ་དེ་ཚོས་དག་ཆ་གསལ་ཁ་མེད་པ་མང་པོ་ཞིག་ལ་གསལ་ཁ་སྟེར་ཐུབ་ཀྱི་ཡོད་པ་རེད་སྙམ། དཔེ་བཞག་ན། ཆ་ཕྲེང། ཕྱག་ཕྲེང་ཟེར་ནས་འབྲི་ཚུལ་མི་མཐུན་པ་ཡོད་པ་རེད། གང་དག་པ་རེད།
    འདིའི་སྐོར། ངས་ནང་ཆེན་གྱི་སློབ་གྲོགས་ཤིག་ལ་ཁ་བརྡ་བྱས་པ་ཡིན། ཁོས་བསམ་བློ་ཙམ་ཡང་མ་བཏང་བར་དེ་ཕྱག་ཕྲེང་རེད་ཟེར། རྒྱུ་མཚན་དུ། ཁོང་གིས། ཡུལ་དབུས་ཀྱིས་གཙོས་པའི་ས་ཆ་མང་པོ་ཞིག་ཏུ་ཆ་དང་ཕྱག་གཉིས་ཀྱི་སྒྲ་གཅིག་པ་རེད། ངེད་ཚོ་ནས་དེ་ལྟར་མ་རེད། ངེད་ཚོས་ཕ་ཡ་བཏགས་སྲ་ཟེར། ཆ་ཕྲེང་མི་ཟེར་བར་སྲག་ཕྲེང་ཟེར་གསུངས། འདི་དང་འདི་འདྲ་བས། ཡུལ་སྐད་གཅིག་རང་གཅིག་གི་སྒྲ་གདངས་གཞིར་བཞག་ནས་དག་ཆ་ནོཕར་བ་སྐོར་ཞིག་ཕན་ཚུན་ལ་ཞུ་དག་གཏོང་ཐུབ་ཀྱི་ཡོད་པ་འདྲ་ཞིག་མཐོང་སོང་།
    མཐའ་མཇུག་དྲི་བ་ཞིག་ཀྱང་ཡོད་པ་ནི། སྤོ་ལོ་སོགས་པུ་ལུའི་ཟུར་ཆགས་ཡིན་པར་ཁྱེད་རང་ལ་རྒྱུ་མཚན་ག་ཚོད་ཅིག་ཡོད།
    སྤོ་ལོ་བོད་ནས་དར་བར་སྒྲུབ་བྱེད་མི་འདང།
    བོ་ལོའི་རྩེད་འགྲན་འདི་བོད་ནས་དར་ཟེར་བར་ཁུངས་བཙན་པོ་ཞིག་མེད་པ་རེད། ཐ་སྙད་ཀྱི་ཁུངས་དེ་བོད་ཀྱི་སྤོ་ལོའམ་བོ་ལོ་ཡིན་པར་བརྗོད་མཁན་ཡོད་པ་རེད། པོ་ལོ་ནི་སྤྱི་ལོ་སྔོན་གྱི་ལོ་ཉིས་སྟོང་ཙམ་ནས་བྱུང་བར་བརྗོད། ཕལ་ཆེ་བ་ཞིག་ནས་འདི་ཨི་རན་ནས་དར་བར་བཤད། གང་ལྟར་འདིའི་སྐོར་གྱི་ཉམས་ཞིབ་པ་ཕལ་ཆེ་བས་ཨེ་ཤ་ཡའི་དབུས་ཀྱི་ད་ལྟའི་ཁ་ཆེའི་རྒྱལ་ཁབ་གང་རུང་ཞིག་ནས་དར་སྲོལ་བྱུང་བར་བཤད་ཀྱི་ཡོད་པ་འདྲ། བོད་དང་རྒྱ་ནག་ནང་སྤྱི་ལོ་དུས་རབས་བདུན་པའི་སྔོན་ལ་དར་ཁྱབ་བྱུང་ཡོད་པའི་དཔང་རྟགས་མེད་པ་འདྲ། རྒྱ་ནག་ནང་ལ་ལོ་ཉིས་སྟོང་ལྷག་་གི་སྔོན་ནས་དེ་དར་ཡོད་པའི་བཤད་ཚུལ་ཡོད་པ་འདྲ། དེ་ཙམ་ཡིན།

    ལྒང་ལི།
    ལྒང་ལི་ནི་ཨམ་སྐད་དུ ball རིགས་སུ་གྱུར་པ་ཐམས་ཅད་ཀྱི་དོན་མིན་པར་ basket bal གྱི་མིང་རེད། དེ་ཡང་ཡིག་མཁན་དག་གིས་སོར་རྩེ་ནས་བྱུང་བའི་ཐ་སྙད་བཅོས་མ་དང་སྒྱུར་མ་དེ་འདྲ་མ་ཡིན་པར། སྤྱི་ཚོགས་ནང་ནས་བྱུང་བའི་ཐ་སྙད་ཅིག་རེད། ང་རང་ནི་མཁས་པས་བཙན་གྱིས་སྒྱུར་བའི་ཐ་སྙད་ལས་དམངས་ཁྲོད་ཀྱི་ཐ་སྙད་དག་ལ་དགའ་བོ་ཡོད།

  5. ཚངས་ཐིག says:
    2010-07-02 at 9:44 pm

    རྣམ་པ་གཉིས་ལ་འཚམས་འདྲི་ཞུ།
    དེ་འདྲ་རེད། དངོས་གནས་ང་ཚོས་གསར་བྱུང་གི་ཅ་དངོས་དུ་མ་ཞིག་གི་ཐ་སྙད་ལ་བགྲོ་གླེང་རབ་རིམ་བྱས་ན་དགེ་མཚན་ཆེན་པོ་མཐོང་། ལྷག་པར་དུ་མདོ་དབུས་གསུམ་ནས་དངོས་གཅིག་གི་ཐ་སྙད་ལ་སྒྲ་མདངས་མི་འདྲ་བའི་དབང་གིས་འབྲི་སྟངས་ཀྱང་སོ་སོར་གྱེས་བཞིན་པའི་གནས་སྟངས་ཤིག་ཆགས་ཀྱིན་འདུག་པ་དེར་ཁ་ཚ་དགོས་བཏུག་གི་ཐག་གཅོད་ནན་པོ་ཞིག་ཐུབ་དཀའ་ནའང་། དེ་དག་གི་སྐོར་ལ་ཕྱོགས་སོ་སོ་ནས་བསམ་བསྡུ་ལེན་དང་ཕན་ཚུན་བགྲོ་གླེང་གི་སྒོ་གོ་རྟོགས་སྤེལ་རིས་བྱས་པ་ཡིན་ན་དགེ་མཚན་ཆེན་པོ་མཐོང།

  6. ཉྀ་མ་གང་འཁྱོལ། says:
    2010-07-03 at 1:08 am

    གང་ལྟར་ཀྱང་མདང་ནུབ་ཧོ་ལན་ཌེའི་རྐང་སྤོལ་རུ་ཁག་ནས་མིང་གྲགས་ཡོད་པའི་བྷ་ཛིར་རྐང་སྤོལ་རུ་ཁག་ཕྱིར་རང་ཡུལ་དུ་ལོག་བཏང་སོང་།

  7. མི་རྐང་གླིང་བུ། says:
    2010-07-03 at 2:27 am

    མདའ་ཚན་པ་ལགས། སྐུ་ཁམས་བཟང་། དགོངས་ཚུལ་གསུངས་པ་ལེགས།
    ༡༽དབུས་སྐད་ཀྱི་པོ་ལོ་དང་། སྤོ་ལོ་སོགས་ནི་པུ་ལུ་གི་ཟུར་ཆག་དང་ཡང་ཕོ་ལོང་གི་ཟུར་ཆག་གང་རུང་ཡིན་པ་ངེས་ནའང་ཁ་ཚོན་ལེགས་པ་ཞིག་མ་ཆོད་སྔ་མ་ཞུས་ཟིན་པ་ལྟར་རོ།
    ཨམ་སྐད་ཀྱི་མར་དཀར་པུ་ལུ་ལ་མར་དཀར་བོ་ལོ་འབོད་པ་དེའང་པུ་ལུའི་ཟུར་ཆག་ཅིག་རེད་བསམ། གང་གིས་ཤེས་ན་ཨམ་སྐད་ལ་པ་དང་བ་གཉིས་སྐབས་འགར་ཕན་ཚུན་སྒྲ་གདངས་འདྲེས་པ་འབྱུང་གིན་ཡོད་པ་ལྟར་འདིའང་དཀའ་ངལ་དེའི་འོག་ཏུ་གནས་ཡོད་པ་མཐོང་། ཁམས་སྐད་དུ་པ་དང་བ་སྒྲ་ཡི་འཁྲུལ་སོ་མེད་པས་དེ་རིང་ཁམས་སྐད་ལ་ཆ་བཞག་ན་དོན་ལ་གནས་སྲིད། poloཞེས་པ་པུ་ལུའི་ཟུར་ཆག་ཡིན་པ་དབྱིན་ཡིག་གི་ཕོ་ལོང་ངོ་སྤྲོད་ན་འདི་ལྟར་བྲིས་འདུག
    The name polo is said to have been derived from the Tibetan word “pulu”, meaning ball.
    ༢༽ཕོ་ལོང་བོད་ནས་དར་བའི་རྒྱུ་མཚན་ནི། poloཞེས་པའི་ཐ་སྙད་འདི་བོད་སྐད་ཡིན་པས་སོ། དཔེར་བརྗོད་བླ་མ་སོགས་བཀོད་ཟིན་ལ་འདི་ནི་སྒྲུབ་བྱེད་རྣོ་བོ་ཞིག་རེད་བསམ།
    གལ་ཏེ་ཕོ་ལོང་འདི་ཨི་རན་སོགས་ནས་དར་བ་ཡིན་ན་ཁྱོད་ཅག་གི་ཐ་སྙད་ག་རེ་བཏགས་ཡོད། འདི་ལྟ་བུའི་རྩེད་རིགས་སྐད་གྲགས་ཅན་ཞིག་ལ་ཐ་སྙད་ཅིག་འདོགས་དགོས་ངེས་རེད། འདི་དྲི་བ་ཞིག་རེད། དེས་ན་ཁོང་ཅག་གིས་དངོས་འགལ་ཞིག་ཁས་བླངས་འདུག་བསམ། རྩེད་མོ་དེ་ང་ཚོ་ནས་དར་ཐ་སྙད་དེ་བོད་པས་བཏགས་ཟེར་ན་རིགས་པའི་ལམ་ལས་འདས་པ་ཞིག་མ་ཡིན་ནམ།
    ༣༽སྔར་ཞུས་པ་ལྟར་ཁ་སྐད་དགུ་འཐོར་བཅུ་འཐོར་འདི་དག་གཅིག་གྱུར་ཞིག་དགོས་ན་བོད་སྤྱི་ལ་ཁྱབ་པའི་བརྡ་རྙིང་པ་དག་བཀོལ་ན་རྩོད་པ་མེད་པ་དང་། ཁུངས་ཡོད་པ། ཐ་སྙད་གསར་དུ་འཚོལ་བ་ལ་དཀའ་ངལ་མི་དགོས་པ་སོགས་དགེ་མཚན་དུ་མ་མཐོང་བ་མ་གཏོགས་དམངས་ཁྲོད་ཀྱི་ཐ་སྙད་ལ་གློ་བ་རིང་བ་ག་ཡིན།
    གནས་སྐབས་དེ་ཙམ་ཡིན། ད་བདེ་མོ།

  8. ཀརྡོ་རབ་འབྱམས་པ་ says:
    2010-07-03 at 8:15 am

    Cup = ཕོར་པ་ལ་བུམ་པ་ཞེས་བསྒྱུར་ན་མི་བདེ་བ་མི་འདུག་གེ།

  9. མདའ་ཚན་པ། says:
    2010-07-03 at 10:59 am

    མི་རྐང་གླིང་བུ།
    དབྱིན་སྐད་དུ་polo དེ་བོད་སྐད་ཀྱི་ pulu ནས་ཟུར་ཆགས་པར་བྲིས་པ་དེ། ཁམས་སྐད་གཞིར་བཞག་ནས་བྲིས་འདུག འབྲི་མཁན་དེ་ཁམས་ཀྱི་མཁས་པ་ཞིག་ལ་ཐུག་པ་འདྲ།
    ལྷ་སའི་སྐད་དུ་བོ་ལོ་ཟེར། ཨམ་སྐད་དུའང་བོ་ལོ་ཟེར། དབྱིན་སྐད་དུ polo ཟེར། ཁམས་སྐད་དུ་པུ་ལུ་ཟེར། ཡིག་སྐད་དུ། སྤོ་ལོ་འབྲི། ད་གང་ཞིག་གང་ནས་ཟུར་ཆག་ཡིན་པར་ང་ལ་བཤད་རྒྱུའི་རྒྱུ་མཚན་གྱིས་ཕོངས། ཁྱེད་ལའང་དེ་ལྟར་དུ་འདུག ཕོ་ལོང་ནས་ཟུར་ཆག་པ་ཡིན་མིན་ཡང་བཤད་དཀའ། ཡིན་མ་སྲིད་པ་མ་རེད། ད་ལྟ་སྤོ་ལོ་ཟེར་བ་འདི་ཕལ་ཆེར་འབྲི་ཁྱབ་ཆེ་བ་འདྲ་ཞིག་མ་རེད་དམ། དེ་ལ་ཐ་སྙད་གསར་བ་ཞིག་འཚོལ་དགོས་པའི་ངལ་བ་ཅི་ལ་བརྟེན། གཅིག་བྱས་ན་གནའ་བོའི་ཡིག་རྙིང་ཁག་ནང་བོ་ལོའམ་པུ་ལུ། ཡང་ན་སྤོ་ལོ་ཟེར་བའི་ཚིག་འདི་རྙེད་རྒྱུ་ཡོད་ན་ཐང་། བོད་རྒྱ་ཚིག་མཛོད་ནང་། སའི་གོང་བུའམ་རྡོག་པ་ལ་བོ་རྡོ་ཟེར། གསལ་བཤད་ཅིག་ལ། འདི་ནི་སྤོ་ཐོའམ་པོ་ཏོ་མིན་པ་འདྲ།

  10. མི་རྐང་གླིང་བུ། says:
    2010-07-03 at 12:25 pm

    མདའ་ཚན་པ་ལགས། དབུས་སྐད་དུ་མར་དཀར་རིལ་ལྟ་བུ་བོ་ལོ་ཟེར་རམ་ངས་མི་ཤེས། ངའི་གྲོགས་པོ་ཞིག་ལa་དྲིས་པས་མར་སྐོགས་ལྟ་བུ་ལས་གསལ་ཁ་མ་གསུང་།
    དེང་སང་སྤོ་ལོ་ཞེས་པ་རྒྱུགས་ཆེ་ནའང་ཐམས་ཅད་ལ་ཁྱབ་ཐུབ་པ་ཞིག་རེད་མི་འདུག གཞིས་ཀྱི་དྲ་རྒྱ་རྣམས་སུ་རྐང་གྲུག་རྩེད་མོ་ཞེས་ཡང་ཡང་འབྱུང་གི་འདུག བོད་ཁམས་ཡོངས་དང་། ཡང་ན་བོད་གཞིས་བྱེས་གཉིས་སུ་གཅིག་གྱུར་གྱི་འབོད་སྟངས་ཤིག་རྙེད་ན་ཅི་རུང་སྙམ། ངའི་ཐོག་མའི་ཀུན་སློང་ཡང་དེ་ཙམ་ཡིན།

  11. ཉི་མ་གང་འཁྱོལ། says:
    2010-07-03 at 12:41 pm

    ད་བར་ཁྱེད་ཚོད་བགྲོ་གླེང་མང་པོ་གནང་སོང་གང་ལེགས་རེད་ད་དུང་གཙང་པའི་སྐད་ལ་སྤོ་ལོར་《གྲུ་གུ》ཅེ་ས་འབོད་སྲོལ་འདུག་པས་དེ་ཇི་ལྟར་བྱས་ཏེ་བྱུང་བ་ཤེས་མཁན་ཡོད་པས་དེ་མིན་སྐད་ཡིག་གཞན་དང་ཡུལ་ལུང་ཆེ་ཆུང་གི་སྐད་ནས་ཟུར་ཆགས་ཚུལ་གྱིས་དཔེ་གང་མང་བྲིས་འདུག། གང་ལྟར་ང་ལྟར་ན་སྤོ་ལོ་ཅེས་བྲིས་ན་འདོད་པས་གལ་ཏེ་སྤོ་ལོ་ཅེས་བྲིས་ན་སྐྱོན་ག་རེ་ཡོད་དམ།

  12. lala says:
    2010-07-03 at 8:42 pm

    མི་རྐང་གླིང་བུས་དཔྱད་རྩོམ་སྒྲུབ་བྱེད་ཁུངས་བཙན་ཡོད་པ་ཞིག་བྲིས་འདུག རྩོམ་འདི་འདྲ་གཞིས་ཀྱི་དུས་དེབ་ཆེན་པོ་དེ་ཚོར་བསྐུར་ན་འགོད་རིན་འདུག poloཟེར་བའི་རྩེད་མོ་འདི་བོད་ནས་དར་བ་ལ་རྩོད་པ་མེད་པ་ཡིན་ཙང་། ངའི་ཡུལ་སྐད་དང་ཁོའི་ཕལ་སྐད་ཟེར་ནས་རྩོད་ཀྱང་དེ་ནི་མངོན་སུམ་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་། ངམ་ནག་བཞིན་གྱི་མཉེར་མ་མི་སངས་པའི་རྗེས་སུ་ཕྱིན་པ་རེད། ད་ལྟ་གཞིས་བྱེས་གཉིས་སུ་ཁྱབ་ཆེ་ཆུང་ནས་བཤད་ན་སྤོ་ལོ་འབོད་མཁན་ཅུང་ཟད་མང་བ་རེད། སྐད་ཡིག་གི་འཕེལ་རིམ་ནས་བཤད་ཀྱང་སྐད་བརྡར་འགྱུར་བ་ཅུང་ཟད་འགྲོ་བ་ནི་ཆོས་ཉིད་རེད། བྱས་ཙང་ང་ཚོས་ཐ་སྙད་གཅིག་གྱུར་དེ་སྤོ་ལོའི་ཐོག་ཏུ་འཇོག་པ་དང་། ཁུངས་གཏུག་ས་ཡིག་རྙིང་དག་ལ་ཡོད་པའི་ཕོ་ལོང་ལ་བྱས་ན་ཕལ་ཆེར་གྲོས་ཁ་མཐུན་པ་ཡོང་བ་འདུག

  13. མདའ་ཚན་པ། says:
    2010-07-03 at 11:33 pm

    ལ་ལ་འདིས་ང་གད་མོ་ཤོར་འཇུག་གི་འདུག མ་མཐའ་ཡང་པོ་ལོའི་སྐོར་རྩོམ་ལྔ་དྲུག་ཅིག་ཀློག་དེ་ནས་སྐད་ཆ་ཞིག་ཤོད་དང་གཞི་རྩ་ཡོད་པ་རེད། ཁྱེད་རང་གིས་བཤད་པ་ལྟར་འདི་བོད་ནས་དར་མ་དར་ལ་རྩོད་གཞི་ཡོད་པ་མ་རེད། ཚང་མས་ཨི་རན་ནས་དར་ཟེར་གི་འདུག་ག
    ད་སྔ་ཡིག་ཐོག་ལ་བཀོད་སྔ་ཤོས་དེ། སྤྱི་ལོ་སྔོན་གྱི་ལོ་ ༦༠༠ གོང་ལ་རེད། དེ་ཡང་ཏུར་ཀི་མན་དང་ཕིར་ཤི་ཡན་གཉིས་ཀྱིས་འགྲན་བསྡུར་གྱིས་ཕིར་ཤི་ཡན་ཕམ་པའི་ལོ་རྒྱུས་འདུག དེ་མིན་ཨ་ལག་ཟན་ཌིར་ལ་ཕིར་ཤི་ཡན་རྒྱལ་པོས་པོ་ལོ་དང་རྒྱུག་པ་ཞིག་ལག་རྟགས་སུ་སྤྲད་པའི་ལོ་རྒྱུས་ཀྱང་ཡོད་པ་རེད། རྒྱ་ནག་དང་འཇར་པན་ལ་དུས་རབས་བདུན་པའི་ནང་ནས་དར་བར་བཤད།
    དབྱིན་ཡིག་གི་པོ་ལོ་ཟེར་བའི་མིང་འདི་གཅིག་སྟོང་བརྒྱད་བརྒྱའི་ནང་བྱུང་བ་དང་། དེ་ཡང་སྦལ་ཏིའི་སི་ཐན་གྱི་བོད་སྐད་པུ་ལུ་ནས་མིང་ཐོགས་ཚུལ་འདུག འདི་ཡང་ཚིག་མཛོད་དང་ཉམས་ཞིབ་པ་མང་པོ་ཞིག་ཁ་མཐུན། དབྱིན་སྐད་ཀྱི་པོ་ལོའི་མིང་དུས་རབས་བཅུ་དགུ་བའི་ནང་བོད་མིང་ནས་བྱུང་ཚུལ་བཤད་ཀྱི་ཡོད་པ་རེད་མ་གཏོགས་ཕོ་ལོ་བོད་ནས་དར་བར་བཤད་ཀྱི་ཡོད་པ་མ་རེད།
    དྲ་གནས་ཐོག་པོ་ལོའི་ལོ་རྒྱུས་ཟེར་ནས་དབྱིན་ཡིག་གིས་ཕྲིས་དང་རྩོམ་ཧ་ལས་པའི་མང་པོ་འདུག གཤམ་གསལ་གྱི་ལོ་རྒྱུས་ཀྱི་བྱུང་ཐོ་འདི་ལ་ཕལ་ཆེར་རྩོད་གཞི་མེད་པ་འདྲ། སྦལ་ཏིའི་སི་ཐན་ནང་ད་ལྟའང་གནའ་བོའི་རྩེད་སྟངས་ལྟར་རྩེད་ཀྱི་ཡོད་པ་འདྲ།

    600 BC. The first recorded game took place between the Turkomans and Persians (the Turkomans won).
    4th century AD. King Sapoor II of Persia learned to play, aged 7.
    7th cenury AD. Polo spreads from China to Japan
    བོད་ནས་དར་བར་རྩོད་པ་མེད་ཟེར་བ་འདི་ལ་གཞི་འཛིན་ས་ག་ཚོད་ཅིག་ཁྱེད་རང་ལ་ཡོད། སྙིང་རྗེ། མི་ཁྱེད་རང་འདྲ་བ་ལ་གཞི་རྩ་ཟེར་བ་ཞིག་རྩ་ནས་དགོས་ཀྱི་མེད་པ་དེར་ང་ཧང་སངས་གི་འདུག རྩེད་མོ་བོད་ནས་དར་ན་བོད་མིང་ཞིག་ཡོད་རྒྱུ་རེད་ལ་ཕྱི་ནས་དར་ནའང་ཟུར་ཆག་གི་མིང་ཞིག་གམ་ཡང་ན་བོད་མིང་འདྲ་པོ་ཞིག་འདོགས་རྒྱུ་ཡིན་པ་རེད། བོད་ནས་དར་བ་རེད་ཟེར་མཁན་ཚོས་མིང་གཅིག་པོ་ལ་བལྟས་ནས་བོད་ནས་དར་བ་རེད་ཟེར་གྱི་ཡོད་པ་རེད། དེ་མིན་ཁུངས་གསལ་བོ་མེད་པ། ལོ་རྒྱུས་ནང་། རྒྱ་ནག་དང་མཉམ་འགྲན་བསྡུར་བྱས་ནས་དང་པོར། རྒྱའི་དམག་དཔོན་རྩེད་འགྲན་པ་མཁས་པ་ཞིག་མེད་ནས་བོད་དམག་ལ་ཐོབ་པ་དང་། རྗེས་སུ་དམག་དཔོན་དེ་སླེབས་ནས་བོད་དམག་གིས་ཤོར་བའི་ལོ་རྒྱུས་ཤིག་མ་གཏོགས་མེད་པ།
    ཨི་རན་ལ་མཚོན་ན་འདིའི་སྐོར་ལ་ལོ་རྒྱུས་དང་རྩེད་སྟངས། རྩེད་ཤུལ། གནའ་སྔ་མོའི་རི་མོ་ཚུན་ཆད་མང་པོ་ཞིག་ད་ལྟ་མཐོང་རྒྱུ་དང་སྟོན་རྒྱུ་ཡོད་པ་རེད། དེ་ནས་ཚུར་ཨེ་ཤ་ཡའི་ནང་དར་ཚུལ། ཕར་གྷི་རིག་དང་ཨི་ཇིབ་ལ་དར་ཚུལ་ཚུན་ཆད་ཡོད་པ་རེད། རང་གི་དགའ་མོས་ལྟར་ལོ་རྒྱུས་ལ་འཁྱོག་བརྗོད་དང་། ཁུངས་སྐྱེལ་འདང་ངེས་མེད་པར་འུད་བཤད་ན་འགའ་རེ་དགའ་སྲིད་ཀྱང་ཤེས་ལྡན་རྣམས་ལ་མཚོན་ན་དེ་ལྟར་མ་ཡིན་ནོ།
    མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང་།། ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ།། ཁྱི་གུ་ཧོལ་རྒྱུགས་བྱེད་མཁན་འདི་འདྲ་ལ། ། ཁྱི་ཁ་གཙེས་ན་འཐོབ་བྱ་འགའ་ཡང་མེད།
    མི་རྐང་གླིང་བུ་ལ་ཅང་བཤད་རྒྱུ་མེད། འཛམ་གླིང་རྐང་པོལ་ལས་འཕྲོས་ཏེ་པོ་ལོའི་སྐོར་རང་ཉིད་ཀྱི་བསམ་ཚུལ་ཙམ་བྲིས་པ་རེད། དཔྱད་རྩོམ་དང་ཉམས་ཞིབ་ཀྱི་རྩོམ་དེ་འདྲ་མ་རེད། ཁ་བརྡ་བྱས་པ་ཙམ་རེད། རང་གི་བསམ་ཚུལ་ཅི་ཡིན་བྲིས་པ་ཡག་པོ་རེད།
    ལ་ལ་འདྲ་བོ་འདི་འདྲ་ཅང་མི་ཤེས་པར་སྐད་ཆ་ཆེན་པོ་བཤད་མཁན་ལ་ཐུག་ན་གྲོད་ཁོག་ལ་ན་ཟུག་གཏོང་གི་འདུག རྩོད་གཞི་མེད་པ་རེད་ཟེར་ནས་ཐག་འདྲ་ཞིག་བཅད་ནས་བཤད་ཁུལ་བྱེད། ང་དགོད་འཆོར། མི་འདི་འདྲ། རང་གི་གཤིས་ཀ་འདྲ་ཞིག་ཡིན་ནམ་ག་རེ་ཡིན་ན་མི་ཤེས། འཛམ་བུ་གླིང་འདིར་མི་འདི་འདྲ་ཡང་སྐྱེ་རྒྱུ་ཡོད་ཟིག་མོད།

  14. མི་རྐང་གླིང་བུ། says:
    2010-07-04 at 12:26 am

    རྣམ་པ་ལྷན་རྒྱས་ནས་བགྲོ་གླེང་ལྷོད་ལྷོད་གནོངས་རོགས། བློ་བསྐྱེད་ཡོང་གི་འདུག
    ༡༽དྲ་གནས་རྣམས་སུ་རྩེད་རིགས་འདི་ཐོག་མར་ཨི་རན་ནས་དར་བར་བཤད་འདུག་པ་དེ་དག་བདེན་ན་ཁོང་ཅག་གིས་སྐབས་དེ་དུས་རྩེད་རིགས་འདི་ལ་མིང་ག་རེ་བཏགས་ཡོད། དྲི་བ་འདི་ལ་ལན་འདེབས་ཐུབ་མཁན་སུ་ཡོད་དམ།
    ༢༽དྲི་བ་འདི་ལ་ལན་འདེབས་མ་ཐུབ་ན་དྲ་ངོས་སུ་ཡོད་པའི་དབྱིན་ཡིག་ཕོ་ལོང་གི་ལོ་རྒྱུས་དེ་དག་ཀྱང་སངས་རྒྱས་ཀྱི་གསུང་ལྟ་བུ་ཞིག་ཁས་ལེན་དགོས་དོན་མི་འདུག ང་ཚོས་ཀྱང་མིག་དང་རྣམ་དཔྱོད་བེད་སྤྱོད་གཏོང་ནས་ཁུངས་འཚོལ་འོས་པར་འདུག་བསམ།
    ༣༽མཁས་དབང་དུང་དཀར་ཚང་གིས་ཀྱང་རྩེད་རིགས་འདི་ཐོག་མར་བོད་ནས་དར་བའི་སྐོར་ཅིག་གསུངས་ཡོད་བསམ།

  15. ཀརྡོ་རབ་འབྱམས་པ་ says:
    2010-07-04 at 12:29 am

    འཛམ་གླིང་སྤྱི་སྐད་ནང་ལ་བོད་ཀྱི་མིང་ཚིག་ངས་ཤེས་པ་གསུམ་ཡོད་པ་ནི། Polo, Yak དང་ Lhasa’s ༼ཁྱི་༽Absok གསུམ་ཡོད་པ་ནང་ནས་གཅིག་ནག་བསུབ་གཏོང་མཁན་བསླེབས་འདུག བོད་ཀྱི་མི་རིགས་ལོ་རྒྱུས་ནང་མི་ལའི་རྣམ་ཐར་སོགས་ཉུང་ངུ་ལས་ཡིག་ཐོག་ལ་འཁོད་མེད་པའི་ད་ཁུངས་ཅིག་ག་ནས་རྙེད།

  16. མདའ་ཚན་པ། says:
    2010-07-04 at 5:50 am

    དབྱིན་ཡིག་གི་པོ་ལོའི་མིང་བོད་ནས་དར་བ་དེ་ནག་གསུབ་གཏོང་མཁན་ཡོད་མ་རེད། པོ་ལོ་ཨི་རན་ནས་དར་ཟེར་མཁན་ཚང་མས་ཀྱང་མིང་དེ་བོད་ནས་བྱུང་བར་བཤད་ཀྱི་ཡོད་པ་རེད། ཚིག་མཛོད་ཁག་ནང་ཡང་། སྦལ་ཏིའི་བོད་སྐད་པུ་ལུ་ནས་བཏགས་པར་བཤད།
    རྩེད་རིགས་འདི་རྒྱ་གར་ནང་དབྱིན་ཇི་དམག་མི་ཚོས་ཆིག་སྟོང་བརྒྱད་བརྒྱ་དྲུག་ཅུའི་ནང་ནང་ཐེངས་དང་པོར་རྙེད་ཚུལ་འདུག དབྱིན་མིང་པོ་ལོ་ཟེར་བ་འདིའང་དུས་རབས་བཅུ་དགུའི་ནང་སྦལ་ཏིའི་བོད་སྐད་ནས་བཏགས་ཚུལ་འདུག
    བོད་ཕྱི་ནང་གི་མཁས་པ་ཚོ་མགོ་འཁྲུལ་གཞིའི་རྩ་བ་ནི། མིང་ཐོགས་ཚུལ་དང་དར་སྟངས་གཉིས་བར་ན་རྨོངས་བསྡད་ཡོད་པ་རེད། ཨི་རན་ལ་རྩེད་རིགས་འདིའི་མིང་ཡོད་པ་ངས་མཐོང་། ད་ལྟ་ཅིག་བཙལ་བ་ཡིན་དེ་རྙེད་མ་སོང་། མ་ཟད་གཞན་དང་གཞན་ལའང་འདི་ལ་མིང་མ་འདྲ་བ་འདུག དོ་སྣང་ཅན་ཚོས་ག་ས་ག་པར་ཚོལ་དང་རྙེད་པའི་རེ་བ་ཡོད།

  17. མི་རྐང་གླིང་བུ། says:
    2010-07-04 at 6:09 am

    ལ་ལ་ལགས། དགོངས་ཚུལ་གསུང་པ་ལེགས། རེད། ད་ལྟ་མིག་སྔར་ལྟས་ན་སྤོ་ལོ་ཟེར་བ་འདི་འབོད་མཁན་དང་དྲི་མཁན་མང་བ་འདུག སྤོ་ལོ་ཟེར་བ་འདི་སྔོན་བོད་དབུས་ཕྱོགས་ཀྱི་ཁ་སྐད་ཞིག་དང་། འདི་ཡོངས་ཁྱབ་ཡིག་ཐོག་ཏུ་སླེབས་པ་ནི་༡༩༨༠ལོ་ཙམ་ལ་མཁས་དབང་དོན་གྲུབ་རྒྱལ་གྱིས་༼ཐང་ཡིག་རྙིང་མའི་༽ནང་དུ་བྲིས་འདུག་དེའི་སྔོན་དུ་མཐོང་མ་བྱུང་། གཅིག་བྱས་ན་དེའི་སྔོན་དུ་བསྟན་བཅོས་སུ་འཁོད་པ་ཡོད་སྲིད། ཁོང་གིས་དབྱིན་ཡིག་གི་poloསྒྲ་གདངས་ལྟར་བསྒྱུར་བ་ཡིན་ནམ། ཡང་ན་ཐང་ཡིག་རང་དུ་ག་རེ་བྲིས་ཡོད་པ་ཡིན་ནམ། ༼མཱ་ཆུས༽ཟེར་ནས་བྲིས་ཡོད་དམ། གཅིག་ལྟས་ན་བློ་བསྐྱེད་ཅིག་མེད་དམ།

  18. མི་རྐང་གླིང་བུ། says:
    2010-07-04 at 6:13 am

    མདའ་ཚན་པ་ལགས། སྤོ་ལོ་མ་ཡིན་པའི་ཐོག་མའི་མིང་དེ་རྙེད་ན་ཕན་ཐོག་ཡོང་རེ་འདུག མུ་མཐུད་དེའི་སྐོར་ནས་དཔྱད་གླེང་གནང་རོགས།

  19. མདོ་ལྷ་ཁམས་པ། says:
    2010-07-04 at 7:07 am

    སྤོ་ལོ་ཉམས་ཞིབ་པ་ལྷན་རྒྱས་ལ་འཚམས་འདྲི་ཞུ། བློ་སྐྱེད་འདུག
    ཅང་མི་ཤེས་དེའི། ཚོད་ཚོད་ལ་བསམ་བློ་ལ་ཅིག་འཁོར་ཡོང་བ་ནི།
    སྤོ་ལོ་ནི་པོ་ལོ་ནས་དང་། པོ་ལོ་ནི་ཕོ་ལོ་ནས། ཕོ་ལོ་ནི་ཕང་ལོ་ནས་དང་། ཕང་ལོ་ལོ་ནི་པུས་མོ་ནས་ཏེ།
    པུས་མོ་ཕང་ལོ། པུས་མོ་ཕང་ལོ་ནི་ རླ་དང་བྱིན་པ་གཉིས་འབྲེལ་བའི་རིས་རྡོག་འཁོར་ལོ་དེའོ།
    polo ཐ་སྙད་འདིའི་མིང་གི་ཕྱི་མོའི་ཁུངས་་ཐུག་ས་པུས་མོ་ཕང་ལོ་ལ་ཐུག་འདུག་པ། མ་གཞི་ནས་མི་རིགས་གཞན་གྱི་སྐད་ལའང་ཕང་ལོ་ཟེར་བ་མེད་སྲིད་པ་མིན་པས། འོན་ཀྱང་ད་སྔ་ཐོས་མ་མྱོང་།
    ཉམས་ཞིབ་པས་དཔྱད་ཞིབ་ཅིག་གནང་ཐུབ་ན་ཕན་ཐོགས་ཡོང་ངེས་རེད།

  20. མགོན་པོ་ཕྱག་གཉིས་པ། says:
    2010-07-04 at 9:56 am

    THE MISTS OF TIME : ORIGINS OF POLO.
    རྩོམ་འདིའི་ནང་རྒྱུག
    ཕིར་ཤི་ཡན་དང་མུ་གྷལ་ནང་། ཆོ་རྒན་ཟེར།
    While the Persians and later the Mughals, knew the game as ‘Chaughan’, meaning mallet, variants of the game tested the horsemanship and courage of the participants under the name of ‘Da-Kyu’ in Japan, ‘Khis – Kouhou’ on the Russian steppes and ‘Djerid’ in Turkey. The origins of the modern name for the sport can however be traced to Tibet, where it was known as ‘Pulu’, meaning ball, and which, in its anglicised form is known to the world as Polo

  21. ཀརྡོ་རབ་འབྱམས་པ་ says:
    2010-07-04 at 4:13 pm

    ལུང་འདྲེན་གནང་བར་ཐུགས་རྗེ་ཆེ།

  22. མི་རྐང་གླིང་བུ། says:
    2010-07-05 at 8:50 am

    མགོན་ཕྱག་ལགས་ཀྱིས་དཔྱད་གཞི་གསལ་སྟོན་གནང་བར་ལེགས། འདིས་ཀྱང་རྩེད་རིགས་འདི་བོད་ནས་དར་བ་མ་ཡིན་པའི་སྒྲུབ་བྱེད་མི་འདུག

  23. མགོན་པོ་ཕྱག་གཉིས་པ། says:
    2010-07-05 at 9:38 am

    རེད་རེད། རྩེད་མོ་འདི་བོད་ནས་དར་བར་ང་ཚོ་ལ་སྒྲུབ་བྱེད་འདང་ངེས་ཤིག་ཡོད་པ་མ་རེད། འདི་བོད་ནས་དར་བ་མ་ཡིན་པར་ང་ཚོས་སྒྲུབ་བྱེད་བཙལ་དགོས་དོན་མི་འདུག
    གང་ནས་དང་ག་དུས་ཤིག་ལ་དར་བ་ཡིན་མིན་སུ་གང་ལའང་བཤད་དུ་མེད་པ་རེད། ད་རུང་གསང་བ་རེད། ཡིག་ཐོག་བྱུང་བ་སྔ་ཤོས་དེ་གོང་དུ་བཤད་པ་ལྟར། སྤྱི་ལོ་སྔོན་གྱི་ལོ་༦༠༠ རེད། དེ་སྐབས། ང་ཚོར་མཚོན་ན། བཞེད་ལུགས་མང་ཆེ་བ་ལྟར་ན། རྒྱལ་པོ་དང་པོ་གཉའ་ཁྲིའང་འབྱོན་རྒྱུར་བསྡད་ཡོད་པ་རེད།
    རྗེས་དཔག་བྱས་པ་ལྟར་ན། འགའ་རེས་ལོ་སྟོང་བཞི་ནས་དར་ཟེར་མཁན་དང་། རྟ་རྒོད་སྒོ་ཕྱུགས་སུ་འབེབས་སྐབས་སུ་བྱུང་བར་དྭོགས་གཞི་འཛིན་མཁན་སོགས་འདྲ་མིན་ཞིག་འདུག་སྟེ་དེ་དག་ནི་དཔྱད་གཞི་ཙམ་ལས་ཅི་ལ་རུང་།

  24. མི་རྐང་གླིང་བུ། says:
    2010-07-06 at 1:23 pm

    ད་ཐེངས་འདིའི་སྐོར་ལ་བགྲོ་གླེང་ལྷུགས་པོ་བྱུང་། རྣམ་པར་ལྷན་རྒྱས་ལ་ཐུགས་རྗེ་ཆེ། མ་འོང་བརྗོད་གཞི་གང་ཞིག་ཡིན་ནའང་དེའི་སྐོར་ལ་ཕན་ཚུན་གུས་ཡངས་དང་། རྩི་བཀུར་ལྡན་པ། ལྷག་པར་བརྟོན་པ་བཞི་པོ་འཇུག་ལྡོག་མ་ནོར་བར་བགྲོ་གླེང་རེ་བྱེད་ཐུབ་ན་ཀློག་པ་པོ་རྣམ་ལ་ཕན་ཐོག་དང་། རྩོམ་པ་པོ་རྣམས་ལ་སྤྲོ་སྣང་དང་གདེངས་སྤོབས་རེ་རྙེད་ངེས་རེད། མ་ཟད་དྲ་རྒྱ་རང་ཉིད་ཀྱང་སྐུ་ཚེ་རིང་དུ་གནས་པ་དང་། སྐུ་གཟུགས་གསལ་དང་ཡོང་བ་སོགས་ཕན་རླབས་ཅི་བས་ཆེ་བར་ངེས་ན་དེ་ལུགས་ཀྱིས་ཐུགས་ཁུར་གནང་རྒྱུ་རང་གཞན་ཀུན་གྱིས་བརྗེད་མི་རུང་ངོ་། དགེའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme