Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀརྨ་བསམ་གྲུབ་ལ་ཉེས་པ་མེད་པའི་དཔང་རྟགས།

Posted on 2010-06-292010-06-29 By ཁ་བརྡ་ 14 Comments on ཀརྨ་བསམ་གྲུབ་ལ་ཉེས་པ་མེད་པའི་དཔང་རྟགས།

images51ནགས་ཤོད་རིག་རལ།

ད་རེས་ཀརྨ་བསམ་གྲུབ་བཀག་ཉར་བྱས་ནས་ཡུན་རིང་མ་འགོར་བར་ཁོང་གི་ལོ་རྒྱུས་གཙོ་བོར་བྲིས་པའི་གཟི་ཡི་རྒྱལ་པོ་ཞེས་པའི་དཔེ་དེབ་དེ་རྒྱ་གཞུང་ནས་བསྡུ་གསོག་བརྒྱབ་འདུག དེབ་དེ་ནི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བཏོན་པ་དང་། བྲི་མཁན་ཡང་རྒྱ་མི་ཡིན་པ་བཅས་ཐོག་མར་དེབ་དེ་མངལ་ནས་ལྷུང་བ་ལ་དཀའ་ངལ་གང་ཡང་འཕྲད་མེད་མོད། འོན་ཀྱང་རྒྱ་གཞུང་ནས་ཀརྨ་བསམ་གྲུབ་སླར་ཡང་འཇུས་པ་དང་། ཁོང་གི་སྐེ་ལ་རལ་གྲི་ཁྲག་ཅན་འཕྱར་བཞིན་པའི་དུས་དེར་གློ་བུར་དུ་དེབ་དེ་བཙན་བཀག་གཏོང་དོན་གང་ཡིན་ནམ། ངའི་བློ་ལ་དྲི་བ་འདི་ཤར་མྱོང་ཡོད་མོད། མང་ཆེ་བར་དེ་ནི་རྒྱ་གཞུང་གིས་མི་ལ་མ་དགའ་བྱུང་ཚེ་དེབ་ལ་ཡང་མ་དགའ་བ་རེད་བསམ་བྱུང་། ཕྱིས་སུ་དཔེ་དེབ་དེ་གློག་ཡིག་ཐོག་ནས་བཀླག་རྒྱུ་བྱུང་བས་རྒྱ་གཞུང་གིས་དེབ་དེ་བཙན་བཀག་གཏོང་དོན་ལ་ཡང་གོ་བ་གསར་པ་ཞིག་བྱུང་།
2010ལོའི་ཟླ་6ཚེས་24ཉིན་ཀརྨ་བསམ་གྲུབ་ཀྱིས་ཁྲིམས་ཁང་ནང་དུ། “མཁྲིས་ནད་ཅན་གྱིས་གངས་རི་སེར་པོར་མཐོང་མོད་གངས་རིའི་ཁ་མདོག་དཀར་པོ་ཡིན་པའི་གནས་ལུགས་ལ་སུས་ཀྱང་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་”ཅེས་དང་། “སྨྱོན་པ་ཁྱུ་ཞིག་གིས་མི་མ་སྨྱོ་བ་ཞིག་ལ་ཁྱོད་སྨྱོན་པའོ་ཅེས་བརྗོད་ནའང་མི་དེ་སྨྱོན་པར་བསྒྱུར་ཐུབ་ཀྱི་མ་རེད་”ཅེས་བཤད་ནས་རང་གི་བདེན་པ་རྩོད་འདུག སྐད་ཆ་དེ་དག་གོ་དུས་གཟི་ཡི་རྒྱལ་པོ་ཞེས་པའི་དཔེ་ཆའི་ནང་ཀརྨ་བསམ་གྲུབ་ཕྱོགས་གཡས་གཡོན་དུ་ཚོང་ལ་འགྲོ་བཞིན་པའི་ནམ་ཞག་ཕྲེང་བའི་ནང་དེབ་དཀར་གཙོས་པའི་ལྗགས་རྩོམ་ལུས་དང་འབྲལ་མེད་འཁྱེར་བ་རེད་ཟེར་བ་དེ་དག་ཡང་བདེན་པ་ལོས་ཡིན་བསམ་པ་ཞིག་འདུག
ད་རེས་རྒྱ་གཞུང་གིས་ཀརྨ་བསམ་གྲུབ་ལ་བཀལ་བ་ནི་ལོ་12གོང་ནས་དཀར་འདོན་བྱས་ཚར་བའི་དུར་སྔོག་གི་ཉེས་པ་དེ་རེད། ཉེས་པ་དེ་ཐོག་མ་ནས་ཀརྨ་བསམ་གྲུབ་ལ་མ་ཉེས་ཁ་གཡོགས་བྱས་པ་རེད་ལ། སྐབས་དེ་དུས་དག་སེལ་བྱས་ཚར་བ་མ་ཚད། འདས་པའི་ལོ་12རིང་དུ་ལབ་རྒྱུ་གླེང་རྒྱུ་གང་ཡང་བྱུང་མེད། གཟུགས་མེད་གྲིབ་བཟོ་ལྟ་བུའི་ཉེས་པ་དེ་ཐོག་མར་1998ལོར་ཁོང་གི་མགོ་ཐོག་ཏུ་ལྷུང་བ་དང་འབྱུང་ལུགས་འབྱུང་སྟངས་འདི་ལྟར་ཡིན་པར་འདུག
དེ་ཡང་1998ལོའི་གོང་ནས་ཀརྨ་བསམ་གྲུབ་ལ་རིག་དངོས་གཅེས་ཉར་དང་ཉོ་ཚོང་ལག་ཁྱེར་ཡོད་པ་དང་། རྒྱ་བོད་ཡུ་གུར་གཙོས་པའི་ས་ཆ་མང་པོ་ཞིག་ལ་ཚོང་རྒྱག་པར་འགྲོ་ཡི་ཡོད་འདུག 1998ལོར་ཁོང་རང་ཡུ་གུར་དུ་སླེབས་སྐབས་ནམ་རྒྱུན་ལྟར་ཨ་པོ་ལི་རྫི་ཟེར་བའི་ཡུ་གུར་བ་ཞིག་གིས་གཉེར་བའི་རིག་དངོས་ཚོང་ཁང་དེའི་ནང་དུ་ཕྱིན། ཨ་པོ་ལི་རྫིས་ཀརྨ་ཚོང་པ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་པས་ཚོང་ཁང་གི་སྦུག་ནས་ཅ་དངོས་རྙིང་པ་འགའ་ཞིག་བཏོན་རྗེས་ཀརྨ་ལ་མིག་བསྟན། ས་གདན་ཧྲལ་ཧྲུལ་ཞིག་གི་ཐོག་ཏུ་བོད་ཀྱི་རི་མོ་ཡོད་པས་ཀརྨ་བསམ་གྲུབ་དགའ་པོ་བྱུང་། འོན་ཀྱང་ཀརྨས་དེ་དག་ཉོ་བར་བྲེལ་བ་མ་བྱས་པར་ཨ་པོ་ལི་རྫིའི་ས་ནས་ཅ་དངོས་དེ་དག་གི་དཔེ་རས་ཧྲུག་འགའ་གཙོས་པའི་དངོས་རྫས་དྲུག་བླངས་རྗེས་པེ་ཅིང་ལ་ཁྱེར་ནས་རིན་ཐང་ཅན་ཡིན་མིན་བརྟག་དཔྱད་བྱས་རྗེས་ཉོ་མིན་ཐག་གཅོད་རྒྱུ་བྱས་ནས་ས་དེ་ནས་ཐོན་འདུག དོན་དངོས་ཐོག་ཅ་དངོས་དེ་དག་ནི་ཨ་པོ་ལི་རྫི་གཙོས་པའི་མི་ལྔས་དུར་ས་བསྔོགས་ནས་བྱུང་བ་ཡིན་འདུག ཀརྨ་ལོག་པའི་རིང་དུ་ཁོང་ཚོ་མི་ལྔ་ལས་གསུམ་ཁ་མཐུན་ནས་མི་གཞན་གཉིས་པོར་ཅ་དངོས་དེ་དག་བོར་སོང་བ་དང་ཁོང་གཉིས་ཀྱིས་བརྐུས་སོང་བ་རེད་ཅེས་བཤད། དེ་ལྟར་མི་གཉིས་པོ་དེ་ཁོང་ཁྲོ་ལངས་ནས་ཉེན་རྟོག་པ་ལ་ཁ་པར་བརྒྱབ་པར་བརྟེན་ཁོང་ཚོ་ཚང་མ་འཇུས། ཉེན་རྟོག་པས་ཁོང་ཚོ་ལ་ཚ་འདྲི་བྱེད་སྐབས་ཁོང་ཚོས་ཅ་དངོས་འགའ་ཞིག་ཀརྨ་བསམ་གྲུབ་ལ་བཙོངས་པ་ཡིན་ཞེས་བཤད། ཉེན་རྟོག་པས་ཀརྨ་ཚོང་པ་ཆེན་པོ་ཡིན་པ་ཧ་གོ་རྗེས་ཨ་པོ་ལི་རྫི་སོགས་ལ་ཁ་པར་བརྒྱབ་བཅུག་པ་དང་། མྱུར་དུ་ཡུ་གུར་ལ་ཡོང་ན་ཅ་ལག་ཡག་པོ་འཚོང་རྒྱུ་ཡོད་བཤད། ཀརྨ་ཡང་རིག་དངོས་དཔྱད་བཤེར་བའི་ས་ནས་གྲུ་ཙི་དེ་དག་གནའ་རྫས་སྤུས་མ་ཡིན་པ་ཧ་གོ་བས་ཀོ་ཁུག་ནང་དུ་རྒྱ་སྒོར་ཁྲི་བཞི་ཅུ་ལྷག་བཅུག་ནས་ཡུ་གུར་ལ་ཐོན་ཕྱིན་འདུག སྐབས་དེ་དུས་ཨུ་རུམ་གྲོང་ཁྱེར་གྱི་གནམ་ཐང་དུ་རྒྱ་མིའི་ཉེན་རྟོག་པ་རྣམས་ཀྱིས་ཀརྨ་སྒུག་ནས་བསྡད་པ་དང་། གནམ་ཐང་དུ་སླེབས་པ་དང་ཀརྨའི་རྐང་ལག་རེ་ལ་རྒྱ་མི་ཉེན་རྟོག་པ་རེ་འཐམས་ནས་འཇུས་འདུག ཉེན་རྟོག་པ་དེ་དག་གིས་ཀརྨ་ལ་རྒྱག་རྡུང་འདྲི་རྩད་བྱས་ཀྱང་ཀརྨས་ཁས་ལེན་རྒྱུ་གང་ཡང་བྱུང་མི་འདུག མཐའ་མ་ཉེན་རྟོག་པས་ཨ་པོ་ལི་རྫི་འཁྲིད་ཡོང་བ་དང་། ཨ་པོ་ལི་རྫིས་ངུ་བཞིན་དུ་ཀརྨ་ལ་ཁས་ལེན་རོགས་བཤད། ཀརྨས་ཨ་པོ་ལི་རྫི་ལ་གཤེ་གཤེ་གཏོང་བཞིན་དུ་ངས་ཁས་ལེན་རྒྱུ་ཅི་ཡོད། ངས་ཁྱོད་རང་གི་ས་ནས་ཁྱེར་བ་ནི་མ་དཔེ་འགའ་ཞིག་རེད། དེ་དག་དགོས་ན་ངས་གྲོགས་པོ་བོས་ནས་འདི་རུ་འཁྱེར་ཡོང་ཆོག་བཤད། ཕྱིས་སུ་ཀརྨ་བསམ་གྲུབ་ཀྱིས་ཁ་པར་བརྒྱབ་པ་ལྟར་གྲོགས་པོས་ཅ་དངོས་དེ་དག་ཡུ་གུར་ལ་འཁྱེར་ཡོང་འདུག ཉེན་རྟོག་པ་རྣམས་ཀྱིས་པར་ཆས་གྲ་སྒྲིག་བྱས་པ་དང་། ཅ་དངོས་དེ་དག་པར་དུ་བླངས་ནས་ཁོ་རང་ཚོའི་བྱས་རྗེས་ངོམ་དགོས་བསམས། འོན་ཀྱང་ཅ་དངོས་དེ་དག་ས་ལ་བཤམས་སྐབས་ཉེན་རྟོག་པ་རྣམས་ཡིད་ཐང་ཆད་འདུག རས་ཧྲུལ་གཙོས་པའི་ཤིང་དམ་དུམ་འགའ་ཞིག་རེད། ཅ་དངོས་འདི་དག་རེད་དམ་ཞེས་ཉེན་རྟོག་པས་ཨ་པོ་ལི་རྫི་ལ་དྲི་སྐབས། ཨ་པོ་ལི་རྫིས་རེད་ཅེས་ལན་བརྒྱབ། ཉེན་རྟོག་པས་ད་གཟོད་ཀརྨ་དང་ཁོང་ཚོའི་དུར་སྔོག་བར་ལ་འབྲེལ་བ་མེད་པ་ཤེས་པ་དང་། ཀརྨ་ལ་རིག་དངོས་ཉོ་ཚོང་ལག་ཁྱེར་ཡོད་པར་བརྟེན་ཁ་སྐྱེངས་པར་གྱུར་འདུག
ཕྱིས་སུ་བོད་སྐྱོར་ཐེབས་རྩ་ཚོགས་པས་གདན་འདྲེན་ཞུས་པའི་ཁྲིམས་རྩོད་པ་ཞིག་དང་ཁོང་གི་གྲོགས་པོ་མཉམ་དུ་ས་དེར་ཡོང་ནས་བཤད་རེས་བྱས་མཐར། ཉེན་རྟོག་པས་ཀརྨར་སྒོར་ཁྲི་བཞིའི་གཏའ་དངུལ་བཞག་ཏུ་བཅུག་རྗེས་གློད་དཀྲོལ་བཏང་། ཀརྨ་རང་ཁྱིམ་དུ་ལོག་ནས་དུས་ཚོད་ཅུང་ཙམ་ཕྱིན་རྗེས་སླར་ཡང་ཡུ་གུར་དུ་ཡོང་སྟེ་ཉེན་རྟོག་པས་གཞུང་བཞེས་བཏང་བའི་སྒོར་ཁྲི་བཞི་ཅུ་དང་། གཏའ་དངུལ་སྒོར་ཁྲི་བཞི་ལེན་པར་ཕྱིན་འདུག ཉེན་རྟོག་པས་དངུལ་དེ་དག་གཏན་ནས་སློག་རྩིས་མེད་པ་དང་། ཀརྨ་བསམ་གྲུབ་ཀྱིས་ཐབས་ཇུས་སྣ་ཚོགས་འཐེན་ནས་ཡུ་གུར་དུ་ཐེངས་བཅུ་གཅིག་ཕྱིན་ཏེ་ཨུ་ཚུགས་མཐའ་སྐྱེལ་བྱས་པར་བརྟེན་ཁོ་པ་སླར་ཡང་བཙོན་ཁང་ནང་གཟའ་འཁོར་གཅིག་བཅུག་འདུག ཕྱིས་སུ་ཉེན་རྟོག་པས་ཀརྨ་ལ་གཏའ་དངུལ་སྒོར་ཁྲི་བཞི་པོ་དེ་དང་གཟི་བྱུར་སྐེ་རྒྱན་བསློགས་པ་ཕུད། ད་དུང་ཡོང་ན་ཡང་བསྐྱར་བཙོན་དུ་འཇུག་གི་ཡིན་བཤད་ལ། བུ་ལོན་གཞན་པ་འདེད་པར་མི་ཡོང་རྒྱུའི་མནའ་བསྐྱལ་བཅུག་པ་དང་། ཉེན་རྟོག་པ་རྣམས་ལ་གྱོད་རྒྱག་མི་ཡོང་ཞེས་ཡི་གེ་འབྲི་རུ་བཅུག་རྗེས་བཙོན་ཁང་ནས་བཏང་འདུག ངོ་མ། ཁ་དང་ཞལ་ཐུག་དུས་མི་སེར་ཕམ་རྒྱུ་ལས་ཅི།
གལ་སྲིད་སྐབས་དེ་དུས་ཀརྨ་བསམ་གྲུབ་ལ་ཉེས་པ་ཡོད་ན་སྒོར་ཁྲི་བཞི་བཅུ་དང་གཟི་བྱུར་འགའ་ཤས་ཆེད་དུ་ཡང་ནས་ཡང་དུ་ཉེན་རྟོག་པ་དང་གཏུག་རེས་བྱེད་མི་སྲིད་དེ། རྒྱུ་ནོར་དེ་ཙམ་ཞིག་ནི་ཁོ་རང་གི་ངོས་ནས་བཤད་ན་ཆུང་ཆུང་ཡིན་ལ། མི་སུ་ཡིན་ཡང་སྐེ་འཁྱེར་ནས་ཞགས་པ་ཉོ་ག་ལ་སྲིད། འོན་ཀྱང་བརྙས་བཅོས་གཟེད་མི་འདོད་པའི་གཤིས་ཀ་དང་བདེན་པ་རྩོད་འདོད་པའི་སྤོབས་པ་དེ་དག་གིས་ཉེན་རྟོག་པ་དང་ཡང་ཡང་གཏུག་རེས་བྱས་འདུག
མི་རྣམས་ལ་ད་དུང་དོགས་པ་འདི་འདྲ་ཡང་ཡོང་བ་སྟེ། ཀརྨ་བསམ་གྲུབ་ཀྱིས་ཁོང་གི་སྤུན་མཆེད་གཉིས་ལ་ཁྲིམས་རྩོད་པ་གླས་ནས་གྱོད་གཏུག་བྱེད་བཞིན་པའི་སྐབས་སུ་ཁོང་གི་མགོ་ལ་ཉེས་པ་དེ་སླར་ཡང་ལྷུང་དོན་གང་ཡིན་ནམ། ཀརྨ་བསམ་གྲུབ་ཀྱིས་ཨ་རིའི་ཚོང་པ་ཆེན་པོ་ཞིག་དང་མཉམ་དུ་ལྷ་ས་རུ་མགྲོན་ཁང་ཆེན་པོ་ཞིག་འཛུགས་པར་གྲབས་གཤོམ་བྱེད་བཞིན་པའི་སྐབས་སུ་ཉེས་པ་དེ་བཀལ་ནས་བཀག་ཉར་བྱེད་དོན་གང་ཡིན་ནམ། ད་དུང་ཀརྨས་ཁོར་ཡུག་ཙམ་མ་ཚད། གཟི་གཙོས་པའི་བོད་ཀྱི་རིག་དངོས་རྣམས་ཀྱི་རིན་ཐང་ལ་སྲུང་བཞིན་པའི་སྐབས་སུ་ཁོང་གི་མགོ་ཐོག་ཏུ་ཉེས་པ་དེ་སླེབས་དོན་གང་ཡིན་ནམ། གཟི་ཡི་རྒྱལ་པོ་ཞེས་པའི་དཔེ་དེབ་འདི་ཚར་གཅིག་བཀླགས་ན་ཀརྨ་བསམ་གྲུབ་ཀྱི་མགོ་ཐོག་ཏུ་ལྷུང་བའི་ཉེས་པ་འདི་དག་ནི་མ་ཉེས་ཁ་གཡོགས་ཡིན་པ་དང་། རྒྱ་ནག་གཞུང་ནས་དཔེ་དེབ་འདི་བཙན་བཀག་གཏོང་དོན་ཡང་བདེན་པ་དེ་དག་འགེབས་པའི་ཆེད་དུ་ཡིན་པ་གསལ་པོ་རེད་འདུག
གཞན་ཡང་། རྒྱ་གཞུང་ནས་བཀྲམ་པའི་ཉེས་ཆད་ཁྲིམས་ཡིག་ནང་ཀརྨ་བསམ་གྲུབ་ལ་1998ལོར་དུར་སྔོག་གི་ཉེས་པ་ཡོད་པ་དང་། དེ་རིང་2010ལོར་སླར་ཡང་ཉེས་པ་བསགས་པ་ཞེས་སྐད་ཆ་འགོ་མཇུག་མ་མཐུན་པ་ཞིག་བཤད་ཡོད་པ་མ་ཚད། ཉེས་ཆད་ཁྲིམས་ཡིག་མགོ་ནས་མཇུག་བར་བཀླགས་ན་ཁྲིམས་ལ་རྒྱུས་མེད་པའི་མི་ཞིག་གིས་ཀྱང་སྐྱོན་དང་སྔ་ཕྱིའི་འགལ་བ་མང་པོ་ཞིག་མཐོང་རྒྱུ་འདུག དེ་ནི་ཀརྨ་བསམ་གྲུབ་ཀྱིས་ཁྲིམས་རྭར། “ཉེན་རྟོག་པས་ངོ་མ་རྫུན་ཞིག་བཟོ་དགོས་བསམས་ན། འདྲ་ཆགས་པོ་ཞིག་བཟོས་ན་ལེགས། གལ་སྲིད་ག་ས་གང་ནས་རྫུན་གྱི་ཨི་ཁུང་བརྡོལ་ན་མི་རྣམས་དགོད་བྲོ་བ་མ་ཚད་ཁྱོད་རང་ཚོ་ངོ་ཚ་ཁ་སྐྱེངས་ཡོང་གི་རེད་”ཟེར་བ་དེ་ཅིས་མི་བདེན།

རྩོམ་རིག

Post navigation

Previous Post: ཕ་ཡུལ་གྱི་སྐྱ་བོའི་ཚད་མའི་བགྲོ་གླེང་།
Next Post: རྣམ་པ་ཚོར་གྲོས་འདེབས་སུ་ཕུལ་བ།

Comments (14) on “ཀརྨ་བསམ་གྲུབ་ལ་ཉེས་པ་མེད་པའི་དཔང་རྟགས།”

  1. ངག་དབང་ says:
    2010-06-29 at 10:38 pm

    ཀརྨ་བསམ་འགྲུབ་ལགས་ལ་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་གཅད་པ་འདིར་ངོ་རྒོལ་དང་འབྲེལ་ཁོང་ལ་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད།

  2. Gedun says:
    2010-06-29 at 10:40 pm

    ཐུགས་རྗེ་ཆེ། ལོ་རྒྱུས་ཞིབ་ཚགས་མོ་ཞིག་བྲིས་གནང་འདུག སེམས་དམར་མོར་ཕབ་ཟིན། མུ་མཐུད་ནས་ཁོང་གི་སྐོར་ལ་གླེང་རོགས་གནང་། ང་ཚོ་མི་རེ་རེས་འདི་ལྟར་བཙོན་རེ་རེའི་ཆེད་དུ་ཆེད་ལས་ཀྱི་ཚུལ་དུ་ཞིབ་འཇུག་བྱེད་ཐུབ་ན། བཙོན་པ་སྟོང་ལ་འབྲི་མཁན་སྟོང་ཡོང་གི་རེད། འབྲི་མཁན་སྟོང་ལ་ཀློག་མཁན་ཁྲི་མ་འབུམ་ཡོང་གི་རེད། དེས་བོད་ཀྱི་རྒྱུས་འདི་གསོན་པོ་ཆགས་གི་རེད།
    བཀའ་དྲིན་ཆེ།

  3. རྩམ་གཟན། says:
    2010-06-29 at 11:36 pm

    ཀརྨ་བསམ་འགྲུབ་ནི། རེ་ཁེ་མ་ཡིན་པར། སྨ་ཤོད་གོ་འཇོ་ཡིན་ཞིང་། ཁོང་ནི་གོ་འཇོ་ཞན། ཆུས་གཉིས་པའི་ཁ་འོག རྩྭི་རོང་གྲོང་ནས་རེད་ལ། གོ་འཇོ་གཙང་མ་གཙང་རྐྱང་ཞིག་རེད། འོན་ཀྱང་གོ་འཇོ་བའི་ཡུལ་ལྷ་དང་གཞི་བདག་མཐུ་ཆུང་བས་ཡིན་ནམ། ཡང་ན་ལས་དབང་གཞན་ཞིག་ཡིན་ཆ་མ་འཚལ། གང་ལྟར་གནའ་ནས་ད་བར་བུ་ཡ་རབ་སྤྱོད་བཟང་། ཤེས་འཇོན་གཉིས་ལྡན་ཞིག་བྱུང་ན་ལུང་ཚན་གཞན་ཞིག་འཕྲོག་འགྲོ་བ་ཆོས་ཉིད་ལྟ་བུ་ཞིག་རེད། དཔེར་སྔར་ཀུན་མཁྱེན་གོ་རམ་པའང་སྨར་ཁམས་བ་ཡིན་ཚུལ་གྱི་སྒྲུབ་བྱེད་མང་དུ་བཤད་པ་བཞིན། ད་ལན་ཡང་འགོ་བརྗོད་དུ་རེ་ཁེ་ཀརྨ་བསམ་འགྲུབ་ཅེས་བྲིས་འདུག

    ཚག་པར་དང་དྲྭ་བདག་ཚོས་ཞིབ་དཔྱད་ལེགས་པར་བཏང་ནས་ཁུངས་མེད་ཀྱི་གཏམ་འཆལ་མ་སྤེལ་རོགས།

  4. རྩམ་གཟན། says:
    2010-06-29 at 11:37 pm

    ཀརྨ་བསམ་འགྲུབ་ནི། རེ་ཁེ་མ་ཡིན་པར། སྨ་ཤོད་གོ་འཇོ་ཡིན་ཞིང་། ཁོང་ནི་གོ་འཇོ་ཞན། ཆུས་གཉིས་པའི་ཁ་འོག རྩྭི་རོང་གྲོང་ནས་རེད་ལ། གོ་འཇོ་གཙང་མ་གཙང་རྐྱང་ཞིག་རེད། འོན་ཀྱང་གོ་འཇོ་བའི་ཡུལ་ལྷ་དང་གཞི་བདག་མཐུ་ཆུང་བས་ཡིན་ནམ། ཡང་ན་ལས་དབང་གཞན་ཞིག་ཡིན་ཆ་མ་འཚལ། གང་ལྟར་གནའ་ནས་ད་བར་བུ་ཡ་རབ་སྤྱོད་བཟང་། ཤེས་འཇོན་གཉིས་ལྡན་ཞིག་བྱུང་ན་ལུང་ཚན་གཞན་ཞིག་འཕྲོག་འགྲོ་བ་ཆོས་ཉིད་ལྟ་བུ་ཞིག་རེད། དཔེར་ན་སྔར་ཀུན་མཁྱེན་གོ་རམ་པའང་སྨར་ཁམས་བ་ཡིན་ཚུལ་གྱི་སྒྲུབ་བྱེད་མང་དུ་བཤད་པ་བཞིན། ད་ལན་ཡང་རེ་ཁེ་ཀརྨ་བསམ་འགྲུབ་ཅེས་བྲིས་འདུག

    ཚག་པར་དང་དྲྭ་བདག་ཚོས་ཞིབ་དཔྱད་ལེགས་པར་བཏང་ནས་ཁུངས་མེད་ཀྱི་གཏམ་འཆལ་མ་སྤེལ་རོགས།

  5. རྩམ་དགའ། says:
    2010-06-30 at 1:42 am

    རྩམ་གཟན་ལགས་་་་་་་ཐུགས་དེ་འདྲ་སྐྱོ་སྐྱོ་མ་གནང་་་་་ཀརྨ་བསམ་འགྲུབ་ཁོང་ནི་་་་གོ་འཇོ་བ་ཡིན་ན་ཡིན་་་་རེ་ཁེ་ནས་ཡིན་ན་ཡིན་་་་་ཚང་མ་གཅིག་པ་རེད་་་་་བོད་རིགས་ཚང་མ་སྤུན་ཟླ་རེད་ལགས།

  6. ཁ་རུ་ཁ་ཐུག says:
    2010-06-30 at 2:39 am

    རྩམ་གཟན་ཁྱོད་རང་རྩམ་པས་བཟི་བ་ཨེ་རེད།
    རེ་ཁེ་ཞེས་པ་དེའི་དག་ཆ་ཕལ་ཆེར་ནོར་བ་ཡིན་པ་འདྲ། རུས་ཧེ་ཞེས་ཟེར་གྱི་ཡོད་ཚུལ་འདུག འོན་ཀྱང་རུས་ཧེ་ཞེས་པ་ས་ཆའི་མིང་མ་ཡིན་པར་དུད་ཚང་གི་མིང་ཡིན་པ་རེད། དེར་བརྟེན་ཕ་ཡུལ་གོ་འཇོ་ཡིན་མིན་གྱི་རྩོད་པ་དགོས་དོན་མི་འདུག
    རུས་ཧེ་ཞེས་པ་དེ་རྒྱ་ཡིག་སྒང་ལ་ཕབ་དུས་རེ་ཁེ་ཟེར་བ་ལྟ་བུའི་སྒྲ་ཞིག་ཐོན། དེ་ནས་བོད་ཡིག་ཏུ་བསྒྱུར་མཁན་ཚོས་རེ་ཁེ་ཞེས་བྲིས་ནས་རྒྱུན་འབྱམས་སུ་ཕྱིན་པ་ཡིན་པར་འདུག་གོ།། ད་དུང་དཔྱད་རོགས་གནང་།

  7. ཀརྡོ་རབ་འབྱམས་པ་ says:
    2010-06-30 at 2:50 am

    བྲི་མཁན་རྒྱ་མི་ཡིན་པའི་གཟི་ཡི་རྒྱལ་པོ་ཞེས་པའི་དཔེ་དེབ་དེས་ཀརྨ་བསམ་གྲུབ་མི་དཀར་ལ་ཞྭ་ནག་གཡོགས་པ་ཤེས་ཐུབ་ངེས་ཡོད་པ་འདྲ། ཀུན་གྱིས་རེམས་པར་མཛོད།

  8. ནགས་ཤོད་སད་མི། says:
    2010-06-30 at 3:59 am

    ཀརྨ་བསམ་འགྲུབ་རེ་ཁེ་བ་ཡིན་པ་ནོར་སོ་མེད་ལ། རེ་ཁེ་ཞེས་པའི་ཐ་སྙད་འདི་ལ་ཡང་འཁྲུལ་སླད་མེད། ས་མིང་འདི་སྐུ་ཞབས་ཀརྨ་བསམ་འགྲུབ་ལགས་ཀྱི་འདུག་རོགས་སྒྲོལ་དཀར་མཚོའི་རྒྱ་ཡིག་པོད་ཁུག་ཏུ་རུ་ཁེ་ཞེས་བྲིས་ཡོད། དེ་ང་ཚོ་བོད་སྐད་རེ་ཁེ་ཞེས་པ་འདི་ནས་ཕར་ཟུར་ཆག་པ་རེད། བརྡ་ཆད་འདིའི་གོ་དོན་འདི་ལྟར་ཟེར་སྲོལ་འདུག་སྟེ། ཡུལ་ལུང་དེར་གནས་པའི་མི་རྣམས་ནི་གཞན་དང་མི་འདྲ་བའི་དཔའ་བློ་ཁོག་ཡོད་
    ཟེར་ལ། ཨ་མའི་བུ་རེ་རེ་བྱས་ནས་འཛིང་བཏང་ན་ཁེ་རྒྱུ་ཉག་ཅིག་ཡིན་ཅེས་པའི་དོན་དུ་རེད།

  9. རྩམ་གཟན། says:
    2010-06-30 at 9:40 am

    རྩམ་གཟན་རྩམ་པས་གཟི་བ་མ་ཡིན་ཡང་ཁ་གསལ་པོ་བཟོ་རྒྱུ་གལ་འགང་ཆེན་པོ་ཞིག་རེད།
    ནམ་རྒྱུན་དུ་འཁྱོགས་བཤད་ཐལ་དྲག་པས་ང་བེད་དེ་སུན་ཚར་ཡིན།
    སོང་གཙང་། ད་ལན་ཡང་། དེ་གལ་ཆེན་པོ་དང་དེ་ཙམ་མིན་པར་ངས་ཀྱང་ཤེས་ཀྱང་།
    དྲང་བདེན་གྱི་ལམ་ལ་འགྲོ་བ་ང་དགའ།

  10. jamdrag says:
    2010-06-30 at 10:49 am

    རྩམ་ཟན། རེ་ཁེ་ཞེས་པ་སྒྲ་ཅུང་མ་དག་པ་རེད། ༼རུས་ཁེ༽ཞེས་དུད་ཚང་གི་མིང་རེད། རུས་ཁེ་ཡིན་ན་གོ་འཇོ་མིན་དགོས་མ་རེད་ལོ།

  11. lala says:
    2010-06-30 at 12:54 pm

    གངས་ཅན་པ་དང་། ཁམས་པ། གོ་འཇོ་གང་སྦྱར་ཀྱང་མི་སྐྱོན། རེ་ཁེ་དང་རུ་ཁེ། རུས་ཧེ། རུས་ཁེ་སོགས་གང་ཡིན་མིན་ལ་དཔྱད་རྒྱུ་ཡོད་ངེས། ཕ་ཡུལ་གོ་འཇོ་འདྲ་ཡོད་ན་རྒྱུས་ཡོད་ཤག རྡོག་རྡོག་བཤད་ན་ང་ཚོ་བོད་མིའི་ཕོ་རྒོད་རླབས་ཆེན་ཞིག་ཡིན་པ་གཏན་ཁེལ་སོང་།

  12. ཀརྡོ་རབ་འབྱམས་པ་ says:
    2010-07-02 at 2:28 am

    ཨ་པོ་ལི་རྫི་གཙོས་པའི་མི་ལྔས་དུར་ས་བསྔོགས་མ་བསྔོག་གི་རྙོག་དྲའི་ནང་ཀརྨ་བསམ་འགྲུབ་མེད་པ་དང་གཅིག
    ཀརྨ་བསམ་གྲུབ་ལ་རིག་དངོས་གཅེས་ཉར་དང་ཉོ་ཚོང་ལག་ཁྱེར་ཡོད་པ་དང་གཉིས།
    ཁྲིམས་ཁང་ནང་དུ། མཁྲིས་ནད་ཅན་དང་། སྨྱོན་པ་ཁྱུ་ཞིག་བཤད་ནས་རང་གི་བདེན་པ་རྩོད་འདུག་པ་གསུམ།
    ཨ་པོ་ལི་རྫིས་ངུ་བཞིན་དུ་ཀརྨ་ལ་ཁས་ལེན་རོགས་བཤད་པར་ཀརྨས་ངས་ཁས་ལེན་རྒྱུ་ཅི་ཡོད་བཤད་པ་བཞི།
    རྒྱ་གཞུང་ཉེས་ཆད་ཁྲིམས་ཡིག་ནང་ཀརྨ་བསམ་གྲུབ་ལ་1998ལོར་དུར་སྔོག་གི་ཉེས་པ་དང་། 2010ལོར་སླར་ཡང་ཉེས་པ་ཞེས་པའི་ཉེས་པ་དང་པོ་ཡ་མེད་པའི་ཆ་འདུག་ཅེས་བཙན་འགེལ་བྱས་པ་དང་ལྔ།
    འདི་ལྔས་ཀརྨ་བསམ་འགྲུབ་ནི་མི་ཁྲིམས་ལྡན་དྲངས་ཚུགས་ཅན་ཞིག་ཡིན་གསལ་སྟོན་འདུག
    གནམ་ཐང་དུ་འཇུ་བཟུང་བྱས་པ་དྲང་པོ་མ་རེད།
    དངུལ་དངོས་བཙན་འཕྲོག་བྱས་པ་དྲང་པོ་མ་རེད།
    མ་ཉེས་ཁ་གཡོགས་བྱས་པ་པ་དྲང་པོ་མ་རེད།
    ལོ་མང་བཙོན་འཇུག་བྱས་པ་དྲང་པོ་མ་རེད།
    རྒྱ་གཞུང་དེ་དྲང་པོའི་གཞུང་ཅིག་ག་དུས་ཆགས་བགྱིད་རེད། !!!!!!!!!!???????????????

  13. ཀརྡོ་རབ་འབྱམས་པ་ says:
    2010-07-02 at 2:40 am

    སུས་བལྟས་ཀྱང་རྒྱ་གཞུང་ལ་དྭོགས་གནད་ཆེན་པོ་གསུམ་ནི།
    ༡པོ། སྤུན་མཆེད་བརྩོན་འཇུག་བྱས་དོན།
    ༢པ། ཁོང་ནི་ཁོར་ཡུག་སྲུང་སྐྱོབ་པ་ཅིག་ཡིན་པ་དེ་འཛིན་བཟུང་བྱས་དགོས་དོན།
    ༣པ། རྒྱ་རིགས་ཀྱིས་བྲིས་པའི་གཟི་ཡི་རྒྱལ་པོའི་དེབ་དེ་སྦས་དགོས་དོན་སོགས་རེད།
    ༤པ། ད་དུང་ཡང་དྭོགས་གཞི་མང་པོ་འདུག་པས་ད་ལྟ་ནས་བརྗོད་ན་སྔ་དྲགས་པ་ལ་འཇིགས་ནས་མ་བྲིས།

  14. thondup says:
    2010-07-02 at 9:45 am

    he is truth

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme