Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀུན་ལྡན་ལྕགས་བྱི་ལོའི་གནམ་ལོ་གསར་ཚེས་ལ་ཕུལ་བའི་ཀ་རྩོམ་མཁས་པའི་དགའ་སྟོན།

Posted on 2020-03-082020-03-10 By ཁ་བརྡ 1 Comment on ཀུན་ལྡན་ལྕགས་བྱི་ལོའི་གནམ་ལོ་གསར་ཚེས་ལ་ཕུལ་བའི་ཀ་རྩོམ་མཁས་པའི་དགའ་སྟོན།

བོད་གཡག་རྒོད།

དགའ་དགའ་སྐྱིད་སྐྱིད་དགུ་ཐུག་ལྷོག་ལྷོག་སྐོལ།།
རུག་རུག་འཛོམས་འཛོམས་དགོད་སྒྲ་དིར་དིར་བཞུགས།།
སྤྲོ་སྤྲོ་རྒྱས་རྒྱས་ལོ་སར་ཚུར་ཚུར་བསུས།།
ཁྲ་ཁྲ་མཛེས་མཛེས་རྒྱན་གོས་རྫིག་རྫིག་ངོམས།།
བདེ་བདེ་ལྷོད་ལྷོད་གླུ་དབྱངས་ཡང་ཡང་ལེན།།

རེད་དེ་་་་་་་་་་་་

ཀ་ཀ་ར་ཡི་དུས་མཐའ་རིམས་འགེམས་འདིར།།
ཀི་ཀི་སྒང་པ་བོད་ཀྱི་ཕུ་ནུ་ཚོ།།
ཀུ་ཀུ་ཁུ་བྱུག་གནས་འདིར་མ་གྲགས་བར།།
ཀེ་ཀེར་མ་བུད་ནང་དུ་བཞུགས་རོགས་མཛོད།།
ཀོར་ཀོར་རུག་རུག་བྱས་ན་མི་ཡག་གསུངས།།

ཁ་ཞེ་གཉིས་མེད་སྙིང་གཏམ་འདི་ལ་གསོན།།
ཁི་ཞི་ལྷང་ངེར་གྲགས་པའི་རིམས་ངན་འདིར།།
ཁུ་གུ་ནག་པོ་དགུ་སྦྱོར་སྐེ་ལ་ཐོགས།།
ཁེ་སར་འདོད་ན་སློབ་དཔོན་བཀའ་བཞིན་སྒྲུབས།།
ཁོ་བོས་འདི་ནས་བསྐྱར་དུ་ཞུ་བ་འབོད།།

ག་ས་ག་ལ་འགྲོ་འདུག་ཉུང་ན་ཡག །
གི་ཝང་དོམ་མཁྲིས་དབྱར་རྩ་དགུན་འབུ་དང་།།
གུ་གུལ་ཆིག་ཐུབ་རྩ་ཆེན་སྨན་གྱི་རིགས།།
གེ་ཧཾ་ཁྱིམ་དུ་ཡོད་ན་ལྷ་རྗེའི་གསུང་།།
གོ་ན་དེ་བཞིན་ཚུལ་དུ་བསྟེན་ན་ལེགས།།

ང་ར་གྲང་ཤད་ཆེ་བའི་དགུན་གཞུང་འདིར།།
རྔི་ཅི་ཁྲོམ་དང་འདུ་འཛིར་མ་ཆེ་ཞིག །
ངུ་ངག་འདོན་བཞིན་འཆི་སྒུག་རྒྱག་གི་དུས།།
ངེས་མེད་སུ་ལ་ཚེས་ཡོང་ཆ་མེད་རེད།།
ངོ་གནོང་འགྱོད་པ་ཤོར་དུས་འཕྱི་ལེ་ཡིན།།

ཅ་ལག་མཁོ་ཆས་ག་དུས་ཉོ་ཉོ་རེད།།
ཅི་འདོད་ཡོད་རྒུ་ག་ནས་བརྩོན་བརྩོན་རེད།།
ཅུ་ལི་ཀུ་ཤུ་སིལ་ཏོག་སྡེར་ཁ་སོགས།།
ཅེར་བའི་དུས་ཀྱང་ད་རེས་མ་ཡིན་པས།།
ཅོག་གེར་བཞུགས་དང་དེ་ལས་ཡན་ཞིག་མེད།།

ཆ་མེད་མི་དང་ཁ་བརྡ་ལག་འཇུ་སོགས།།
ཆི་ཡང་མ་གནང་བར་ཐག་རིང་ཙམ་ཞོག །
ཆུ་ཁོལ་འཐུང་དང་ལུས་སྦྱོང་ཡང་ཡང་བྱོས།།
ཆེ་ཉམས་སྤངས་ཏེ་དམ་པའི་ངག་བཞིན་སྒྲུབས།།
ཆོས་འདོན་གཟུངས་ཟློ་རིམ་གྲོ་ཆེས་ཆེར་མཛོད།།

ཇ་ཁང་ཆང་ཁང་གནས་སྐབས་ཞོག་དང་དགའ།།
ཇི་མི་སྙམ་པའི་ཚུལ་དེ་སྤངས་ན་བཟང་།།
ཇུས་ཉེས་བྱུང་ན་བྲོས་སའི་ལམ་ཡང་མེད།།
ཇེ་ཙམ་གཟབ་ན་དེ་ཙམ་ཐར་ལམ་མཆིས།།
ཇོ་བོ་སྤུན་ཟླ་འགག་རྩའི་དུས་སུ་གཟོབས།།

ཉ་ངོག་ནད་དུག་གར་ཡོད་ཤེས་མེད་རེད།།
ཉི་བུ་སུ་ལ་ཅེར་ཡོད་ཆ་མེད་རེད།།
ཉུལ་བ་མ་གནང་འཕྲོད་བསྟེན་དམ་ཟབ་མཛོད།།
ཉེ་རིང་སུ་ཡང་མགྲོན་དུ་མ་བཀུག་གསུངས།།
ཉོ་སྒྲུབ་དགོས་ཚེ་ཡིན་གཅིག་ཁ་རས་དཀྲིས།།

ཏ་ལེར་གྲངས་ཀའི་ངོས་སུ་གསལ་བ་ཡི།།
ཏིལ་ཙམ་མི་འཆུག་ནད་པའི་འབོར་ལ་གཟིགས།།
ཏུ་ཅི་ཚན་རིག་ལམ་ནས་བཤམས་པ་ཡིན།།
ཏེ་པོར་རིམས་འདིར་གཡེང་ལྷོད་མ་གནང་ཞིག །
ཏོག་ཙམ་ལྷོད་ན་དེ་ཙམ་སྲོག་ལ་གཟན།།

ཐ་ལ་ནད་ངན་འདི་ལས་རྒྱལ་བའི་ཚེ།།
ཐི་རར་སྔར་བཞིན་མྱོང་རོལ་བྱེད་ལོང་ཡོད།།
ཐུ་པོ་ནད་ཡམས་འདི་ལས་ཐར་བའི་ཚེ།།
ཐེ་ཚོམ་མེད་པར་འཛམ་གླིང་སྐོར་ནའང་ཆོག །
ཐོལ་བྱུང་གཏམ་འདིར་སོམས་དང་གོ་རྒྱུ་ཡོད།།

ད་ཐེངས་ཙམ་ལས་ད་དུང་ལོ་སར་སོགས།།
དིར་དིར་དགོད་སྒྲ་ལྷང་ངེར་འཛོམས་ན་ཆོག །
དུ་ཙམ་འདོད་ན་རང་སྣང་གང་འདོད་ཀྱིས།།
དེ་ཙམ་ཐོངས་དང་བཀག་རྒྱ་ཡོད་ལེ་མིན།།
དོ་ན་ཉིན་ལྟར་ལོ་སར་བཏང་ནའང་འཐུས།།

ན་ཚའི་རིམས་འདི་རྩ་ནས་མ་ཆད་བར།།
ནི་དྲཱ་གཉིད་ལ་སྐྱེན་ན་རྒོད་པོ་ཡིན།།
ནུ་ནིང་ནང་དུ་བཞུགས་ན་མཁས་པ་ཡིན།།
ནེམ་ནེམ་གདན་ཐོག་འདུག་ན་སྤྱང་པོ་ཡིན།།
ནོངས་པར་མི་དགོས་འདི་ཚོ་ཡོན་ཏན་རེད།།

པ་ཊུ་མཁས་པའི་གསུང་དང་བཀའ་བཞིན་སྒྲུབས།།
པི་ཝང་སྒྲ་སྙན་ཤེས་ན་དེ་ཡག་རེད།།
པུ་ཏི་གླེགས་བམ་ཡོད་ན་ཞལ་ཕྱེ་གྱིས།།
པེ་ཅིང་གཙོས་པའི་གསར་འགྱུར་དུས་ཐོག་ལྟོས།།
སྤོ་ཡོར་འདི་ལས་གཡོལ་བའི་ཐབས་ལ་འབོད།།

ཕ་མ་རྒན་རྒོན་ཚོགས་ལ་གོ་བ་བསྐོན།།
ཕི་ནང་གཉིས་ཀྱི་འགྲོ་འདུག་ལད་མོ་བྱོས།།
ཕུ་ཐག་མ་ཆོད་བར་དུ་ནད་ངན་འདིས།།
ཕེ་འདེབས་ངུ་འབོད་ཤོར་དུ་བཅུག་ས་གདའ།།
ཕོ་རྒོད་མོ་རྒོད་གན་ཚོའི་ཐུགས་ལ་ཞོག །

བ་ཊཱིས་བཅིངས་པ་མིན་ཡང་འཆིང་ཚུལ་འཛིན།།
བི་དྲ་བློ་གྲོས་ཅན་གྱི་གཏམ་ལ་ཉོན།།
བུ་ནོར་ལོངས་སྤྱོད་ཅན་ཚོས་སྦྱིན་པར་རེམ།།
བེ་གཱི་མྱུར་མྱུར་འཇིག་པའི་རིམས་ནད་འདི།།
བོར་ཞིང་མིང་མཐའ་ཙམ་ཡང་མ་ལྷག་ཤོག །

མ་འགྱུར་བློ་རྩ་བརྟན་པོས་ཚུགས་ཤིག་བཟུང་།།
མི་འདོད་རིམས་ངན་འདི་ལས་གཡོལ་ཐབས་མཛོད།།
མུ་ནས་སྐབས་ཤིག་ནང་དུ་ལྷོད་ལྷོད་བཞུགས།།
མེ་ལ་ཞེད་ཅིང་གྲང་ལ་དགའ་བའི་རིམས།།
མོ་གྷཾ་སྒོ་རུ་དོན་ན་འགོ་ལ་རེམ།།

ཙ་ར་རྩད་གཅོད་ཚན་རིག་ལྷ་རྗེས་བྱེད།།
ཙི་གུ་ཕ་ཝང་ལ་སོགས་ག་ནས་མཆེད།།
ཙུག་ཙུག་རྩོད་པས་འགྲན་ཟླ་དགོས་ཡ་མེད།།
ཙེ་ནེ་ལྷོད་ཀྱིས་བཞུགས་མཛོད་སྤུན་ཟླ་ཚོ།།
ཙོག་པུར་ནང་དུ་སྡོད་ཚུགས་ཨ་རོགས་ཚོ།།

ཚ་ན་མི་འདོད་རིམས་ལས་གཡོལ་རྒྱུ་གལ།།
ཚིག་ཀྱལ་ངག་སྟོང་འུར་ལ་འདྲོགས་དགོས་མེད།།
ཚུལ་མཐུན་ཁྲུས་དང་འཕྲོད་བསྟེན་ལེགས་པོར་མཛོད།།
ཚེ་ཐག་ཕུག་གི་བར་ལ་འཚོ་འདོད་ན།།
འཚོ་བྱེད་སྨན་དང་སྨན་པའི་ངག་བཞིན་སྒྲུབས།།

ཛ་ཏུ་སྐག་གེགས་གཡོལ་བའི་ཐབས་ལ་འབོད།།
འཛིན་མའི་ཁྱོན་ཡང་དེ་ལ་འབད་བཞིན་མཆིས།།
ཛུ་སླིག་རྫུ་འཕྲུལ་འདྲ་བའི་ནད་འབུ་དེ།།
འཛེམས་ལ་མཁས་ན་འགོ་ལ་མི་སྐྲག་གསུངས།།
ཛོར་པོའི་ཁོར་ཡུག་དག་ལ་གཟབ་དགོས་སྨྲ།།

ཝ་ལེར་གསལ་ཞིང་མྱུར་མྱུར་འཕར་བ་ཡི།།
ཝི་ཤྭ་ཆ་འཕྲིན་སྣ་ཚོགས་གཟུགས་ངོས་ལས།།
ཝུགས་ཙམ་གཅིག་ལ་ནད་པ་ཇེ་མང་འདི།།
ཝེད་ལབ་མ་རེད་ཚན་རིག་བདེན་དཔང་རེད།།
ཝོ་བརྒྱལ་མྱང་མཁན་གོས་དཀར་སྡེ་ཚོགས་རེད།།

ཞ་ར་མིན་ན་མིག་གིས་མཐོང་ཚོད་རེད།།
ཞི་དུལ་སྒོ་ནས་ཐུགས་བསམ་བཞེས་རྒྱུར་གལ།།
ཞུ་དོན་འདི་ལ་དགོངས་བཞེས་གནང་རོགས་མཁྱེན།།
ཞེ་ཁྲེལ་མ་ཡིན་སྙིང་གཏམ་དྲོན་མོ་ཡིན།།
ཞོ་འོ་ཇི་བཞིན་སེམས་པ་དཀར་པོས་ཡིན།།

ཟ་འཐུང་འགྲོ་སྡོད་སྤྱོད་མལ་ལྷག་ཏུ་གཟོབས།།
ཟི་ར་རང་བཞིན་ནད་འདུག་ངར་རླབས་ཆེ།།
ཟུར་ཙམ་ཐུག་ཙམ་གཅིག་གིས་མི་སྲོག་འཕྲོག །
ཟེར་སྒྲོས་འདི་ཚོ་རྣ་བས་གོ་ཚོད་རེད།།
ཟོ་བཟང་ངང་རྒྱུད་རིང་པོས་རང་སྲོག་འཚོས།།

འ་ཅག་གངས་ཅན་པ་ཡིས་འདྲ་མིན་ཟས།།
འི་༼ཨི༽རག་མི་བལྟ་ལྷག་པར་ཤ་ཡི་རིགས།།
འུ་གུ་ཚོ་ཡིས་ནན་ནན་འཛེམས་པ་འདི།།
འེ་ཅག་ཁ་བ་རི་པའི་རྒྱན་ཡིན་གཤིས།།
འོ་སྐོལ་ཀུན་གྱིས་རྒྱུན་ནས་སྐྱོངས་རྒྱུར་གལ།།

ཡ་ཁོག་ནད་འབུས་འཇོམས་རྒྱུར་མ་ཞེད་ན།།
ཡི་ག་གང་འདོད་རང་སྣང་གང་ཤར་གྱིས།།
ཡུལ་ལུང་དཀྲུག་པའི་ཞྭ་ནག་གྱོན་འདོད་ན།།
ཡེ་ནས་ཐུགས་སྣང་མ་གནང་གར་འདོད་རྒྱུགས།།
ཡོ་ཆས་སྒྲུབས་རྗེས་ལོ་སར་བཙོན་ནས་ཐོངས།།

ར་བ་གངས་རིས་བསྐོར་བའི་ཞིང་ཁམས་དང་།།
རི་མཐོ་ས་གཙང་བོད་ཀྱི་ལྗོངས་ཡིན་ཞེས།།
རུ་ངས་བལྟ་བ་མཁྲེགས་འཛིན་མ་གནང་དང་།།
རེ་ཞིག་ལྷོད་ཀྱང་འཇིགས་རུང་ནད་དུག་འདིའི།།
རོ་ཏོ་ལྷག་མ་ནམ་འོང་ཆ་མེད་རེད།།

ལ་ལུང་ག་ནས་མཆེད་འོང་ཤེས་མེད་རེད།།
ལི་ཅུ་བཞིན་གྱི་ནད་འབུ་མངོན་མེད་རེད།།
ལུང་ཁུག་ས་ཁུག་མི་རྣམས་གླེན་ཤས་ཆེ།།
ལེ་འཁོན་བྱེད་གཏེ་ཁྱོད་རང་མ་ཡིན་ཡང་།།
ལོ་སར་སྟ་གོན་འཚུབ་ཆ་ཆེ་ལུགས་ལྟོས།།

ཤ་ཁྲག་འདྲེས་པའི་ཕུ་ནུ་མིང་སྲིང་ཚོ།།
ཤི་རྒྱུར་ཞེད་ན་ང་ཡི་ཚིག་ལ་ཉོན།།
ཤུལ་མེད་རྗེས་མེད་ཉིན་གྲངས་བཅོ་ལྔ་ཙམ།།
ཤེས་མེད་ཚོར་མེད་ཕྱི་ལ་མི་མངོན་པའི།།
ཤོགས་ཆེན་ནད་དུག་འདི་ལས་གཡོལ་ཐབས་གྱིས།།

ས་གཞི་ཡོངས་ལ་བཀྲ་ཤིས་འཕེལ་བར་ཤོག །
སི་དྷཱི༔ན་ནད་ཀུན་ནས་འཇོམས་པར་ཤོག །
སུ་ཡང་བདེ་འདོད་སྡུག་བསྔལ་མི་འདོད་པས།།
སེ་གོལ་གཏོགས་པ་ཙམ་གྱིས་དེ་བཞིན་དུ།།
སོ་སོའི་གནས་ལ་དགའ་བདེ་རོལ་གྱུར་ཅིག །

ཧ་ཧ་རྩེད་མཚར་མ་ཡིན་དྲང་གཏམ་ཡིན།།
ཧི་ཧི་ཁྲེལ་དགོད་མ་གནང་དོན་ལ་སོམས།།
ཧུ་ཤུ་འཐེན་བཞིན་འགྱོད་པས་གདུངས་བའི་དུས།།
ཧེ་ཧེ་དགའ་རྒྱུ་ཨི་འདུག་དེ་དུས་ཤེས།།
ཧོ་ཧོ་གཤིན་རྗེའི་སྒོ་རྩར་ཨི་གདའ་བལྟ།།

ཨ་ཀི་རིམ་གྱིས་འཕར་ཞིང་ཉེ་ཉེར་བཅར།།
ཨི་ཏི་རིམས་ཀྱིས་བཟུང་བའི་འབོར་ལ་ལྟོས།།
ཨུ་དུག་རིམས་འདི་མངོན་མེད་མཁའ་དབུགས་རེད།།
ཨེ་བདེན་མི་བདེན་མཁས་པའི་གསུང་ལ་ཉོན།།
ཨོ་པ་ཅིས་ཀྱང་ཐུགས་སྣང་བཞེས་རྒྱུར་གལ།།

བསམ་པ་དཀར་པོའི་སྙིང་གཏམ་དྲོན་མོ་འདི།།
འདི་ཕྱི་བདེ་ཞིང་རིགས་ལ་ཕན་ན་སེམས།།
སེམས་བཟང་སྙིང་རྗེའི་ང་རོ་མ་སྒྲོག་ན།།
ན་ནད་ཞི་བའི་ཐབས་གཞན་མ་མཆིས་མོད།།
མོད་ཀྱི་གཙོ་བོར་རང་ལ་རག་ལས་སོ།།

ཞེས་བོད་གཡག་རྒོད་ནས་སྤྱི་ལོ་༢༠༢༠ལོའི་ཟླ་༢ཚེས་༢༢ བོད་རྒྱལ་ལོ
༢༡༤༦ཟླ་༡༢ཚེས་༢༩ཉིན་བྲིས་པར་དགེའོ། མངྒ་ལཾ།

ཟུར་མཆན།:
ཀ་ཀ་ར།: རྒྱ་གར། སྙིགས་མའི་དུས་ཀྱི་མིང་།
ཁི་ཞི།: བོན། ཞང་སྐད། གསལ་བ།
ཁུ་གུ།: ཡུལ་སྐད། ཁུག་མ་ཆུང་ཆུང་གི་མིང་ཡིན།
གུ་གུལ།: ཟུར་ཆག ལེགས་སྦྱར་གྱི་སྐད་གུགྒུལ་ཟུར་ཆག་པ་སྟེ། བོད་
སྐད་དུ་བསྒྱུར་ན་གདོན་འཇོམས་ཟེར།
གེ་ཧཾ།: རྒྱ་གར། ཁྱིམ།
རྔི་ཅི།: བོན། ཞང་སྐད། རྔམས།
ཅུ་ལི།: ཤིང་ཏོག་ཅིག་གི་མིང་།
ཅེར།: ཕྱོགས་གཅིག་ཏུ་བསྡུས་པའམ་སྤུངས་པའི་དོན།
ཅོག་གེར།: རྒྱན་ཚིག ཙོག་ཙོག་ཅེས་པ་དང་འདྲ་སྟེ། དཔེར་ན། རི་ཁྲོད་
པ་ཅོག་གེར་བཞུགས་ནས་ཐུན་བཅད་ལྟ་བུ།
ཉ་ངོག: བརྡ་རྙིང་། ཉེ་འདབས་ཀྱི་དོན།
ཉི་བུ།: མངོན་བརྗོད། གཤིན་རྗེ། ཉི་མའི་བུ་ཡིན་པར་བཤད་པས་སོ།
ཏུ་ཅི།: བོན། ཞང་སྐད། དེ་ནི།
ཏེ་པོར།: བརྡ་རྙིང་། ཤིན་ཏུ་དང་རབ་ཏུ་གཉིས་ཀྱི་དོན་ལ་འཇུག
ཐི་ར།: མི་མང་འདུ་ཚོགས་བྱེད་སའམ་ཁྲོམ་རའི་དོན།
ནི་དྲཱ།: རྒྱ་གར། གཉིད།
ནུ་ནིང་།: བོན། ཞང་སྐད། ནང་།
ནེམ་ནེམ།: རྒྱན་ཚིག ངོ་བོའམ་རང་བཞིན་སྙི་ཞིང་འབོལ་བའི་དོན།
དཔེར་ན། གདན་ནེམ་ནེམ་ལྟ་བུ།
པུ་ཏི།: པོ་ཏིའི་འབྲི་ཚུལ་གཞན།
སྤོ་ཡོར།: ནད་ཡམས་ཀྱི་མིང་།
ཕི་ནང་།:ཡུལ་སྐད། ཕྱི་ནང་།
ཕེ་འདེབས།:སྐད་ངན་འབྱིན་པའི་དོན།
བ་ཊཱི།: རྒྱ་གར། འཆིང་ཐག
བི་དྲ།: རྒྱ་གར། རིག་པ།
བེ་གཱི།: རྒྱ་གར། མྱུར་བ་པོ།
མོ་གྷཾ།: རྒྱ་གར། དོན་མེད།
ཙུག་ཙུག: རྒྱན་ཚིག སྒྲ་ཡི་ཁྱད་པར་ཞིག
ཙེ་ནེ།: སེམས་མི་གཡོ་བར་བརྟན་པོར་འདུག་ཚུལ།
ཛ་ཏུ།: རྒྱ་གར། སྐག
ཛུ་སླིག : བོན། ཞང་སྐད། རྫུ་འཕྲུལ་གྱི་མིང་།
ཛོར་པོ།: གཙང་སྦྲ་མི་བྱེད་པར་གྱོན་གོས་ངན་ངོན་གྱོན་པའམ་ཁོར་
ཡུག་གཙང་སྦྲ་དོད་པོ་མེད་པ།
ཝི་ཤྭ།: རྒྱ་གར། སྣ་ཚོགས་ཀྱི་སྐད་དོད།
ཝུགས་ཙམ།:དབུགས་ཙམ། མྱུར་མྱུར་གྱི་དོན།
ཝེད་ལབ།: ཡུལ་སྐད། བད་ལབ་ཀྱང་ཟེར། སྐད་ཆ་ལབ་གླེང་བྱེད་པ།
༼འདིར་འབྲེལ་མེད་ཀྱི་ལབ་གླེང་ལ་གོ་ན་འཐུས།༽
ཟོ་བཟང་།: རྒྱན་ཚིག གཤིས་ཀ་བཟང་པོའམ། མིའི་ངང་རྒྱུད་བཟང་པོ།
འོ་སྐོལ།: བརྡ་རྙིང་། ང་ཚོ་ཞེས་པའི་དོན།
རུ་ང་།: མ་དགའ་བའི་དོན། དཔེར་ན། གཞན་ལ་རུ་ང་དང་ཕྲག་དོག་མ་བྱེད་ཅེས་པ་ལྟ་བུ།
རོ་ཏོ།: སྙིགས་མ། དཔེར་ན། ཆང་གི་རོ་ཏོ་ཞེས་དང་། སྨན་གྱི་རོ་ཏོ་ཞེས་པ་ལྟ་བུ།
ལི་ཅུ།: བོན། ཞང་སྐད། རླུང་།
ལེ་འཁོན།: དོན་རྐྱེན་གང་ཞིག་བྱུང་བའི་རྩ་བ།
ཤོགས་ཆེན།: ཤུགས་སམ་ནུས་པ་ཆེན་པོ་ཡོད་པའི་དོན།
སི་དྷཱི༔: རྒྱ་གར། ནད་འཇོམས།
ཨ་ཀི།: ཨང་ཀི་དང་དོན་གཅིག
ཨི་ཏི།: རྒྱ་གར། ཡམས་ནད་དམ་ཆམ་པའམ་རིམས།
ཨུ་དུག: ཆོས་ལུགས། བོན། ཞང་སྐད། དུག
ཨོ་པ།: བརྡ་རྙིང་། ཚང་མའམ་ཐམས་ཅད་ཀྱི་དོན།

༄༅། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །
ཨ་མ་བག་དྲོ་སྐུ་ཁམས་བཟང་། །
གཏན་དུ་བདེ་བ་ཐོབ་པར་ཤོག ། ། །
རང་མིང་།:བྱམས་པ་ཚེ་རིང་ངམ་བྱམས་ཚེ།
ཕོ། ༡༩༧༨ལོར་སྐྱེས།
ཕ་ཡུལ།:ཁམས་བྲག་གཡབ།
ལས་གནས།:སློབ་ཁྲིད་པ། ༼སློབ་ཆུང་དགེ་རྒན།༽

སྙན་ངག

Post navigation

Previous Post: ནད་ཡམས་ལས་འདབ་ཆགས་ཀྱིས་བསམ་ཚུལ་གླེང་བ།
Next Post: སྲིད་སྐྱོང་འོས་བསྡུའི་རྒྱལ་ཕམ་གྱི་ལུང་བསྟན་བཞུགས་སོ།།

Comments (1) on “ཀུན་ལྡན་ལྕགས་བྱི་ལོའི་གནམ་ལོ་གསར་ཚེས་ལ་ཕུལ་བའི་ཀ་རྩོམ་མཁས་པའི་དགའ་སྟོན།”

  1. Abharu Jigwang says:
    2020-03-09 at 10:06 pm

    སྐྱིད་ནི་བོད་ཡུལ་སྐྱིད་པ། མི་ཡུལ་ལས་ལ་བསྐོས་སོང།
    ལས་ལ་བསྐོས་པའི་མི་ཡུལ། མི་སྡོད་ཞུ་ས་མི་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme