Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གཏམ།

Posted on 2020-01-292020-01-30 By ཁ་བརྡ 4 Comments on ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གཏམ།

རྫ་ཚེ་རིང་བཀྲ་ཤིས།

འདིར་གུས་པས་བོད་ཡིག་གི་ཀློག་པ་པོ་དག་ལ་ཆེད་དུ་དམིགས་ནས་སྐད་ཆ་ཁ་ཤས་ཤིག་བཤད་རྒྱུ་ཡིན་མོད། འདིའི་ནང་དུ་གོ་རིམ་ཡོད་པ་དང་གཞན་གྱིས་གླེང་སློང་བྱས་མེད་པའི་དམིགས་བསལ་གྱི་སྐད་ཆ་དང་ཆེད་ལས་ཀྱི་ལམ་སྟོན་གང་ཡང་མེད།

གཅིག༽ རྣམ་པ་ཚོས་མཁྱེན་གསལ་ལྟར། ཝུའུ་ཧན་ནས་མཆེད་ཅིང་། འཛམ་བུ་གླིང་གི་རྒྱལ་ཁབ་བཅུ་གྲངས་ཤིག་ལ་ཁྱབ་ཟིན་པའི་འགོས་ནད་འདིའི་མིང་ལ་རྒྱལ་ཁབ་འཕྲོད་བསྟེན་ལྷན་ཚོགས་ཀྱི་ངོས་ནས་ནི་རྣམ་གསར་ཏོག་དབྱིབས་ནད་དུག་ལས་འགོས་པའི་གློ་ཚད་ཅེས་བཏགས་འདུག །
ཡང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ངོས་ནས་སྤྱི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་ནད་དུག་འདིའི་མིང་ལ་ཉིས་སྟོང་བཅུ་དགུའི་ལོའི་རྣམ་གསར་ཏོག་དབྱིབས་ནད་དུག་བཅས་བཏགས་འདུག །ང་ཚོའི་འོག་གི་ཁ་བརྡ་ཚང་མ་གོང་གི་མིང་འདི་དང་འབྲེལ་བ་ཡོད་སྟབས་ཐོག་མར་མིང་འདི་གསལ་པོ་བྱས་པ་ཡིན།

གཉིས།༽ ད་ནངས་ཞོགས་པ་ཨོ་གླིང་གི་གསར་ལམ་ཁག་གིས་བཤད་པ་ལྟར་ན། རྒྱ་ཡུལ་གྱི་ཚན་རིག་པ་ལས་གཞན་ཨོ་གླིང་དུའང་ཆེད་མཁས་པ་ཚོས་ནད་འབུ་་འདྲ་བཟོ་བྱེད་ཐུབ་ཡོད་པ་དང་། དེ་ནི་ཏོག་དབྱིབས་ནད་དུག་གི་ཁབ་བཟོ་རྒྱུར་བར་ཐག་ཉེ་རུ་ཕྱིན་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་ཅིང་འདུག །ད་གིན་བྷི་བྷི་སི་སོགས་ཀྱིས་ཀྱང་ཞིབ་འཇུག་གི་གྲུབ་འབྲས་འདི་ལ་གདེངས་འཇོག་ཆེན་པོ་བྱ་བཞིན་ཡོད་པའི་གསར་འགྱུར་ཐོན་སོང་། དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད།

གསུམ།༽ ཐེངས་འདིའི་སྨན་པའི་རུ་འདྲེན་ལྟ་བུར་གྱུར་པའི་ཆེས་མཐོའི་སྨན་པ་ཀྲུང་ནན་ཧྲན་གྱིས་བཤད་པ་ལྟར་ན། ནད་འདི་ཧ་ཅང་རྒྱ་ཁྱབ་ཏུ་འགྲོ་གིན་མ་རེད་ཟེར་ཞིང་། ཁོའི་ཉེ་ཆར་བཤད་ཅིང་། མི་མང་ཉིན་ཚགས་ཀྱི་དྲ་ངོས་སུ་ཡོོད་པའི་ཁོང་གི་སྐད་ཆ་དེ་ཚོ་ལ་དོ་སྣང་དགོངས་མཁན་ཡོད་ན་བོད་ཡིག་ཏུའང་བསྒྱུར་ཟིན་འདུག གང་ལྟར་ཁོང་གིས་བཤད་ན། ལོ་སར་རྗེས་ཀྱི་ཕར་འགྲོ་ཚུར་འོངས་ཆེས་མང་བའི་དུས་ཚོད་དེར་ཚང་མས་ཉིན་བཅུ་བཞིའི་རང་ཟུར་དུ་བསྡད་དེ་རང་ཉིད་ཀྱི་ལུས་པོར་ནད་དུག་དེ་འགོས་ཡོད་མེད་ཐག་ཆོད་པ་བྱས་རྗེས་གཞི་ནས་ཕན་ཚུན་འགྲོ་འོང་དགོས་པའི་བསམ་ཚུལ་བཏོན་འདུག །

བཞི།༽ཡང་ཅུང་ཡིད་རྟོན་རུང་བའི་བཤད་ཚུལ་གཞན་ཞིག་ནི། ཝུའུ་ཧྭན་ནས་ལོ་སར་སྔོན་དུ་ཕྱིར་འགྲོ་མཁན་ཁྲི་ལྔ་བརྒྱ་ཙམ་ཞིག་ཡོད་འདུག་པ་དེ་ཚོར་ནད་དུག་ཡོད་མེད་ནི་སྤྱི་ཟླ་དང་པོའི་མཇུག་གི་སྤྱི་ཚེས་བརྒྱད་དང་སུམ་ཅུའི་ནང་ཚུད་ཐག་ཆོད་རྒྱུ་ཡིན་པ་དང་། དེ་དག་ལས་དངོས་སུ་འགོས་པ་དག་གི་ནས་སྟངས་དང་ཁྱབ་ཚད་ཀྱང་སྤྱི་ཟླ་གཉིས་པའི་ཚེས་བཅུ་གསུམ་ཡས་མས་ན་ཡོངས་སུ་ཚོད་ཐིག་པ་ཞིག་ཆགས་ངེས་ཡིན་པ་དང་། ད་དུང་ཐའེ་ཝན་ལྟ་བུར་མཚོན་ན་ཝུའུ་ཧན་ནས་ཕྱིར་ལོག་མཁན་ཐའེ་ཝན་པ་སྟོང་ཕྲག་གཉིས་ལ་ཉེ་བ་འདུག་པ་དེ་དག་ལ་ཡང་ཁ་པར་ནང་གི་ས་ཆ་གར་ཡོད་ཤེས་རྟོགས་ཐུབ་པའི་མཉེན་ཆས་བརྒྱུད་ངེས་པར་དུ་བཀའ་བཀོད་ལྟར་ཟུར་བཅད་ས་ཁུལ་དུ་དུས་བཀག་ནང་འདུག་དགོས་པ་ལག་བསྟར་བྱ་བཞིན་ཡོད་པ་སོགས་གསར་ལམ་དུ་བརྗོད་བཞིན་འདུག །མ་ཟད། སྤྱིའི་ཆ་ནས་ད་ལྟའི་ཆར་འཛམ་བུ་གླིང་དང་། ཁྱད་པར་རྒྱ་བོད་ཀྱི་ས་གནས་དང་གྲོང་ཁྱེར་འགག་སྒོ་བཅས་ཡོངས་སུ་ཝུ་ཧྭན་ནས་ཡོང་བ་སོགས་ལ་རྩད་གཅོད་རྗེས་འདེད་དང་ཞིབ་འཇུག་བརྟགས་དཔྱད་བཅས་བྱ་བཞིན་ཡོད་པས་མུ་མཐུད་ཁྱབ་འཕེལ་འགྲོ་རྒྱུའི་ཉེན་ཁ་ཆུང་དུ་འགྲོ་ངེས་ཡིན་པར་བཤད།

ལྔ།༽ ད་ལྟའི་བར་ནད་འདི་སྔོན་འགོག་ཐུབ་པ་དང་ཡང་ན་རྩ་བ་ནས་བཅོས་ཐུབ་པའི་སྨན་ཞིག་བཟོ་ཐུབ་མེད་པའི་རྒྱུ་མཚན་དང་གཅིག །ནད་པའི་ལུས་ལས་ནད་རྟགས་མ་ཐོན་གོང་ནས་གཞན་ལ་འགོ་བཞིན་ཡོད་པ་དང་གཉིས། འགོ་ལམ་དེའང་བར་ཐག་གོམ་པ་གཉིས་གསུམ་གྱི་ཉེ་སའི་རླུང་དང་རླངས་པའི་རྒྱུ་ལམ་དང་། ཐ་ན་ནད་པའི་མིག་ནས་ཀྱང་ནད་འབུ་དེ་འགོ་བཞིན་ཡོད་པར་བཤད་པས་སྣང་ཆུང་བྱ་རུང་བ་ཞིག་གཏན་ནས་མིན་པ་ནི་ཨ་ཅང་ཅང་།

དྲུག༽ ཉེ་བའི་ཆར་ནད་ཡམས་གྱི་གནས་ཚུལ་གང་ཅིའི་ཐད་ཛ་དྲག་ཏུ་གྱུར་པ་དང་བསྟུན་ནས་མི་རྣམས་ཀྱི་སེམས་ལ་བསྔངས་འཚབ་ཆེན་པོ་འབྱུང་བཞིན་ཡོད་མོད། དོན་དངོས་ཐོག་ད་ལྟའི་ཆར་ཚན་རིག་གི་དཔྱད་ཆས་དང་སྨན་བཅོས་ཀྱི་ལག་རྩལ་སོགས་འཛམ་གླིང་འདི་ཆེས་སྔོན་ཐོན་གྱི་དུས་རབས་སྔར་མེད་པ་ཞིག་ཏུ་བསླེབས་པའང་དོན་དངོས་ཡིན་པས་སྤྱིར་བཏང་གི་ཆ་ནས་སྲིད་གཞུང་གིས་ཡོངས་གྲགས་བྱས་ཤིང་། རྒྱལ་སྤྱིའི་དོ་སྣང་བསླེབས་ཟིན་པའི་ནད་ཡམས་ཤིག་མུ་མཐུད་དེ་ཧ་ཅང་ཚབས་ཆེ་བའི་ངོ་བོར་འཕེལ་བ་ནི་ཧ་ལམ་མི་སྲིད་པ་ཞིག་རེད། འདི་ནི་ང་སྒེར་གྱི་བསམ་ཚུལ་ཡིན།

བདུན།༽ སྐུ་ཞབས་ཀྲུང་ནན་ཧྲན་གྱིས་ཀྱང་བདུན་ཕྲག་གཅིག་གི་རིང་འདི་ནི་འགོས་ནད་འདིའི་འགོ་མཆེད་ཀྱི་དུས་རིམ་མཐོ་ཤོས་དེར་བསླེབས་རྒྱུ་ཡིན་པ་དང་། དེའི་རྗེས་ནས་རིམ་པས་ཚད་དམའ་རུ་འགྲོ་ངེས་ཡིན་པར་ཚོད་དཔག་བྱེད་ཅིང་འདུག །དེ་དང་དེ་ལྟ་བུའི་ཆ་འཕྲིན་གྱི་གནས་ཚུལ་འདྲ་མིན་མང་པོ་ཞིག་ང་ཚོའི་རྣ་ལམ་དུ་གཅིག་རྗེས་གཉིས་འཐུད་ཀྱིས་གོ་ཡོང་གིན་ཡོད་ན་ཡང་། དངོས་ཡོད་ཀྱི་ཆ་ནས་ད་དུང་ཡང་། འབྲེལ་ཡོད་ཀྱི་ལམ་སྟོན་སོགས་ལ་དོ་སྣང་ཚད་མཐོན་པོ་དགོས་པའི་དུས་རིམ་དུ་གནས་མུས་ཡིན། འདི་ལ་ལྷོད་གཡེངས་གཏན་ནས་མི་རུང་།

བརྒྱད།༽ བོད་གངས་ཅན་གྱི་ལྗོངས་ཀྱི་སྐྱེ་བོ་ཕལ་མོ་ཆེ་ནང་ཆོས་ལ་ཡིད་ཆེས་བྱ་མཁན་ཞིག་ཡིན་པའི་ཆ་ནས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་པ་དང་། གཟུངས་སྔགས་བཟླ་བ། སྲུང་འཁོར་འདོགས་པ་སོགས་ནི་ཕན་ཐོགས་ཡོད་པ་ཞིག་ལོས་ཡིན། འདིའི་ཐད་ཉེ་ཆར་རིན་པོ་ཆེ་ཚང་གིས་ཀྱང་ཡོངས་ཁྱབ་ཐོག་རྗེ་བཙུན་སྒྲོལ་མར་གསོལ་བ་འདེབས་དགོས་པའི་ལམ་སྟོན་ཞིག་དྲ་ལམ་བརྒྱུད་གནང་འདུག
དེ་བཞིན་ས་སྐྱ་གོང་མ་དང་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སོགས་ཀྱིས་ཀྱང་ལོ་གྱོན་མ་དང་སྒྲོལ་མ་སོགས་ཀྱི་བསྙེན་པ་འདོན་དགོས་པའི་ཞལ་ཏ་གཅིག་རྗེས་གཉིས་འཐུད་དུ་གནང་ཡོད། བོད་ནང་དུའང་དེ་ལྟ་བུའི་རིགས་མང་པོ་ཞིག་མཇལ་རྒྱུ་འདུག །དེ་དག་ཀྱང་ང་ཚོ་མི་སྒེར་གྱི་ངོས་ནས་ཐུབ་ཀྱིས་ཉམས་ལེན་དགོས་ངེས་ཡིན།
འོན་ཀྱང་། ཚང་མས་བཟའ་བཅས་མི་འདང་བའི་དུས་ཚོད་ཅིག་ཚེས་མིན་ལ་ཡིད་མི་བདེ་བར་གནས་ཡོད་པའི་སྐབས་སུ་རྩམ་པ་མང་པོ་བསྡུས་ནས་མེར་བསྲེགས་པ་དང་། ཚང་མས་འདུ་འཛོམ་གྱི་བྱེད་སྒོ་རིགས་མཚམས་འཇོག་བྱེད་བཞིན་པའི་སྐབས་སུ་མི་མང་བསྡུས་ནས་སྔགས་ཆུ་འགྱེད་པ་སོགས་ནི་ཀུན་སློང་བཟང་ཡང་ཧ་ཅང་སྐབས་སུ་བབ་པ་ཞིག་ཡིན་མིན་ལ་ཐུགས་བསམ་ངེས་པར་བཞེས་དགོས།
མ་ཟད་དེང་སང་གི་སྤྱི་ཚོགས་ཀྱི་འགྲོས་དང་མི་རྣམས་ཀྱི་བསམ་བློ་དང་མཐུན་པ་རང་ཞིག་ཡིན་མིན་ལ་ཡང་ཐུགས་འདང་རྒྱག་དགོས།

དགུ ༽ ཡང་བདེན་ཚིག་བརྗོད་པས་མེ་ཞི་བ་དང་། ནད་ལ་སོགས་པས་མི་ཚུགས་པའི་འགན་ལེན་ཐུབ་པའི་ནུས་པ་ཐོན་པ་དེ་བྱང་སེམས་ཕྱིར་མི་ལྡོག་པ་འདྲ་ཡིན་ན་མ་གཏོགས་ཧ་ཅངདཀའ་མོ་ཡིན་པ་མཐོང་ཆོས་ཡིན། དེ་ནི་མདོ་སྔགས་ཀྱི་དགོངས་པའང་རེད། དེས་ན་སྔགས་འདི་དང་འདི་འདྲ་བཏོན་ན་ནད་མི་ཕོག་ངེས་ཅན་ཡིན། ཆུ་གནས་ཀྱི་ཤ་མ་ཟོས་ན་ནད་མི་ཡོང་ངེས་ཅན་ཡིན། ཚུལ་ཁྲིམས་རྣམ་པར་དག་ན་ནད་མི་ཕོག་ངེས་ཅན་ཡིན་སོགས་ཧ་ཅང་ཐག་ཆོད་པོས་གསུངས་ན་གསུང་མཁན་གྱི་ངོས་ནས་རྟོགས་པ་མཐོན་པོ་དང་ཆོས་ལ་ཡིད་ཆེས་ཡོད་པའི་གསུང་ཡིན་པས་དད་པའི་ཡུལ་ཡིན་ན་ཡང་། ཉན་མཁན་ཚང་མ་དེ་ནང་བཞིན་མི་ཡོང་བ་ནི་བདུད་འཇོམས་དང་པོའི་སྐབས་སུ་མང་པོ་ཞིག་གིས་བླ་མ་རྟོགས་ལྡན་གྱི་དགོངས་པའི་གཏིང་མ་རྟོགས་པར་པདྨ་བཀོད་དུ་སྦས་གནས་འགྲིམ་དུ་ཕྱིན་ནས་མུག་ཤི་ཐེབས་པའི་ལོ་རྒྱུས་ཡོད་པ་ལྟ་བུ་ལས་གཞན་དངོས་ཡོད་ཀྱི་གྲུབ་འབྲས་མངོན་དུ་འགྱུར་བ་དཀའ་སྙམ།

བཅུ།༽ མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་མཁན་ཆེན་བསོད་དར་རྒྱས་སོགས་ཀྱིས་གནའ་དེང་ཟུང་འབྲེལ་དང་ཡུལ་དུས་གནས་བབས་ལ་འཚམས་པ། རོང་འབྲོག་མང་ཚོགས་ཀྱིས་གོ་བདེ་བ་བཅས་ཀྱི་ལམ་སྟོན་གནང་འདུག་པ་དེ་ཚོ་དང་། གཞན་དེ་དང་འདྲ་བའི་ལམ་སྟོན་དག་སུས་གསུངས་ཡོད་ན་ཚང་མས་གཟབ་མཉན་གྱིས་བསླབ་བྱ་ལེན་དགོས།

བཅུ་གཅིག༽ ཡང་མང་པོ་ཞིག་གིས་ཚོང་ལས་ཀྱི་དམིགས་ཡུལ་བཅངས་ནས་ཚད་ལས་བརྒལ་བའི་ཞེད་སྣང་སྐུལ་བ་དང་། བཟའ་བཅའི་རིགས་དང་། སྨན་རྫས་རིགས། ཁ་ཤུབས་སོགས་གོང་མཐོན་པོ་བྱས་ནས་བཙོང་བ། འགྲུམ་འགྲུལ་གྱི་རླངས་འཁོར་གླ་ཆ་ཚད་བརྒལ་ལེན་པ་སོགས་ནི་གཞན་གྱི་སྡུག་བསྔལ་རང་གི་གོ་སྐབས་སུ་བསྒྱུར་བ་ནི་ལས་འབྲས་དང་ཡ་རབས་བཟང་སྤྱོད་གང་གི་ངོས་ནས་ཀྱང་ཧ་ཅ་ངོ་ཚ་བ་དང་ཞེ་ཁྲེལ་དགོས་པའི་བྱ་སྤྱོད་ཡིན་པས་ཚེ་འདི་ཕྱི་དང་མིག་ཐག་རིང་ཙམ་བལྟས་ནས་གཞན་ལ་རིན་མེད་དང་རིན་གོང་ཕབ་ནས་སྦྱིན་པ་སོགས་མ་ཐུབ་ཀྱང་ནམ་རྒྱུན་གྱི་རིིན་གོང་ལྟར་འཚོང་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཡིན།

བཅུ་གཉིས། ༽ ཡང་མི་གཞན་ལ་དཀའ་ངལ་འཕྲད་པའི་སྐབས་སུ་ལོ་རྒྱུས་དང་ཆབ་སྲིད། འདུ་ཤེས་འཛིན་སྟངས་སོགས་འབྲེལ་ཡོད་གཞན་རྒྱུ་མཚན་དུ་བྱས་ནས་འཕྱ་དམོད་བྱེད་པ་དང་། སྙིང་ཚིམ་བགྲང་བ་སོགས་ནི་ཧ་ཅང་འཇིགས་སུ་རུང་བའི་ཐ་ཤལ་གྱི་ཀུན་སྤྱོད་ཡིན་ཞིང་། སྤྱིར་བཏང་དེང་སང་གི་ཡོངས་ཁྱབ་རིན་ཐང་གི་ལྟ་བ་ལྟར་ན་འགྲོ་བ་མིའི་ཀུན་སྤྱོད་ཀྱི་རིན་ཐང་གི་ལྟ་བ་ནི་སྤྱི་ཚོགས་ཀྱི་འགལ་བ་དང་གནད་དོན་དག་ལས་བརྒལ་བ་ཞིག་ཡིན་པའི་ངོས་འཛིན་བྱ་བཞིན་འདུག །འོན་ཀྱང་འདིའི་སྐོར་ཞིབ་ཏུ་མི་བརྗོད།

བཅུ་གསུམ།༽ དེ་རིང་རང་མདོ་སྨད་ཀན་ལྷོའི་ཕྱོགས་ཤིག་ནས་ཚོང་རྒྱག་མཁན་དེ་འདྲ་ཞིག་གིས་ཁ་ཤུབས་ཁྲི་གཅིག་ཙམ་རིན་མེད་དུ་འགྱེད་བཞིན་འདུག་པ་དང་། ལྷ་སའི་སྟོད་ལུང་སྒུ་རུམ་རྩམ་པའི་བཟོ་གྲྭ་ཞིག་གིས་ང་ཚོས་ཆུ་ཚོད་ཉེར་བཞིའི་རིང་ལ་རྩམ་པ་བཟོ་བཞིན་ཡོད། དུས་སྐབས་འདི་དག་ལ་ཉིན་རེར་རྒྱ་མ་ཁྲི་མང་པོ་མཁོ་འདོན་བྱ་བཞིན་ཡོད། དེ་ཡང་ནམ་རྒྱུན་ལས་གོང་ཆུང་བ་མ་བྱས་ཀྱང་གོང་གཏན་ནས་སྤོར་རྒྱུ་མིན། གོང་ཚད་གཅིག་པ་ཡིན་ཞེས་བརྙན་ལམ་དུ་བཤད་འདུག །གཞན་གྱིས་སྨན་རིགས་ཁ་ཤུབས་ཀྱིན་གོང་སྤོར་བ་སོགས་ཐ་ཆད་ཀྱི་བྱ་བ་མང་པོ་བྱེད་བཞིན་པ་སོགས་ཀྱི་ཁོར་ཡུག་ཅིག་ལ་མཚོན་ན། མི་སེམས་ལ་མཆེད་པའི་བྱམས་བརྩེའི་མེ་སྟག་དེ་ཚོ་ནི་ཧ་ཅང་མཛེས་པ་དང་ཡིད་དུ་འོང་བ་ཞིག་སྟེ། བོད་མི་རིགས་ཀྱི་ངོས་ནས་ཀྱང་སྤོབས་པ་སྐྱེ་བར་འོས་པའི་བཟང་སྤྱོད་ཀྱི་མིག་དཔེ་རེད། འདིའི་ཕྱོགས་ལ་ཚང་མས་དགོངས་པ་ངེས་པར་དུ་བཞེས་དགོས། ཁོང་ཚོ་ལྟ་བུའི་བསམ་སྤྱོད་ཅན་དང་། གཞན་ལ་བསམ་ཤེས་དང་རོགས་རམ་བྱེད་མཁན་གྱི་མི་མང་པོ་ཐོན་ཐུབ་དགོས། ནམ་རྒྱུན་འབྲོག་པའི་གཏམ་དཔེ། ཟས་ཞིམ་པོ་ཞག་གཅིག་གི་ལྟོ་རྟེན་དང་གཏམ་སྙན་མོ་ཚེ་གཅིག་གི་མགོ་རྣ། ཞེས་པའི་འདི་ཐུགས་ཀྱི་དཀྱིལ་དུ་འཛིན་དགོས།

བཅུ་བཞི།༽ངའི་ཕ་ཡུལ་སེར་ཤུལ་རྫོང་ལྟ་བུར་མཚོན་ན་མི་མང་བརྒྱ་ཆ་དགུ་བཅུ་ནི་བོད་རིགས་ཡིན་ན་ཡང་ད་བར་གཞུང་ཕྱོགས་ཀྱི་འབྲེལ་ཡོད་བཀའ་རྒྱ་དང་ཤེས་བྱ་དེ་ཚོ་བོད་ཡིག་ཐོག་ནས་གཤམ་འོག་ཏུ་འཕྲིན་སྟེགས་བརྒྱུད་འགྲེམ་སྤེལ་བྱས་པ་གཅིག་ཀྱང་མ་མཐོང་། མ་གཞི་ང་ཚོའི་ཕ་ཡུལ་གྱི་རྫོང་ལ་ད་བར་གཞུང་ཕྱོགས་བརྒྱུད་ལམ་ཀྱི་བོད་ཡིག་འཕྲིན་སྟེགས་ཤིག་ཡོད་པ་ཙམ་ཡང་མ་མཐོང་། གཅིག་བྱས་ན་ང་རང་གིས་མ་མཐོང་བ་ཡིན་སྲིད། གལ་ཏེ་དངོས་གནས་ཡིན་ན་དེ་ནི་མི་རིགས་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས་དང་། མི་མང་གི་དགོས་མཁོ། གོང་རིམ་གྱིས་མངགས་པའི་འགན་འཁྲི་བཅས་མ་འགྲུབ་པ་ཞིག་ཡིན་པ་ཚང་མས་ཤེས་དགོས།
གོང་རིམ་གྱི་སྲིད་ཇུས་གཞི་རིམ་མང་ཚོགས་ལ་གོ་བརྡ་སྤྲོད་དགོས་ན་གཞི་རིམ་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཡིག་ཐོག་ཏུ་ཁྱབ་སྤེལ་ཡག་པོ་གཏོང་དགོས། དེ་ནི་སྲིད་གཞུང་གི་ལས་དོན་གྱིས་གྲུབ་འབྲས་ཐོན་པར་ཡང་ནུས་པ་ལྡན་པའི་ཐབས་ལམ་ཞིག་ཡིན། དེས་ན་ངེས་པར་དུ་གློ་ཚད་དང་འབྲེལ་བའི་ཡིག་ཆ་དེ་ཚོ་བོད་ཡིག་གི་ཐོག་ཏུ་ཡོད་དགོས་པ་དང་། དེའི་ཆེད་དུ་མི་མང་གིས་ཀྱང་ཁྲིམས་མཐུན་ལུགས་མཐུན་གྱིས་གཞུང་ལ་དྲན་གསོ་གཏོང་དགོས། ས་ཆ་གཞན་དག་ལའང་གཅིག་མཚུངས་ཡིན།

བཅོ་ལྔ།༽ མི་མང་གི་ངོས་ནས་ཀྱང་ཚད་ལས་བརྒལ་བའི་དོགས་འདྲོགས་མི་རིགས་ཤིང་། འབྲེལ་ཡོད་ཀྱི་ལམ་སྟོན་བཞིན་རང་ངོས་ནས་གང་ཐུབ་ཀྱིས་རང་ཉིད་དང་སྤྱི་ཚོགས་གཉིས་ཆར་ལ་འགན་ཁུར་ཡོད་པའི་ཐོག་ནས་གློ་ཚད་སྔོན་འགོག་གི་ཐབས་ལམ་དག་ལག་ལེན་ཏུ་བསྟར་དགོས་པ་ཞིག་ཡིན།

བཅུ་དྲུག ༽ དེ་ཡང་ལག་པ་འཁྲུ་བ་དང་ཁ་ཤུབས་གྱོན་པ། མི་མང་སར་མི་འགྲོ་བ། རང་ཉིད་ཀྱི་གཟུགས་པོ་མ་བདེ་བ་དེ་འདྲ་བྱུང་ན་དུས་ཐོག་སྨན་ཁང་སོགས་འབྲེལ་ཡོད་ལ་ཡར་ཞུ་བྱེད་པ། འགོས་ནད་ཕོག་པའི་དོགས་པ་དེ་འདྲ་བྱུང་ན་རང་འགུལ་གྱིས་མི་གཞན་ལས་ལོགས་སུ་འདུག་རྒྱུ་སོགས་ཡོངས་གྲགས་ལམ་སྟོན་ལྟར་འགྲོ་དགོས།

བཅུ་བདུན།༽ ཁྱད་པར་དུ་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཡོད་པའི་དགེ་འདུན་པ་དང་ལས་བྱེད་པ་སློབ་མ། ཚོང་པ། དེ་མིན་སྤྱིར་བཏང་གི་མི་སུ་འདྲ་ཞིག་ཡིན་ཡང་དེ་དག་གིས་ངེས་པར་དུ་ཕ་ཡུལ་ཁ་བ་ཅན་གྱི་ཆེས་ཐ་མའི་དག་ཞིང་འདི་ཉིད་དྭངས་གཙང་གི་རང་བཞིན་སྲུང་སྐྱོབས་བྱ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་འཕྲོད་བསྟེན་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཧ་ཅང་རྒྱུས་ལུས་ཡིན་པའི་མཐོ་སྒང་འདི་གློ་ཚད་ཀྱི་གཡུལ་ས་ཞིག་ཏུ་མི་འགྱུར་ཆེད་དུ་དགོས་ངེས་ཀྱི་བརྟགས་དཔྱད་དང་ཉེན་ཡོལ་གྱི་བྱ་ཐབས་དང་ལེན་བྱས་ནས་ཉིན་བཅུ་བཞིའི་ནང་དུ་ལོགས་སུ་འདུག་པ་སོགས་མ་ཟིན་གྱི་བར་དུ་ཚོད་ཚོད་ལ་ནང་མིར་འབྲེལ་འདྲིས་དང་རང་ཡུལ་དུ་ལོག་པ་སོགས་གཏན་ནས་བྱ་མི་འོས། གལ་ཏེ་སྣང་ཆུང་ཤོར་ནས་ཁྱེད་ནི་ནད་ངན་དེ་བོད་དུ་འདྲེན་མཁན་ཞིག་ཆགས་པ་ཡིན་ན་དེ་ནི་རང་གི་མི་ཚེའི་ནང་དུའང་གནོང་འགྱོད་སྐྱེ་དགོས་པའི་བྱ་བ་ཞིག་ཏུ་འགྱུར་རྒྱུ་རེད། དེ་ནི་སུས་ཀྱང་མཐོང་མི་འདོད་པའི་མཇུག་འབྲས་གཅིག་པུ་དེ་རེད།

བཅོ་བརྒྱད།༽ མཇུག་ཏུ་ངས་མཁན་ཆེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱིས་རྒྱ་ཡིག་གི་པོད་ཕྲན་དུ་ད་ལྟ་རང་རྒྱ་ཡིག་གི་ལམ་ནས་སྤེལ་གནང་བའི་འབོད་སྐུལ་ཡི་གེ་འདི་བོད་བསྒྱུར་གྱིས་མཚམས་སྦྱོར་གྱིས་འདིར་དྲངས་ནས་ཡི་གེ་འདི་འབྲི་མཚམས་འཇོག་གི་ཡིན།

(པོད་ཕྲན་གྱི་ཡི་གེ)
༡༽ མི་ཚང་མས་རང་ཉིད་ལ་སྲུང་སྐྱོབ་ཡག་པོ་དགོས།
༢༽ གལ་ཏེ་ཆ་རྐྱེན་ཡོད་མཁན་ཞིག་ཡིན་ན། དམིགས་བསལ་གྱི་དུས་ཚོད་འདིར་གང་ཐུབ་ཀྱིས་གཞན་ལ་རོགས་པ་བྱ་རྒྱུ་མ་བརྗེད། རང་ཉིད་ཀྱིས་བྱེད་ཐུབ་རྒྱུ་རེ་འདུག་དང་མི་འདུག་ལྟ་ཙམ་རེ་གྱིས།
༣༽ གལ་ཏེ་དད་ལྡན་པ་ཞིག་ཡིན་ན། རང་ཉིད་ཀྱི་དད་པ་བྱ་ཡུལ་གྱི་སངས་རྒྱས་དང་ལྷ་ལ་ཐུགས་བརྩེ་བ་ཆེན་པོས་ནད་དང་རྐྱེན་ངན་ལས་ཐར་བར་གསོལ་བ་ཐོབ།
མདོར་ན། སྣང་ཆུང་མ་བྱེད། དངངས་འཚབ་མ་ལངས། ཞེས་སོ། །

སྣ་ཚོགས།

Post navigation

Previous Post: ཏོག་དབྱིབས་ནད་ཡམས་ལ་སྒྲོལ་མའི་གཟུངས་སྔགས་བགྲང་ན་ཕན་ཐོགས་ཡོད་པ་བཀའ་སྩལ་བ།
Next Post: བོད་མི་ཚོ་ཉིན་རེའི་བཟའ་བཏུང་ཡང་ཉོ་མི་ཐུབ་པའི་གནས་སུ་ལྷུང་བཞིན་ཡོད།

Comments (4) on “ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གཏམ།”

  1. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-01-29 at 9:29 pm

    ནད་རིགས་བཞི་བརྒྱ་རྩ་བཞི་དང་སྒེགས་རིགས་སྟོང་ཕྲག་བརྒྱད་བཅུ་མི་མཐུན་རྐྱེན་ངན་བར་ཆད་ཞི་བའི་སངས་རྒྱས་ཀྱི་གསུང་ངོ་མ་རྒྱལ་བའི་བཀའ་འགྱུར་རིན་ཆེ་ལ་ཚང་མས་འུར་འདོན་དགོས་པ་དང་མཉམ་དུ་སྒྲོལ་མའི་བཟུང་དང་ལོ་མ་རྒྱུན་མའི་བཟུང་མགུ་རུའི་བཟུང་རྟ་ཕྱག་ཁྱུང་གསུམ་གྱི་བཟུང་སོགས་ལ་འབད་ན་ནད་ཡམས་དང་སྒེགས་བར་ཆད་ཐམས་ཅད་དམིགས་མེད་རང་སར་ཞི་བར་འཐེ་འཚོམས་སྤུ་ཙམ་ཡང་མེད་དོ།

  2. ལྷག་པ། says:
    2020-01-30 at 5:40 pm

    རྫ་ཚེ་རིང་བཀྲ་ཤིས། ནད་ཀྱི་སྐོར་གོ་རྟོགས་སྤེལ་བར་ལེགས་གསོ་ཡོད། འོན་ཀྱང་ཁྱོད་ཀྱིས་ཆ་ལུགས་ཡ་མ་ཟུང་དེས་ག་རེ་བཤད་ཀྱང་ཉན་མཁན་དང་ལྟ་མཁན་གྱི་སེམས་ནང་མ་བདེ་བ་ཞིག་འདུག

    རྒྱལ་དབང་དྲུག་པས།

    སྤྲིན་དེ་ཁ་སེར་གཏིང་ནག །
    སད་དང་སེར་བའི་གཞི་མ།།
    བན་དེ་སྐྱ་མིན་སེར་མིན།།
    སངས་རྒྱས་བསྟན་པའི་དགྲ་བོ།། ཞེས་གསུངས་པའི་མཚན་ཉིད་དེ་ཁྱོད་ལ་ཚང་འདུག

  3. བན་དེ་བ་ཉི་མ། says:
    2020-01-30 at 8:27 pm

    ལྷག་པས་གསུངས་པར་མངོན་པར་བསྟོད། མི་འདི་ཡི་རིགས་གོ་སྐབས་བརྩལ་ནས་རང་ཉིད་དང་རང་ཉིད་ཀྱི་ཕྱོགས་གཏོགས་གྲགས་པ་འབྱུང་བའི་ཆེད་དུ་བཟོ་འདྲ་ཞིག་མཐོང་གི་འདུག མ་གཞི་ནས་ནད་དེའི་སྐོར་དྲྭ་རྒྱ་འདྲ་མིན་ནས་བཤད་ཚར་འདུག བོད་ཀྱི་དེ་ཕོའི་གསར་འགྱུར་དུ་གཟིགས་དང་གསལ་གསལ་ཐིང་ཐིང་འདུག དེ་མིན་དུས་བབ་ཟེར་བ་དང་བང་ཆེན་ཟེར་བ་དེ་ཚོར་འཛམ་གླིང་གི་གསར་འགྱུར་ཆི་ཡོད་ལེ་མ་རེད། ཉིན་ལྔ་དང་དྲུག་ཕྱིན་པའི་གནས་ཚུལ་ཁ་ཤས་དང་ཞབས་བརྟན་གསོལ་འདེབས་བརྟན་བཞུགས་བྱས་རབས་མ་གཏོགས་མེད་རེད

  4. བློ་བཟང་༡༩༩ says:
    2020-01-30 at 9:05 pm

    ཞི་བ་ལྷས། གལ་ཏེ་བྱོས་སུ་ཡོད་ན་ནི། དེ་མ་དགའ་ཅི་ཞིག་དགོས། གལ་ཏེ་བྱོས་སུ་མེད་ན་ནི། དེ་མ་དགའ་ཅི་ཞིག་ཕན། །གསུངས་པ་ལྟར་དངངས་གྲགས་བྱེད་ཕན་ཐོག་མེད། དེ་ལས་སྒྲོལ་མའི་བཟུངས་བསྔགས་གདོན། འཇིག་རྟེན་ཁ་དཔེར། སྐྱིད་ལ་བླ་མ་དཀོན་མཆོག སྡུག་ཀྱང་ཚེ་སྔོན་ལས་རེད། ཞེས་པ་དེ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme