Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མིང་མཐའི་པ་བའི་འཇུག་ཚུལ་སྔོན་བྱོན་མཁས་པའི་བཞེད་རྒྱུན།

Posted on 2020-01-28 By ཁ་བརྡ 13 Comments on མིང་མཐའི་པ་བའི་འཇུག་ཚུལ་སྔོན་བྱོན་མཁས་པའི་བཞེད་རྒྱུན།

བཟང་བོ།

༡
ཐོན་མིས་རྩ་བར་དངོས་བསྟན་པའི། །
མིང་མཐའ་འདྲེན་ལུགས་གཉིས་ཡིན་ནོ། །
གཅིག་ནི་རྟགས་མཐའ་འདྲེན་པ་དང་། །
གཞན་དེ་བརྗོད་བདེ་འདྲེན་པའོ། །
༢
རྗེས་འཇུག་ཡི་གེ་བཅུ་བོ་ལ། །
པ་བ་ལ་སོགས་མིང་གི་མཐའ། །
འདྲེན་ལུགས་ས་སྐྱ་པཎ་ཆེན་དང་། །
ཞྭ་ལུ་ལོ་ཆེན་དགོངས་པ་མཐུན། །
༣
བདག་པོའི་སྒྲ་ལ་ལྟོས་མིན་པར། །
མིང་མཐའི་པ་བའི་ཐོབ་ཐང་ནི། །
ས་པཎ་མཁས་པའི་ཁ་རྒྱན་གྱི། །
གསུང་དེ་དྲིལ་ན་འདི་ལྟར་རོ། །
༤
ག་ད་བ་ས་ན་མ་མཐར། །
པ་སྦྱར་ང་འ་ར་ལ་དང་། །
མཐའ་མེད་བཅས་ལ་ཝ་རུ་འདོད། །
ཝ་ནི་བ་ལས་གཞན་མིན་ནོ། །
༥
ང་འ་ར་ལ་འདོགས་ཅན་དང་། །
རྐྱང་བའི་རྗེས་སུ་བ་ཕྱེད་ཝར། །
འབོད་པ་རྣམས་ལ་བ་སྦྱར་ཞིང་། །
གཞན་ལ་པ་སྦྱར་ཞྭ་ལུའོ། །
༦
རྟགས་མཐའ་འདྲེན་ཚུལ་དེ་ཡི་རྗེས། །
ད་དུང་སྔ་རབས་མཁས་པ་མང་། །
ཕྱི་རབས་ཚེ་ཏན་ཞབས་དྲུང་དང་། །
དམུ་དགེ་བསམ་གཏན་ལ་སོགས་འབྲངས། །
༧
མིང་མཐའ་འདྲེན་པའི་ཁུངས་ལུང་དག །
འདི་འདྲར་བརྟེན་པ་མ་ཤེས་ནས། །
ཁ་ཅིག་རི་བོང་ཅོལ་འདྲོགས་ལྟར། །
དབུས་མདོའི་འབྲི་ཚུལ་ཁྱད་སྨྲ་ནོར། །
༨
ཁང་བ་སྟོང་བ་རྐང་བ་སོགས། །
མོ་ཡི་མོ་ཡིས་མིང་མཐའ་འདྲེན། །
བྱས་པའི་དོན་བཞིན་མདོ་སྨད་ཀྱི། །
ཡུལ་ལུང་ཕལ་ཆེར་བརྗོད་བདེ་ཡིན། །
༩
རྟགས་མཚུངས་བརྗོད་བདེ་འདྲེན་པ་ལ། །
མི་འགྲིག་ཟེར་ན་ཐོན་མིར་དྲིས། །
རྐང་པ་ཁང་པ་ཡུལ་དབུས་སུ། །
བརྗོད་བདེར་སྲིད་ཀྱང་རྟགས་མཚུངས་མིན། །
༡༠
བརྗོད་བདེ་འདྲེན་པར་རྟགས་མཚུངས་པ། །
དགོས་པའི་དོན་ཡང་ག་ལ་ཡོད། །
རྩ་བའི་དགོངས་པ་དེ་རྟོགས་ན། །
དོན་འདི་ལ་ནི་རྩོད་པས་དབེན། །
༡༡
སྒོ་ཡི་ཡོལ་བ་མིང་ཡིན་ཞིང་། །
དུས་ཚོད་ཡོལ་པ་བྱ་ཚིག་ཡིན། །
བྱ་ཚིག་མིང་ཚིག་ལ་ལྟོས་ནས། །
མིང་མཐའ་འདྲེན་པ་ཤེས་པ་གཅེས། །
༡༢
བསྡུར་བར་བྱ་བའི་བསྡུར་བ་དང་། །
བསྡུར་ཟིན་འདས་པའི་བསྡུར་པ་སོགས། །
སྐབས་ཐོབ་མིང་མཐའ་འཇོག་པ་ལས། །
ཐམས་ཅད་ལ་ནི་གཅིག་པ་མིན། །
༡༣
པ་བའི་མིང་གཞི་དག་ལའང་། །
རང་སྡེ་འཕྲད་ན་པ་ཕ་རུ།།
བ་ཉིད་སྦྱར་དང་བ་མ་མཐར། །
པ་སྦྱར་བྱེད་པ་དག་མིན་བརྟག །
༡༤
དེ་ལྟར་པྲ་ཏིས་ཀ་བ་པ། །
བུམ་པ་བ་ཞེས་བྲིས་འདུག་མོད། །
བརྗོད་བདེར་དགོངས་པ་ཨེ་ཡིན་སྙམ། །
བརྟེན་ཁུངས་གང་ཡིན་དཔྱད་པར་བྱ། །
༡༥
པ་བ་དག་གི་མིང་མཐའ་དེ། །
དབུས་མདོའི་འབྲི་ཚུལ་ག་ལ་ཡིན། །
སྔོན་བྱོན་མཁས་པའི་གསུང་རྒྱུན་འདིས། །
མ་རྟོགས་ལོག་རྟོག་སེལ་གྱུར་ཅིག །
༡༦
པ་བའི་སྦྱོར་ཚུལ་མདོར་བསྡུས་ན། །
བདག་སྒྲ་རྟགས་མཚུངས་བརྗོད་བདེ་འོ། །
དེ་གསུམ་ཞིབ་ཏུ་ཤེས་འདོད་པས། །
སུམ་རྟགས་གཉིས་ལ་ལེགས་པར་སྦྱོངས། །
༡༧
མ་རྟོགས་ལོག་རྟོག་གང་མཆིས་པ། །
གཟུར་ནས་མཁས་པའི་སྤྱན་སྔར་འཆགས།།
མིང་མཐའི་པ་བ་འདྲེན་པའི་ཚུལ། །
རྗོད་པའི་སྐབས་དེ་གཉིས་པའོ། །

གནས་བརྟན་བྱང་བ་བཟང་བོས་དབེན་གནས་གར་འདུག་སྐྱིད་པའི་ལྡིང་ཁང་དུ་བོད་རབ་བྱུང་བཅུ་བདུན་པའི་བགྲང་བྱ་སོ་གསུམ་པ་ས་ཕག་ལ་སྦྱར་པ་དགེའོ། །

སྙན་ངག

Post navigation

Previous Post: ཨོ་གླིང་གི་དགོད་བྲོ་བའི་ལོ་རྒྱུས་འགའ།
Next Post: གཞོན་ནུ་ཨ་པད།

Comments (13) on “མིང་མཐའི་པ་བའི་འཇུག་ཚུལ་སྔོན་བྱོན་མཁས་པའི་བཞེད་རྒྱུན།”

  1. ཨོ་རྒྱན་སྐྱབས། says:
    2020-01-28 at 1:30 pm

    བཀའ་གྱུར་བསྟན་འགྱུར་པོད་སུམ་བརྒྱ་དང་། རྙིང་མའི་རྒྱུད་འབུམ། སྔོན་བྱོན་མཁས་པ་དང་ལོ་ཙ་བའི་གསུང་འབུམ་ཁྲི་ཚོ་བརྒལ་བར་བརྒྱ་ཆ་༩༩་༩༩ཡིས་རྐང་པ་དང་། ཁང་པ། ལུང་པ། རལ་པ། མ་གཏོགས་ཁང་བ་ཞེས་བཀའ་བསྟན་གྱུར་ནང་མཐོང་རྒྱུ་མེད། རྐང་བ་དང་ཁང་བ་ཞེས་པ་འདི་ཡང་༡༩༥༠རྗེས་ལ་ཐོན་འདུག

    ཨ་མདོ་ཕྱོགས་ཀྱི་མཁས་པར་འཛིན་པ་དགེ་ཆོས་ཀྱིས་ཀྱང་རྐང་པ་མ་གཏོགས་རྐང་བ་ཞེས་བྲིས་མ་མཇལ་རྒྱུ་མི་འདུག ད་རྩོད་པ་གང་ཡོད་གསུངས་དང་།

    ལུང་པའི་ཕྱོགས་ཞེན་གཅིག་པུ་ནས་རིགས་པ་དང་རྒྱུ་མཚན། ཞིབ་འཇུག་སོགས་ཁྱོན་ནས་འགྲོ་ས་མི་འདུག

  2. ཉི་མ་རང་གྲོལ། says:
    2020-01-28 at 10:58 pm

    སུམ་རྟགས་མ་སྦྱངས་ཨོ་རྒྱན་སྐྱབས། །དུས་གསུམ་མ་ཤེས་ཨོ་རྒྱན་སྐྱབས། །གོ་བརྡ་མི་འཕྲོད་ཨོ་རྒྱན་སྐྱབས། །པ་བ་བདག་སྒྲའི་འཇུག་ཚུལ་དང་། །བརྗོད་བདེ་རྟགས་མཚུངས་འདྲེན་ཚུལ་སོགས། །རིག་པའི་རྩལ་གྱིས་དཔྱོད་པ་ལས། །མདོ་དབུས་གཉིས་ཀྱི་ཞེན་ཁོག་ཅིག །སྐབས་འདིར་རྩོད་གཞི་ཡེ་ནས་མེད། །བརྡ་སྤྲོད་དཔྱད་བསྡུར་དོ་ར་འདིར། །བཀའ་བསྟན་གླེགས་བམ་གྲངས་འབོར་གྱིས། །གཞན་ལ་འཇིགས་སྐུལ་མ་གནང་ཀྱེ། །

  3. ཀརྡོ་རབ་འབྱམས་པ་ says:
    2020-01-29 at 1:24 am

    #1 ཨོ་རྒྱན་སྐྱབས། ་ལགས་ནི། མཁས་དབང་དྲང་ཚུགས་ཅན་ཞིག་རེད་འདུག
    ་
    ཡིན་ན་ཡང་།
    #2 ཉི་མ་རང་གྲོལ། ་ལགས་ཀྱིས་སྤེལ་དོན།:
    January 28th, 2020 at 10:58 pm
    སུམ་རྟགས་མ་སྦྱངས་ཨོ་རྒྱན་སྐྱབས། །
    དུས་གསུམ་མ་ཤེས་ཨོ་རྒྱན་སྐྱབས། །
    གོ་བརྡ་མི་འཕྲོད་ཨོ་རྒྱན་སྐྱབས། །
    ཟེར་བ་འདི་ནི་སྲིན་བྱའི་སྐད། །
    ་
    ལུང་ཚན་འཐེན་འཁྱེར་ཉི་མ་ཁྱོད། །
    བཀའ་བསྟན་རྒྱབ་སྒྱུར་རང་གྲོལ་ཁྱོད། །
    ཁ་བརྡར་འོངས་པ་ངོ་མི་ཚ། །
    ད་ནས་བ་པའི་སྐོར་ལ་སྦྱོངས། །

  4. ཐུབ་རྒྱམ། says:
    2020-01-29 at 2:10 am

    ཨོ་རྒྱན་སྐྱབས་ལགས། འདི་ལ་ཞིབ་འཇུག་མ་བྱས་ཟེར་རྒྱུ་མི་འདུག བཀའ་འགྱུར་དང་རྙིང་མའི་རྒྱུད་འབུམ་སོགས་ཀྱིས་ཁུངས་མི་འཁྱོལ། དེ་དག་གི་དཔར་དང་ཞུ་དག་ལ་སྔ་ཕྱི་འགྱུར་བ་མང་དུ་བྱས་པ་རེད། དཔར་ན་སྡེ་བཀའ་འགྱུར་ལ་ཞུ་དག་སི་ཏུ་མཛད་པ་རེད། དབུས་ནས་མཐའ་མ་དེ་སྐུ་མདུན་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཕ་བོང་ཁ་བ་སོགས་ཀྱིས་བྱས་པ་མིན་ནམ།

  5. ཐུབ་རྒྱམ། says:
    2020-01-29 at 2:19 am

    སི་ཏུས་མཛད་ཅེས་གོ་བ་ཡོང་རྒྱུ།

  6. ཀརྡོ་རབ་འབྱམས་པ་ says:
    2020-01-29 at 4:34 pm

    བདག་སྒྲའི་པ་བ་དང་། སྤྱིར་སྟངས་པ་ཕ་དང་པོ་ཕོ། བ་མ་དང་བོ་མོ། གཉིས་ཀྱིས་ཁྱད་འབྱེད་པའི་སྟེང་དུ། རྟགས་མཚུངས་བྱས་ག་ཚད་ཡོད་པ་དང་། རྗོད་བདེ་འདྲེན་པ་ག་ཚོད་འདུག སོ་སོར་དབྱེ་དགོས་འདུག་སྙམ་མོ།།

  7. ཀརྡོ་རབ་འབྱམས་པ་ says:
    2020-01-29 at 4:37 pm

    མིང་མཐའའི་བ་པའི་འཇུག་ཚུལ་དང་། བདག་སྒྲའི་བ་པའི་འཇུག་ཚུལ་གཉིས་ལ། ཁྱད་པར་ག་འདྲ་ཟེ་འབྱེད་དམ། ལགས།

  8. ངག་ཚུལ། says:
    2020-01-31 at 6:06 pm

    གོང་གསལ་ཨང་ ༩ པའི་སྐོར་བསམ་ཚུལ།
    བོད་ཀྱི་མིང་ཚིག་དག་གི་མིང་མཐར་ཞིབ་སྐབས་དེ་ཁོངས་བརྒྱ་ཆ་མང་ཆེ་བ་རྟགས་མཚུངས་ལྡན་པ་དང་། མི་ཉུང་བ་ཞིག་རྟགས་མཚུངས་དང་མི་མཐུན་པའང་ཡོང་འདུག་པ་གང་ལྟར་བོད་ཀྱི་མིང་ཚིག་རྣམས་རིག་གནས་གཞུང་ལུགས་གཅིག་ཏུ་འདུས་ཕྱིར་སྔོན་བྱོན་བོད་ཀྱི་མཁས་པ་ཚོས་བརྗོད་བདེ་འདྲེན་པ་ཞེས་མན་ངག་གསར་བཏོད་མཛད་པར་ངོ་མཚར་ཆེ་ཞིང་། དེ་རྗེས་རྟགས་མཚུངས་
    དྲང་ཚུལ་དང་། བརྗོད་བདེ་དྲང་ཚུལ་གཉིས་སུ་དབྱེ་སྟེ་རྗེས་སློབ་རྣམས་བྱ་བདེར་གྱུར་ཅིང་།
    དེ་མིན་རྟགས་མཚུངས་གཅིག་པུར་འདོད་ཚེ་དཔེར་བརྗོད་འདི་གསུམ་ལ་རྟགས་མཚུངས་དྲང་ཚུལ་
    ཇི་ལྟར་ཡིན་ནམ། མཚན་མོ། ལྷག་མ། སྟོང་པ་ (ཉིད)
    མཚན་མོ་ཐད་རྗེས་འཇུག་ན་མ་ནིང་དང་མིང་མཐར་མོ་ཡིན་པས་རྟགས་མཚུངས་མིན་ཅིང་།
    མཚན་པོའམ། མཚན་ཕོ་ཞེས་འབྲི་རྒྱུ་ཡིན་ནམ།
    ལྷག་མར་ལྷག་པ་ཞེས་འབྲི་རྒྱུ་ཡིན་ནམ། ལྷག་པ་ཞེས་བྲིས་ན་ལྷག་མ་དང་གོ་དོན་གཅིག་གྱུར་
    བཏོན་གྱི་འདུག་གམ། ཁྱད་པར་དུ་ལྷག་མ་ཞེས་པ་ནི་རྟགས་འཇུག་རྩ་ཚིག་ཏུ་གལ་ཆེས་ཉིས་བསྟུད་དུ་གསལ་པར་གཞིགས་ན་བརྗོད་བདེ་འདྲེན་པའི་ཤུགས་བསྟན་ཅིག་མིན་ནམ་སྙམ་པས་མཁྱེན་ལྡན
    ་ཚོས་དཔྱད་པར་མཛོད།
    སྟོང་པར་སྟོང་བ་ཞེས་བརྗོད་བདེ་མེད་ཅིང་། ༸རྒྱལ་བའི་བཀའ་བསྟན་མང་པོ་བཀླགས་
    མྱོང་མེད་ཀྱང་། བརྒྱད་སྟོང་པ་དང་། ཤེས་རབ་སྙིང་པོ་སོགས་སུ་སྟོང་པ་ཉིད་ཅེས་གསལ་འདུག་པ་ནི་རང་རེ་ནང་པའི་ལྟ་གྲུབ་དང་འབྲེལ་བའི་ཆོས་ཚིག་གལ་ཆེ་ཞིག་ལ་སོང་ཁྱེད་ཅག་ཚོས་ངག་ནས་སྟོང་བ་ཉིད་ཅེས་འདོན་ནའང་ཡིག་ཐོག་ཏུ་སྟོང་པ་ཉིད་ཅེས་འབྲི་གནང་ཡོང་བ། དེ་མིན་རྒྱ་ཆེའི་
    མང་ཚོགས་མགོ་བོ་རྨོངས་སུ་འཇུག་རྒྱ།་ གོང་གསལ་དཔེར་བརྗོད་གསུམ་པོ་བརྗོད་བདེ་འདྲེན་པའི་
    ཁོངས་ཡིན་པ་བཅས

  9. ཨོ་རྒྱན་སྐྱབས། says:
    2020-01-31 at 8:34 pm

    ཉི་མ་རང་གྲོལ་དང་ཐུབ་རྒྱམ།

    ཏུན་ཧོང་ཡིག་རྙིང་དང་། སྣར་ཐར་སྤར་མ་དང་། འཇང་བཀའ་འགྱུར། དེ་བཞིན་ཏོག་སྤར་མ་སོགས་ལ། སྟོང་བ་ཉིད་དང་རྐང་བ་བྲིས་པ་བསྟན་དང་། ངས་ཁྱེད་ཨ་མདོ་བ་གཉིས་ལ་ཁ་བརྡའི་ཀློག་མཁན་ཚང་མའི་མདུན་ལ་ཕྱག་འཚལ་འོང་།

    གལ་ཏེ་བསྟན་རྒྱུ་མེད་ན། ཁྱེད་གཉིས་ཀྱང་འདི་ལྟར་གྱིས་ཤོག ད་རིགས་པ་ཡང་བསྐྱུར་ཞོག དཔང་པོ་འདེད་ཀོ།་

  10. ཐུབ་རྒྱམ། says:
    2020-01-31 at 9:46 pm

    January 31st, 2020 at 9:42 pm
    ཀརྡོ་ལགས། ཁྱེད་ལ་འོ་བརྒྱལ་གཏད་ཡོད་པ་འདྲ། ཏུན་ཧོང་ཡིག་རྙིང་དེ་བརྗོད་དོན་ཆ་ནས་དེ་སྐབས་ཀྱི་བོད་བཙན་པོའི་ལོ་རྒྱུས་གནས་བབ་མཚོན་པའི་ཡིག་ཆ་ཞིག་ཡིན་སྟབས་གལ་ཆེན་ཡིན། འོན་ཀྱང་རྗོད་བྱེད་ཀྱི་ནས་ཡིག་ནོར་ཧ་ཅང་མང་བ་ཕྱིས་མཆན་བུ་འདེབས་མཁན་ཚོའི་མཆན་ལ་གཟིགས་དང་ཤེས། ངས་དེ་དག་ལ་མ་བལྟས་པ་མིན། པ་བའི་མིང་མཐའི་ཐོབ་ཐང་འདི་བོད་སྔ་རབས་པའི་བརྡ་སྤྲོད་མཁན་པོའི་ཚོའི་དགོངས་འགྲེལ་དང་བསྟུན་རྒྱུ་ལས། སུམ་རྟགས་དག་གསུམ་ལ་རྨོངས་པའི་ཡིག་ཆ་དག་ལ་ཆ་འཇོག་ཇི་ལྟར་བྱེད།

  11. ཀརྡོ་རབ་འབྱམས་པ་ says:
    2020-01-31 at 11:50 pm

    གཅིག
    བཀའ་བསྟན་དེ་དག་སྟོད་མངའ་དང་དབུས་གཙང་ཆོས་ཀྱི་ཞིང་སའི་སྐད་དང་བསྟུན་ནས་སུམ་རྟགས་བཟོས་ཡོད་པ་ལས། མིའི་ཆོལ་ཁ་དང་། རྟའི་ཆོལ་ཁའི་མིའི་ཁ་སྐད་དང་བསྟུན་ནས་བཟོས་པ་མ་རེད།

    གཉིས།
    སུམ་་རྟགས་གཉིས་ཀྱང་། མཁས་པའི་ཨུ་བཙུགས་ཀྱིས་ཁྲིམས་སུ་བཅས་ནས་བཟོས་པ་རེད། དེ་ནས་ཡུལ་མི་རང་བཞིན་གྱི་སྐད་བསྟུན་དགོས་དུས། རྗོད་བདེ་འདྲེན་དགོས་པ་དེ། བརྩིགས་ཆེན་དུ་གྱུར་པ་རེ།

    གསུམ།
    ། འབྲུག་པ་དང་། ལ་དྭགས་པ་དང་། ཁམས་དང་ཨ་མདོ་བ་རྣམས་བོད་ཡུལ་དབུས་ཀྱི་ཡུལ་མི་རང་བཞིན་སྐད་ལ་ཆུང་དུས་སྦྱང་པ་མེད་ཙང་ཁག་མེད། ད་དེ་ཙམ་གྱི་འཐུས་པར་བྱསོ།། །།

  12. ཀརྡོ་རབ་འབྱམས་པ་ says:
    2020-02-02 at 2:10 am

    དུས་ཕྱིས་སུ་ཕེབས་པའི་བོད་རིགས་མཁས་པ་ཨ་མདོ་དགེ་འདུན་ཆོས་འཕེལ་ལགས་དང་གཅིག ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་དང་གཉིས། དབུས་གཙང་གི་སྐུ་དྲག་བརྒྱུད་པར་འཁྲུངས་ཤིང་དགེ་ཆོས་ལགས་ཀྱི་སློབ་མ་བཀྲ་མཐོང་རཀ་ར་རིན་པོ་ཆེ་མཆོག་བཅས་ལ་ཁ་མིག་ཡར་ལྟ་བྱེད་དགོས་པ་ལས།

    དེ་མིན་དིང་བླ་མ་སྐད་གྲགས་ཅན་གྱི་གསུང་བཤད་གནང་དུས། ང་ཚོ་གིས། དེ་བཞིན་དྷ་སའི་སྤྱི་འཐུས་སྐད་གྲགས་ཅན་ཚོས། ང་ཚོ་གིས། ཟེར་མཁན་ཚོའི་རྗེས་སུ་ནམཡང་མི་འབྲངས་བར་ཞུ་བ་འཐེན་བཞིན་ཡོད་དོ།།

  13. ཀརྡོ་རབ་འབྱམས་པ་ says:
    2020-02-04 at 1:54 pm

    ང་ཡི་ལ། ང་གི་དང་། ང་ཚོའི་དང་ང་ཚོ་ཡི་ལ། ང་ཚོ་གིས་སོགས་ལབ་མཁན་མང་དུ་མང་དུའགྲོ་བགྱིན་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme