Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་ཡུམ་ཆེན་མོ་བཀླགས་པའི་མྱོང་ཚོར།

Posted on 2020-01-202020-01-21 By ཁ་བརྡ 2 Comments on རྒྱལ་ཡུམ་ཆེན་མོ་བཀླགས་པའི་མྱོང་ཚོར།

 བློ་བཟང་རིན་ཆེན།

<<རྒྱལ་ཡུམ་ཆེན་མོ་>>ཞེས་པའི་དཔེ་དེབ་འདི་ཉིད་འདི་གཡང་འཛོམས་སྒྲོལ་མ་ལགས་ཀྱིས་དབྱིན་ཡིག་ཏུ་བརྩམས་ཤིང་ཕྱིས་སུ་ཆུ་སྐྱེས་སྒྲོལ་མས་བོད་བསྒྱུར་བགྱིས་པའི་འགྱུར་དེབ་གསར་པ་ཞིག་རེད། མ་ཟད་ད་ཆ་ཀུན་གྱིས་དོ་སྣང་བྱེད་པའི་དཔེ་དེབ་བྲིན་ཤོས་ཤིག་ཏུ་ངེས། ཁོ་བོས་དཔེ་དེབ་འདི་ཉིད་གནས་མཆོག་རྡོ་རྗེ་གདན་ནས་ཉོས་ཤིང་ལས་བྲེལ་གྱི་དབང་གིས་ད་ལྟ་བར་དུ་ཀློག་རྒྱུ་ལྷག ཁ་སང་འབྲས་སྤུངས་ལ་སླེབས་ནས་ཉི་མ་གཅིག་ལ་ཆ་ཚང་་ཀློག་པའི་འཆར་གཞི་བཏང་ནའང་། རྣམ་གཡེང་དང་དོན་མེད་ཀྱི་སྐད་ཆ་རེ་བཤད་ནས་ཉིན་གཅིག་ལ་བཀླགས་མ་ཐུབ། དེ་རིང་ཞོགས་ཉལ་ཡག་ཐག་ཆོད་ཅིག་བྱས་ནས་ཁ་སང་གི་འཕྲོ་ནས་བཀླགས་ཏེ་མཇུག་རྫོགས་པར་བྱས།

དཔེ་དེབ་འདི་ཉིད་སྒྱུར་མཁན་གྱི་གསལ་བཤད་དང་མཇུག་གཏམ་ཕུད་པའི་ཚན་པ་སུམ་ཅུ་དང་ཤོག་ངོས་གཉིས་བརྒྱ་གྱ་གཉིས་མངའ་བའི་རྒྱལ་ཡུམ་ཆེན་མོའི་ལོ་རྒྱུས་རྒྱས་བསྡུས་རན་པ་ཞིག་རེད། ལོ་རྒྱུས་འདི་རྒྱལ་ཡུམ་ཆེན་མོས་ཞལ་ནས་གསུངས་ཤིང་གཡང་འཛོམས་སྒྲོལ་མས་དབྱིན་ཡིག་ཏུ་བརྩམས། ཡིད་སྐྱོ་བ་ཞིག་ལ་ལོ་རྒྱུས་འདིར་རྒྱལ་ཡུམ་ཆེན་མོའི་དགུང་ལོ་དྲུག་ཅུ་རེ་ལྔ་ཡན་གྱི་ལོ་རྒྱུས་མ་གཏོགས་འཁོད་ཐུབ་མེད། དེ་རྗེས་ཀྱི་ལོ་རྒྱུས་རྣམས་བཀའ་འདྲི་ཞུ་རྒྱུ་ལྷག་པ་ཨེ་ཡིན་ཟེར་བ་ལས་རྒྱུ་མཚན་གཞན་ཆུ་སྐྱེས་སྒྲོལ་མས་ཀྱང་རྙེད་མི་འདུག

གང་ལྟར་གཡང་འཛོམས་སྒྲོལ་མ་ལོ་ངོ་སོ་གཅིག་ལ་སླེབས་སྐབས་གློ་བུར་དུ་རླངས་འཁོར་བརྡབ་སྐྱོན་གྱིས་འདས་གྲོངས་སུ་གྱུར་ཏེ་རྩོམ་སྒྲིག་གི་མཇུག་སྐྱོང་མ་ཐུབ་པར་དཔེ་དེབ་འདི་ཉིད་ཡུན་རིང་ལྷག ཕྱིས་སུ་ཕྱི་ལོ་༢༠༠༠ལོར་ཁོ་མོའི་གཅེན་པོ་མཁས་གྲུབ་དོན་གྲུབ་ཀྱིས་གླེང་བརྗོད་དང་མཇུག་བྱང་བརྩམས་ནས་པར་དུ་བསྐྲུན་ཏེ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དགའ་མོས་བྱེད་སའི་དཔེ་དེབ་ཡག་ཤོས་ཤིག་ཏུ་གྱུར་ཏོ།།

གཅིག

རྒྱལ་ཡུམ་ཆེན་མོ་ནི་༡༩༠༡ལོར་སྐུ་འབུམ་དགོན་པའི་ལྷོ་ནུབ་ཏུ་གནས་ཆགས་ཤིང་། རང་བྱུང་མཛེས་སྡུག་གིས་བརྒྱན་པའི་ལྷ་ཡུལ་ལྟ་བུ་སྟེ་ཆུ་རུ་ཁ་སྡེ་བ་ལ་ཡབ་བཀྲ་ཤིས་དོན་གྲུབ་དང་ཡུམ་སྒྲོལ་མ་དབྱངས་འཛོམས་གཉིས་ཀྱི་སྲས་མོར་འཁྲུངས་ཤིང་མཚན་ལ་བསོད་ནམས་མཚོ་མོ་བཏགས། ཕྱིས་སུ་གཉེན་སྒྲིག་གི་རྟེན་འབྲེལ་ཉིན་མོར་ལྟག་མཚེར་རིན་པོ་ཆེས་ཁོ་མོར་བདེ་སྐྱིད་ཚེ་རིང་ཞེས་པའི་མཚན་ཞིག་གསར་དུ་བསྩལ། དེ་ནས་བཟུང་ཁོ་མོས་ཀྱང་བདེ་སྐྱིད་ཚེ་རིང་ཟེར་བའི་བུ་མོ་དེ་ཡིན་བསམས་ཤིང་། བློ་སྤོབས་པ་གསར་པ་ཞིག་ཀྱང་སྐྱེས། མ་ཟད་དེ་ནས་བཟུང་”དཀའ་ངལ་གྱི་རིགས་ལ་གདོང་ལེན་བྱས་ཤིང་། དེ་དག་ལས་རྣམ་པར་རྒྱལ་བའི་ཆོད་སེམས་ཀྱང་བཞག་པ་ཡིན་སྟབས། ལས་ཀྱིས་བསྐོས་ཐང་ལ་ཁ་གཏད་གཅོག་པའི་ཆོད་སེམས་དེ། དུས་ཀྱི་རླབས་ཕྲེང་ནང་མ་ཐིམ་པར་གནས་ཐུབ་པ་ཞིག་བྱུང་”བ་དེའོ།།

རྒྱལ་ཡུམ་ཆེན་མོའི་སྐུ་ཚེའི་ལོ་རྒྱུས་ནང་ལ་ཡིད་འགུལ་ཐེབས་པའི་བྱ་བཞག་མང་པོ་ཞིག་མཆིས་ནའང་ཐམས་ཅད་འདིར་བརྗོད་པ་ནི་དགོས་པ་གང་ཡང་མེད་པས་མ་སྤྲོས་སོ།། ང་ལ་ཡིད་འགུལ་ཐེབས་ཤོས་ཤིག་ནི་ཁོ་མོ་མནའ་མར་ཕེབས་པའི་སྐོར་དང་སྐབས་དེ་དུས་ཀྱི་བུད་མེད་སྤྱིའི་གནས་སྟངས་རེད། ཁོ་མོ་ལོ་ངོ་བཅུ་དྲུག་ལ་སླེབས་ཙམ་ནས་མི་འདོད་བཞིན་དུ་ཕ་མས་མནའ་མར་སྦྱིན་པ་རེད། དེ་འདྲ་ལོ་ངོ་ཆུང་ཆུང་གི་སྐབས་ནས་མནའ་མར་སྟེར་བ་ནི་སྐབས་དེ་དུས་ཀྱི་བོད་པ་སྤྱིའི་འགྲོ་ལུགས་ཤིག་ཡིན་སྲིད། རེད་དེ་དེ་འདྲ་ཆུང་ཆུང་གི་སྐབས་ནས་གཞན་གྱི་མནའ་མ་བྱས་ཏེ་ཨ་མ་ཞིག་གི་ལས་འགན་ཁུར་དགོས་པ་ནི་ཅུང་ཙམ་སྔ་དྲགས་མི་འདུག་གམ་སྙམ་ནས་ཕངས་སེམས་བྱུང་།

ད་དུང་ལོ་ངོ་བཅུ་དྲུག་ལས་མིན་པའི་བུ་མོ་ཞིག་གིས་གློ་བུར་དུ་རང་ལ་འདོད་པ་དང་བརྩེ་དུང་གང་ཡང་མེད་པའི་ཁྱོ་ག་ཞིག་དང་གསར་དུ་འགྲོགས་ཤིང་ཁྱིམ་ཚང་གསར་པ་ཞིག་གི་ནང་མིའི་ཁ་ངོ་འཚོ་དགོས་བྱུང་བ་ནི་ཇི་འདྲའི་སྙིང་རྗེ་བ་ཞིག་མ་རེད་དམ། ད་དུང་ལོ་ཚད་ལོན་པའི་བུད་མེད་ཀྱི་ལས་ཀ་བཞིན་ཉིན་རེར་ཆུ་ཚོད་བཞི་ཙམ་ལས་ཉལ་ཁོམ་མེད་པར་ལས་ཀར་འཇུག་དགོས་པ་དེ་ནི་རྒྱལ་ཡུམ་ཆེན་མོ་ཡིན་པ་རྒྱུ་མཚན་དུ་མ་བྱས་ཀྱང་ཡིད་འགུལ་ཐེབས་པ་ཞིག་མ་རེད་དམ། རྒྱལ་ཡུམ་ཆེན་མོས་འདི་ལྟར་གསུངས་འདུག་”དེ་ལྟར་གཉེན་སྒྲིག་རྗེས་ཀྱི་ལོ་ཤས་རིང་། ཉིན་རེར་གཉིད་ཆུ་ཚོད་གསུམ་མམ་བཞི་ལས་ཉལ་ཁོམ་བྱུང་མེད། ལྷག་དོན་གྲོ་ཕྱེ་དང་རྩམ་པ་སོགས་འཐག་པར་བསྐྱོད་སྐབས། ཉིན་བརྒྱད་ནས་བཅུ་ཙམ་འགོར་འགྲོ་བ་དེའི་རིང་ལ་གཉིད་ཁུག་པའི་གོ་སྐབས་ཟེར་བ་རྩ་ནས་མེད། ང་ཚོས་མཚན་དཀྱིལ་གྱི་ཆུ་ཚོད་དང་པོ་ནས་ཞོགས་པའི་ཉི་མ་མ་ཤར་བར་དུ་གཡུལ་ལས་བྱེད་དགོས། དེ་ནས་རྒྱུན་ལྡན་ལས་ཀར་འགྲོ་དགོས་པས་ཧ་ཅང་ཐང་ཆད་ནས་མཚམས་རེར་ཚ་ཐབ་ཀྱི་འབུད་ཤིང་སོགས་ལེན་དུ་འགྲོ་བའི་སྐབས་ལ་ལམ་ཟུར་ནས་ཙོག་སྟེ་གཉིད་ཐུང་རེ་ཁུག་གི་ཡོད། མཚམས་རེར་ཐང་ཆད་དེ་བཟོད་གླགས་བྲལ་སྐབས་ས་ཆ་ཁུག་ཀྱོག་ཅིག་ལ་སོང་ནས་ཏོག་ཙམ་ངུ་ཡི་ཡོད། ཡིན་ནའང་སྤོབས་པ་ཞིག་གིས་མི་མང་པོའི་སྔུན་ལ་ནམ་ཡང་ངུ་ཡི་མེད་ལ། མཐའ་ན་དཀའ་སྔུག་ཆེ་བའི་ལོ་ཟླ་དེ་དག་གི་ནང་། རང་ཉིད་ལ་དཀའ་སྡུག་ཅི་ཞིག་འཕྲད་སྐོར་ཁྱོ་ག་ལ་རྩ་བ་ནས་འགྲེལ་བརྗོད་བྱས་མ་མྱོང་”ཞེས་གསུངས་འདུག

ད་དུང་བུད་མེད་སྤྱིའི་གནས་སྟངས་གསུང་སྐབས་”མནའ་མའི་མི་ཚེའི་དུས་ཚོད་མང་ཆེ་བ་ནི་དཀའ་ཁག་ཅན་ཞིག་ཡིན་དོན་ཡང་གཡོག་མོའི་ལྟ་སྟངས་ལས་མེད་པ་དེས་རེད། ཨ་མ་ཁ་ཤས་ཀྱིས་མནའ་མར་གཡོག་མོོ་ལྟར་བྱས་ནས་ཟས་ཟ་ཁོམ་དང་གོན་པ་གྱོན་ཁོམ་ཡང་མེད། བུད་མེད་མང་པོ་ཞིག་འ་ཆད་འུ་ཐུག་གིས་རང་སྲོག་གཅོད་མཁན་ཡང་བྱུང་ཡོད་”ཅེས་གསུངས་འདུག གལ་སྲིད་ཁྱོ་ག་དེ་གཉེན་སྒྲིག་ལ་འདོད་པ་མེད་ཚེ་བཟའ་ཚང་ཁ་བྲལ་དུ་གཏོང་བའི་དབང་ཆ་ཡོད་ཀྱང་། མནའ་མ་ཚོར་ཁྱོ་གས་དབང་ཡོད་ཇི་ལྟར་བྱས་ཀྱང་ཚིག་གཅིག་གིས་ཡ་ལན་སློག་ས་མེད་ལ། ཁྱིམ་དེ་བཞག་ནས་དེ་བས་འགྲོ་ས་མེད་པ་སོགས་ཀྱི་གནས་སྟངས་འོག་ནས་བུད་མེད་རྣམས་ཀྱིས་རང་སྲོག་བཅད་པའི་ལེའུ་རྫོགས་མཐའ་མེད་པ་ཞིག་བྱུང་ཡོད། རྒྱལ་ཡུམ་ཆེན་མོ་ལོ་ན་ཆུང་བའི་སྐབས་ཕོ་མོ་དབྱེ་འབྱེད་ཀྱི་ལྟ་ཚུལ་ཧ་ཅང་ཚབས་ཆེན་ཡོད་པས་ཁོ་མོའི་སེམས་པ་གཙེས་པ་ཡོད་པ་ནི་མངོན་གསལ་རེད། རེད་དེ་ཁོང་མོ་ནི་སྲོལ་རྒྱུན་རིག་གཞུང་གི་བླ་སྲོག་བྱས་ཏེ་དུས་རབས་དང་བསྟུན་པའི་རང་ཉིད་ལ་འགྱུར་བ་བཏང་ཞིང་། སྤྱི་ཚོགས་ཀྱི་གནོན་ཤུགས་ལས་བརྒལ་བའི་དོན་གྱི་བུད་མེད་ཀྱི་ཁེ་དབང་རྩོད་པའི་རླབས་ཆེན་གྱི་མ་ཡུམ་ཞིག་ཏུ་གྱུར་བ་དེའོ།།

གཉིས་པ།

རླབས་ཆེན་ནི་དཀའ་སྡུག་དང་སྙིང་རུས་ལ་བརྟེན་ནས་འབྱུང་དགོས་པ་ཞིག་ལས་ཅི་འདོད་ལས་འབྱུང་བ་ཞིག་ཡིན་ཚེ་འཇིག་རྟེན་རླབས་ཆེན་གྱིས་ཁྱབ་ཅིང་ས་གཞི་གསེར་ནག་གིས་བརྒྱན་ཡོད་ངེས། རེད་དེ་དེ་འདྲ་རྩ་བ་ནས་མིན་པར་རླབས་ཆེན་ཞེས་པ་ནི་དཀའ་སྡུག་ལ་བཟོད་བསྲན་དང་། མདུན་བསྐྱོད་ལ་བློ་སྤོབས། གཞན་ལ་ལྷག་བསམ་གྱིས་ཕྱུག་པའི་མི་སྣ་ཞིག་དགོས་པ་ལས་ཅི་འདོད་དུ་ག་ལ་རུང་། དེའི་ཕྱིར་རྒྱལ་ཡུམ་ཆེན་མོ་ནི་དེ་དག་གིས་རབ་ཏུ་བརྒྱན་པའི་རླབས་ཆེན་གྱི་མ་ཡུམ་ཞིག་རེད། རྒྱལ་ཡུམ་ཆེན་མོ་དགུང་ལོ་བཅུ་དགུའི་ཐོག་ཕྲུ་གུའི་ཐོག་མ་ཚེ་རིང་སྒྲོལ་མ་སྐྱེས་པ་རེད། དེ་ཡང་ཕྲུ་གུ་མངལ་དུ་སྦྲུམ་པའི་ཚེ་ལས་ཀ་ནི་རྒྱུན་ལྡན་ལྟར་བྱེད་དགོས། ཐ་ན་ཕྲུ་གུ་བཙས་པའི་ཉིན་དེར་ཡང་ལས་ཀ་མུ་མཐུད་དུ་བྱེད་དགོས་པ་རེད། ཡིད་སྐྱོ་བ་ཞིག་ལ་ཁོ་མོར་ཕྲུ་གུ་སྐྱེ་བའི་སྐབས་ཚང་མར་སྐྱེ་གཡོག་གཅིག་ཀྱང་མེད་པར་མ་ཟད་རྟ་རའི་ནང་དུ་སྐྱེས་པ་རེད། ད་དུང་ཁོ་མོར་བཀའ་དྲིན་བླ་ལྷག་ཆེ་བའི་པ་ལགས་གཞན་གྱིས་དུག་དྲངས་ནས་བཀྲོངས་སྐབས། ཁོ་མོར་”མངལ་འཁོར་ནས་ཡོད་སྟབས་ལམ་ཁ་སོགས་ནས་ཕྲུ་གུ་བཙའ་བའི་ཉེན་ཁ་ཆེ་བའི་དབང་གིས་པ་ལགས་ཀྱི་རྗེས་འཇུག་སྒྲུབ་པར་འགྲོ་ཐུབ་མེད། པ་ལགས་གྲོངས་ནས་ཉིན་ལྔ་པ་ལ་ཕྲུ་གུ་བཙས་པ་རེད།” འདི་འདྲའི་དངོས་ཡོད་ཀྱི་བྱུང་བ་དག་ལ་མཇལ་སྐབས་སེམས་གཏིང་ནས་ཡིད་འགུལ་ཐེབས་པ་ཞིག་མ་རེད་དམ།

རྒྱལ་ཡུམ་ཆེན་མོའི་མི་ཚེར་གནམ་ས་སློག་པ་ལྟ་བུའི་འགྱུར་ལྡོག་ཅིག་བྱུང་བ་ནི། ཆེས་སྤྱིར་སྟངས་ཀྱི་ཞིང་པའི་བུ་མོ་ཞིག་ཏཱ་ལའི་བླ་མའི་མ་ཡུམ་དུ་གྱུར་བ་དེ་རེད། དེ་ནས་བཟུང་ཁོ་མོས་ཐེག་པར་དཀའ་བའི་འགན་འཁྲི་ལྷག་མ་ཞིག་ཁུར་ཞིང་། སྔར་ལས་ལྷག་པའི་བློ་སྟོབས་གསར་པ་ཞིག་བསྐྱེད་ནས་དཀའ་སྡུག་ལ་གདོང་ལེན་བྱས་པ་རེད། ཁོ་མོའི་ཕྲུ་གུ་ལྷ་མོ་དོན་གྲུབ་མཆོག་ཏཱ་ལའི་བླ་མའི་ཡང་སྤྲུལ་དུ་ངོས་འཛིན་གནང་བ་ནས་བཟུང་། ལོ་ངོ་སུམ་ཅུ་ལྷག་ལ་འཚོ་གཞིས་བྱས་པའི་ཕ་ཡུལ་དང་གཉེན་ཉེ། སྐྱིད་སྡུག་མཉམ་ཁུར་གྱི་གྲོང་སྡེ་གཅིག་པ་སོགས་ཐམས་ཅད་ལ་མགྲིན་པ་འགག་ཅིང་མིག་ཆུ་ལྷུག་ལྷུག་ཏུ་བཞུར་བཞིན་གྱེས་བྲལ་བྱས།

དེ་ལྟར་ལོ་ངོ་སུམ་ཅུ་ལྷག་ལ་འཚོ་གཞིས་བྱས་པའི་ཕ་ཡུལ་དང་བརྩེ་བའི་ཨ་མ་གཙོས་ཉེ་འབྲེལ་རྣམས་ལ་གྱེས་བྲལ་བྱས་ཏེ་ལྷ་ས་ལ་འབྱོར་ནས་འཚོ་བ་གསར་པ་ཞིག་གི་མགོ་རྩོམ་དུས། ཡུལ་དེའི་གོམས་གཤིས་དང་ཁ་སྐད་མ་ཤེས་པའི་དཀའ་ངལ་དང་། ཁྱོ་ག་དུག་དྲངས་ནས་བསད་པ། ལྷ་མོ་དོན་གྲུབ་ཏཱ་ལའི་བླ་མའི་ཡང་སྤྲུལ་མིན་པའི་བསྒྲགས་གཏམ་སྤེལ་ཞིང་། རང་གི་བུ་ཕྲུག་ལ་ཅི་འདོད་དུ་འཕྲད་མི་ཆོག་པའི་ཁྲིམས་ལུགས་བཟོས་པ། རྒྱ་ནག་གི་གནོན་ཤུགས་དང་། ཡུལ་མི་རྣམས་རྒྱ་ནག་གིས་བསད་པ་སོགས། དཀའ་སྡུག་གི་རྒྱ་མཚོའི་དཀྱིལ་དུ་རྒྱལ་ཡུམ་ཆེན་མོ་ནི་རི་རྒྱལ་བཞིན་དུ་བརྟན་ལྷང་ངེར་བཞུགས་པའི་རླབས་ཆེན་གྱི་ཨ་མ་ཞིག་རེད། མདོར་ན་རྒྱལ་ཡུམ་ཆེན་མོའི་ཐུགས་གཤིས་དང་། བློ་སྤོབས། བཟོད་བསྲན། བྱམས་བརྩེའི་ཉམས་ལེན་སོགས། མི་གཞིའི་མཛེས་སྡུག་ཕུན་སུམ་ཚོགས་པ་འདིས་ཁྱེད་ལའངལེགས་སྐྱེས་གྱ་ནོམ་པ་ཞིག་སྦྱིན་ཐུབ་པར་གདོན་མི་ཟ།

འདི་ནི་ཁོ་བོས་<<རྒྱལ་ཡུམ་ཆེན་མོ་>>ཞེས་པའི་དཔེ་དེབ་དེ་ཉིད་བཀླགས་པའི་མྱོང་ཚོར་རམ་བཀླགས་བྱང་ཡིན། འདི་ལས་<<རྒྱལ་ཡུམ་ཆེན་མོ་>>ཞེས་པའི་དཔེ་དེབ་ཀྱི་བརྗོད་བྱ་ཡོངས་རྫོགས་དཔོག་མི་ཐུབ་ཀྱང་དེ་ལ་འཇུག་པའི་ལྡེ་མིག་ཅིག་ཏུ་འགྱུར་བའི་རེ་བ་ཡོད།

2020/1/19ཉིན་ལ་བློ་བཟང་རིན་ཆེན་གྱིས་བྲིས།

བསམ་ཚུལ།

Post navigation

Previous Post: རྣོ་ལྕེ།   
Next Post: ང་ཚོས་ལྟ་གི་ཡིན།

Comments (2) on “རྒྱལ་ཡུམ་ཆེན་མོ་བཀླགས་པའི་མྱོང་ཚོར།”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2020-01-20 at 1:29 pm

    དེ་འདྲ་ཞིག་ཨེ་ཡིན་ན། མཚན་མོ་ཆུ་ཚོད་གསུམ་བཞི་ཙམ་ལས་གཉིད་ཁོམ་མེད་ཟེར། འདི་འདྲ་ཞིག་ཅུང་སྒྲོ་བཏགས་ཡོད་པའི་དོགས་པ་་ཞིག་རང་བཞིན་གྱིས་སྟེར། ང་ལ་རྒྱ་མི་ཞིག་གིས་ཟེར་རྒྱུ་བོད་པའི་སྐྱི་ཚོགས་སུ་བྲན་གཡོག་ལམ་ལུགས་ཧ་ཅང་གི་རྫབ་ཆེན་རེད་ཅེས་ཟེར་མྱོང་བ་མ་ཟད། གུང་ཁྲན་ཏང་གིས་དེ་དག་གིས་སྡུག་བསྔལ་ལས་བསྐྱབས་པ་རེད་ཟེར། གལ་ཏེ་རྒྱལ་ཡུམ་གྱིས་བཤད་པ་རེད་ཟེར་བ་བདེན་ཚེ་གུང་ཁྲན་ཏང་གིས་བསྐྱབས་པའང་བདེན་པ་རེད་འདུག ང་ནི་གུང་ཁྲན་ཏང་གིས་འོག་ནས་འཚར་ལོངས་བྱུང་བའི་མི་ཞིག་ཡིན། ངེད་ཀྱི་ཕ་མར་གཉིས་ལ་བུ་དང་བུ་མོ་བརྒྱད་ཙམ་ཡོད་འདུག ང་ནི་ཆུང་ཤོས་དེ་རེད། ངེད་ཀྱི་མ་རྒན་ལ་ལས་དཀའ་ཅུང་བརྗིད་ཙམ་ཡོད་ཀྱང་དེ་འདྲའི་བྲན་གཡོགས་ལྟ་བུ་རེད་ཟེར་ན་ངོས་ལེན་མེད། ལས་དཀའ་བརྗིད་པོ་ལས་དང་མི་ལས། གཉིད་དང་མི་གཉིད་ཚང་མ་མོ་ལ་རང་དབང་ཡོད་པ་གསལ་པོ་རེད། ལྷག་པར་དུ་ངེད་ཀྱི་ཕ་ཡུལ་ནས་དགོང་ཟས་ཟོས་རྗེས་ཉལ་གྱི་ཡོད། དེ་ནི་ཕལ་ཆེར་ཆུ་ཚོད་བརྒྱད་པ་དང་དགུ་བ་ཡིན་གྱི་རེད་སྙམ། ཞོགས་པ་ཆུ་ཚོད་དྲུག་པའི་ཡས་མས་སུ་ལངས་རྒྱུ་རེད་སྙམ། དེ་འདྲ་ཡིན་དུས་ཆུ་ཚོད་བརྒྱད་དགུ་ཙམ་ལ་ཉལ་གྱི་ཡོད་པ་འདྲ་བོ་རེད། ངས་བལྟས་མིས་བཤད་ཚད་བདེན་པ་ཨེ་ཡིན་མི་ཤེས། རྒྱལ་ཡུམ་གྱི་ལོ་རྒྱུས་བརྩམས་པ་དེའང་དངུལ་ཐོབ་པའི་ཆེད་དུ་ཡིན་པ་གསལ་པོ་རེད། རྩོམ་པ་པོས་ཀྱངས་དབྱིན་ཡིག་ཐོག་ཏུ་བརྩམས་པ་ཡིན་བསམ་བྱུང་། བོད་ཡིག་ཐོག་ཏུ་བརྩམས་ན་དངུལ་ཡང་མང་་པོ་ཐོབ་ཀྱི་མ་རེད་པ། དེ་ཙམ་ཡིན། །

  2. ཀརྡོ་རབ་འབྱམས་པ་ says:
    2020-01-21 at 1:14 am

    ༸རྒྱལ་ཡུམ་ཆེན་མོའི་ཕ་ལགས་ལ་དུག་དྲངས་ནས་བཀྲོངས་པ་དང་། ༸རྒྱལ་དབང་གི་ཡབ་བམ། ཁོང་མོའི་ཁྱོ་ག་ཡང་དུག་དྲངས་ནས་བཀྲོངས་པ་འདི་གཉིས་གཅིག་པུ་ང་ལ་བློ་མི་བདེ་བ་ཆེན་པོ་བྱུང་སོང་།
    དེ་མིན་གྱི་དཀའ་ངལ་དང་རང་ཤི་བརྒྱབས་དགོས་པ་སོགས་ནི། མི་རང་གཤིས་ནང་ལ་ཨ་མ་ངན་མ་ཡོད་པ་ཧ་ཅང་ཅང་དེ། མནའ་མ་ཡང་རྫབ་ཆེན་ཡོད་པས་ལན་པ་རེད་དོ། །དེ་དག་ལ་འཁོར་བའི་ཉེས་དམིགས་ཤེས་མཁན་ཞིག་ལ་ཅང་མི་མཚར་རོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme