Skip to content
  • མདུན་ངོས།
  • ཁ་བརྡའི་དམིགས་ཡུལ།
  • འབྲེལ་གཏུགས།
  • གསར་འགྱུར།
  • རྩོམ་རིག
  • བསམ་ཚུལ།
  • སྣ་ཚོགས།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • ངོ་སྤྲོད།

བྱ་རོག་ཞལ་གདམས། (སྨད་ཆ)

Posted on 2019-12-03 By ཁ་བརྡ 1 Comment on བྱ་རོག་ཞལ་གདམས། (སྨད་ཆ)

དགེ་བསྟན།
 
ངས་རེ་བའི་མིག་ཟུང་གི་མདའ་མོ་སྒེ་ཁུང་གི་ཕྱི་རོལ་ལ་འཕེན་བཞིན་བརྐྱང་ཕྱག་འཚལ། བརྐྱང་ཕྱག་བརྒྱ་སྐོར་ཞིག་འཚལ་བ་དང་། ཡོན་ཆབ་བདུན་ཚར་གཅིག་འབུལ་བ། ཞོགས་ཚོགས་ལ་འགྲོ་བ། གཟུངས་སྔགས་བགྲང་བ་བཅས་ནི་ངའི་ཉིན་རེའི་དགེ་སྦྱོར་ཡིན། ད་དུང་སེམས་ཁམས་དང་བསྟུན་ནས་སྐབས་རེར་སྐོར་བ་འགྲོ་བའང་དགེ་སྦྱོར་ལོས་ཡིན། ངས་དེ་ལྟར་རེ་ལྟོས་ཆེན་པོའི་སྒོ་ནས་ཕོ་རོག་ལ་བསྒུགས་པ་ནི་དེ་ལ་བརྩེ་བ་ཆེ་དྲགས་པ་ཁོ་ནའི་དབང་གིས་མ་ཡིན་པར། མཉེན་ཆས་དེ་ཤིན་ཏུ་ངོ་མཚར་ཆེ་བ་ཞིག་ཡིན་རབས་གོ་བས་དེ་ཉིད་བཀོལ་འདོད་ཆེ་བས་ཀྱང་ཡིན། སྐབས་དེར་བདག་གིས་རེ་སྒུག་བྱེད་པའི་ཕོ་རོག་ནག་ཆུང་ཕྱོགས་གང་ནས་འོངས་པ་མ་ཤེས་པར། ཁམ་སྡོང་གི་ཡལ་གར་བབས་འདུག །དེའི་དུས་སུ་ཁྲི་གདུགས་ཉི་མ་ནུབ་རིའི་རྒྱབ་ལ་གཤེགས་ཏེ་ནུབ་རིའི་གྲིབ་མ་བདག་གི་སྡོད་ཁང་ལ་ཕོག་ཅིང་། ཤར་རིའི་སྟེང་གི་ལྗོན་པ་རྣམས་ལ་གསེར་གྱི་ཁུ་བ་བྱུགས་པ་ལྟ་བུའི་ལྗང་ལ་སེར་བའི་འོད་མདངས་རྒྱས་འདུག

ཕོ་རོག་ནག་ཆུང་གིས་ཡལ་གའི་སྟེང་གི་སྨིན་ལ་ཉེ་བའི་ཁམ་བུ་རྣམས་སྡེར་མོས་བརྫི་ཡིས་དོགས་པ་ལྟར། དེ་དག་གི་སྟེང་ནས་མཆོངས་སྟབས་ཀྱིས་བདག་གི་ཉེ་སར་བཅར། ངའི་སེམས་ལ་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས་ཤིང་བྲེལ་སྟབས་ཀྱིས་ཁ་པར་བླངས་ནས་མཉེན་ཆས་གསར་པ་དེ་ཁ་ཕྱེས། དེ་ནི་ཉིན་མཚན་དུས་དྲུག་ཏུ་དྲ་ལམ་ཉུལ་བའི་གྲྭ་ཕྲུག་ཅིག་གིས་བདག་ལ་མཚམས་སྦྱོར་བྱས་པ་ལྟར་བདག་གིས་ཆེད་མངགས་ཕབ་ལེན་བྱས་པ་ཡིན། དེའི་མིང་ལ་མི་ཟོག་ལོ་ཙཱ་ཟེར། ཡུན་རིང་འདྲིས་པའི་བྱ་ཁྭ་ཏ་དང་ངེད་གཉིས་ཀྱི་བར་ལ་ལོ་ཙཱ་བ་ཞིག་ཡོད་པར་གྱུར་ན་དེ་ལས་ལྷག་པའི་དགའ་བ་དང་། དེ་བས་ཆེ་བའི་བདེ་བ་ཞིག་གང་ན་ཡོད།

ངས་ཉལ་ཁྲིའི་ཟུར་ན་ཡོད་པའི་གཟན་བླངས་ནས་གདོང་གི་རྔུལ་ཆུ་འབྱིད་བཞིན་ཁ་པར་ག་ལེར་ཕོ་རོག་གི་ཉེ་སར་གཏད་དེ། ཁོའི་ཁ་ནས་ཀྭ་ཡེ་དང་ཀྭ་བ་ལ་སོགས་པའི་སྒྲ་ཨེ་གྲག་ལྟོས། ཁོས་མཇིང་པ་གཡས་སུ་དཀྱུས་ནས་ཐུར་དུ་ལན་གསུམ་བལྟས་པ་དང་། གཡོན་དུ་དཀྱུས་ནས་གྱེན་དུ་ལན་གསུམ་བལྟས་རྗེས། ག་ལེར་ངག་འཁྲོལ་བྱུང་། མི་ཟོག་ལོ་ཙཱས་ལོ་ཙཱ་བྱས་པ་ལྟར་ན། དེའི་ནང་དོན་ནི། བླ་རྒན་ཁྱོད་ཀྱིས་རྔུལ་ནག་ཐོན་ཐོན་བར་དུ་ག་རེ་བྱས་པ་ཡིན། ཞེས་པ་དེ་རེད། དེ་ནི་ངས་རེ་བ་བྱས་པ་ལས་རྦད་དེ་ཐ་དད་དུ་གྱུར་འདུག་པས། ངའི་སེམས་ལ། ཨ་ལེ། ཕོ་རོག་ནག་ཆུང་ཁྱོད་ཇུས་གཏོགས་ཚ་བ་ལ་ཨང་སྙམ་ཞིང་། “ངས་ཕྱག་འཚལ་བ་ཡིན།” ཞེས་བརྗོད་པ་དང་། དེ་མ་ཐག་ཕྱག་འཚལ་བ་ནི་དུད་འགྲོ་ཞིག་གིས་གོ་བ་ལོན་ཐུབ་པ་ཞིག་མ་ཡིན་པས། ཅིས་ཀྱང་གསལ་བཤད་ཅིག་བྱ་དགོས་སྙམ་ནས་ཕོ་རོག་ལ་ལྟ་སྐབས། དེས་མིག་གཉིས་པོ་ནག་རིག་རིག་ངའི་མིག་གི་ནང་ལ་བལྟས་ནས་བསྡད་འདུག “ཕྱག་འཚལ་བ་ནི་སྡིག་སྒྲིབ་འདག་པར་བྱེད་པའི་ཐབས་ལམ་ཞིག་རེད་”ཅེས་བརྗོད་མོད། བཤད་སྟངས་དེ་བདག་གི་ཡིད་ཚིམས་པ་ཞིག་མ་བྱུང་བས་ཁ་གསལ་ཞིང་གོ་བདེ་བ། དུད་འགྲོ་ཞིག་གིས་གོ་ཐུབ་པ་ཞིག་ཇི་ལྟར་བཤད་དགོས་སམ་སྙམ་བཞིན་པའི་སྐབས་དེར་ངའི་རྣ་ལམ་དུ་ད་གིན་གྱི་སྒྲ་སྐད་དང་ཅུང་ཟད་མི་འདྲ་བའི་སྐད་ཅིག་གྲགས་བྱུང་། ངས་ཁ་པར་ལ་ལྟ་དུས་འཆར་ཤེལ་ངོས་སུ་འདི་འདྲ་ཞིག་ཤར་འདུག “ལུས་ངལ་བས་སྡིག་སྒྲིབ་འདག་ན། ངེད་དུད་འགྲོ་རྣམས་ཐང་ཆད་ཆད་དུ་ཟས་འཚོལ་བ་ཡིན་པས། ངེད་ཀྱི་སྡིག་སྒྲིབ་དག་ཡོད་ཤས་ཆེ།”
དུད་འགྲོ་ཞིག་གིས་འདི་ལྟ་བུའི་བསམ་བློ་གཏོང་ཤེས་པ་ནི་ངོ་མཚར་ཆེ་ཨང་སྙམ་ནས་ཅུང་ཟད་ཧ་ལས་པ་ཞིག་བྱུང་བའི་མོད་ལ། ཀ་ར་གོ་རེ་ཞིག་གི་ཤོག་ཐུམ་ཁ་ཕྱེས་ནས་གོ་རེ་རྐང་ཁ་ཤས་སྒེ་ཁུང་ཁར་བཞག་པ་ན། ཕོ་རོག་ནག་ཆུང་ཚམ་ཚོམ་ཅི་ཡང་མེད་པར་སྒེ་ཁུང་ཁར་མཆོངས་སྟབས་ཀྱིས་བབས་ཏེ་ཟ་བར་བརྩམས་སོང་།

ཀ་ར་གོ་རེ་བཟས་ཚར་བ་དང་ཕོ་རོག་ནག་ཆུང་གིས་སླར་ཡང་ངག་སྒོ་ཕྱེས་བྱུང་། མི་ཟོག་ལོ་ཙཱས་ལོ་ཙཱ་བྱས་པ་ནོར་མེད་ན་དེའི་ནང་དོན་ནི་འདི་ལྟར། “ལོ་འགའི་གོང་གི་ས་ཡོམ་དེ་ཁྱོད་ཀྱི་དྲན་པའི་ཡུལ་དུ་ཡོད་ཤག་རེད། དེའི་དུས་སུ་ངས་གནས་ཚུལ་ཁྱད་མཚར་ཞིག་མཐོང་སོང་། ས་ཁུག་ཀྱོག་ཁུག་ཀྱོག་ཅིག་ན། མི་རྣམས་ཀྱིས་རྨས་མ་རྣམས་རྩྭ་གདན་སྟེང་དུ་བསྙལ། མགོའི་ཐད་དུ་སྨན་པ་ག་གེ་མོའི་འདྲ་པར་བཞག །རྨས་མའི་ཉེ་འབྲེལ་རྣམས་ཀྱིས་འདྲ་པར་དེ་ལ་ཕྱག་འཚལ་ཞིང་སྐོར་བ་བྱེད། གསོལ་བ་འདེབས། ཁྱོད་ཀྱིས་སོམས་དང་། ཅི་འདྲ་རེད།”
“དངོས་གནས་ཁྱད་མཚར་རེད། ད་ལྟར་བྱས་ནས་རྨས་མ་རྣམས་ཇི་ལྟར་དྲག་ཐུབ།” ངས་དེ་ལྟར་ལན་བཏབ།

“ང་ནི་ཉིན་རེར་ཡང་ལེ་དབར་སྟོང་ཕྲག་མང་པོར་འཕུར་བསྐྱོད་བྱེད་པ་ཡིན་པས། འཇིག་རྟེན་གྱི་ལྟད་མོ་སྣ་ཚོགས་མཐོང་། རི་བོ་ཧི་མ་ལ་ཡའི་ཉེ་འདབས་ཀྱི་གྲོང་སྡེ་ཆུང་ཆུང་ཞིག་ན། ས་རྡོ་ལས་གྲུབ་པའི་སྡོད་ཁང་ནི་ས་ཡོམ་གྱིས་ཐལ་བའི་རྡུལ་དུ་བརླགས། རི་ཉིལ་བས་བགྲོད་ལམ་འགག །མི་ཟོག་ཤི་བའི་རོའི་ཕུང་པོས་བཏུང་ཆུ་བཙོག་པར་བྱས་པས། མི་རྣམས་ལ་ནད་ཡམས་སྣ་ཚོགས་བྱུང་། དེའི་ཚེ་དེའི་དུས་སུ། མི་འགའ་ཞིག་གིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་ཐག་རིང་ཐག་རིང་ལ་སོང་ནས་སྨན་ཐུན་འགའ་ཐོབ་པར་བྱས། ཚུར་འོངས་ནས་སྨན་རྣམས་རྩ་ཆེན་དུ་བརྩིས་ནས་མཆོད་སྒམ་ནང་ལ་བཞག །ནད་པའི་རྩར་བསྡད་ནས་སྨན་པའི་གདམས་པ་ངག་སྐྱོར་བྱེད། ‘སྔ་དྲོ་ལྟོ་སྟོང་ལ་རིལ་བུ་༣། ཉིན་གུང་ཟ་མའི་རྗེས་ལ་རིལ་བུ་༣། དགོང་མོ་ཉལ་ཁར་རིལ་བུ་ཆེ་བ་༢དང་ཆུང་བ་༣།’  སླར་ཡང་། ‘སྔ་དྲོ་ལྟོ་སྟོང་ལ་རིལ་བུ་༣།’ སོགས་ཉི་མ་རེ་ལ་ལན་གྲངས་བརྒྱ་སྟོང་རེ་སྐྱོར་བར་བྱེད།”
“དངོས་གནས་བླུན་པོ་རང་རེད།” ངའི་ངག་ནས་དེ་ལྟར་ཤོར་བའི་མོད་ལ། སྒེ་ཁུང་ཁར་ལྟ་སྐབས། ཕོ་རོག་ནག་ཆུང་གར་སོང་གི་རྗེས་ཙམ་ཡང་མེད། ངའི་སེམས་ལ་མཚར་སྣང་སྣ་ཚོགས་སྐྱེས། དངོས་གནས་བྱ་ཕོ་རོག་ཅིག་ལ་འདི་འདྲའི་ངོ་མཚར་བའི་གཏམ་རྒྱུད་བཤད་རྒྱུ་ཡོད་པ་ཡིད་ལའང་མ་དྲན། གོ་ཡང་མ་མྱོང་། དེ་ལྟར་སེམས་པའི་མོད་ལ། ཡིད་ལ་དོགས་པ་གཞན་ཞིག་སྐྱེས་བྱུང་། དེས་ང་ལ་འདི་ལྟ་བུའི་གཏམ་རྒྱུད་བཤད་དགོས་དོན་ཅི་ཡིན་ནམ། ང་ལ་གོ་རྒྱུ་ཞིག་གཏོང་གི་ཡོད་པ་ཡིན་ནམ།

བརྩམས་སྒྲུང་།

Post navigation

Previous Post: བྱ་རོག་ཞལ་གདམས། (སྟོད་ཆ)
Next Post: བོད་ཀྱི་གསོ་བ་རིག་པའི་རྡོ་རིང་།

Comment (1) on “བྱ་རོག་ཞལ་གདམས། (སྨད་ཆ)”

  1. ཇ་མ་ says:
    2019-12-03 at 9:45 pm

    ཕལ་ཆེར་ལྟས་ཟིན།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ།

ཉེ་ཆར་གྱི་མཆན་བུ།

  • པ་རྡོ་རེ། on སྐྱོ་མ་གཡོ་མཁན་གྲོས་ཚོགས་ཀྱི་རྒྱུན་ལས་ཚོ་ཡིན་ཚེ། གཙང་བཟོ་གནང་མཁན་ཡང་རྒྱུན་ལས་ཚོ་ཉག་ཅིག་ཡིན།
  • རྣམ་རྒྱལ་སྒྲོལ་དཀར། on སྐྱོ་མ་གཡོ་མཁན་གྲོས་ཚོགས་ཀྱི་རྒྱུན་ལས་ཚོ་ཡིན་ཚེ། གཙང་བཟོ་གནང་མཁན་ཡང་རྒྱུན་ལས་ཚོ་ཉག་ཅིག་ཡིན།
  • རིན་ཆེན on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • namgyal on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • Sonam on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • པ་རྡོ་རེ། on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • གཞུང་པ་ཚེ་དབང་བསོད་ནམས། on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • Dawa on ཡིག་སྒྱུར་གོ་བསྡུར། Subtitle བོད་སྐད་ལ་ཇི་ལྟར་འབྲི་འམ།
  • རིན་ཆེན on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • Tseten Gyurmae on བྲོས་མི་ཆོག ནོར་འཁྲུལ་གཙང་མ་བཟོས། (ཞར་བཀོད་གཅིག)
  • Tseten Gyurmae on སྐལ་རྡོར་གྱིས་གོང་ས་མཆོག་གི་སྐུ་པར་ཕབ་པ་གསལ་པོ་ཆགས། སུས་ལན་གནང་ཐུབ་ན་མགྱོགས་པོར་ཡིན་ད།
  • པ་རྡོ་རེ། on བྲོས་མི་ཆོག ནོར་འཁྲུལ་གཙང་མ་བཟོས། (ཞར་བཀོད་གཅིག)
  • ཀུན་དགའ on སྐལ་རྡོར་གྱིས་གོང་ས་མཆོག་གི་སྐུ་པར་ཕབ་པ་གསལ་པོ་ཆགས། སུས་ལན་གནང་ཐུབ་ན་མགྱོགས་པོར་ཡིན་ད།
  • Tseten Gyurmae on ༢༠༢༡ ལོའི་སྲིད་སྐྱོང་འོས་གཞི་སྐལ་རྡོར་དང་། ཁ་མཆུ་ཨང་ ༢༠ པ།
  • བདེན་པའི་རྒྱབ་ལངས། on ད་རེས་དབུས་གཙང་སྤྱི་འཐུས་སུ་ངེས་པར་དུ་ཕེབས་དགོས་པའི་གཞོན་སྐྱེས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ།

ཉེ་ཆར་གྱི་རྩོམ།

  • སྐྱོ་མ་གཡོ་མཁན་གྲོས་ཚོགས་ཀྱི་རྒྱུན་ལས་ཚོ་ཡིན་ཚེ། གཙང་བཟོ་གནང་མཁན་ཡང་རྒྱུན་ལས་ཚོ་ཉག་ཅིག་ཡིན།
  • སྤྱི་འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་བའི་སྐོར་ལ་དཔྱད་པའི་གཏམ།
  • ​«ཞར་ལའོ་ཁྲིའི་སྡོམ་ཐག»གི་བཀླགས་ཚོར་ཐན་ཐུན།
  • བསམ་གཞིག
  • ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 9
  • ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • བྲོས་མི་ཆོག ནོར་འཁྲུལ་གཙང་མ་བཟོས། (ཞར་བཀོད་གཅིག)
  • གསོ་རིག་བཀླགས་བྱང་།
  • སྒེར་གཅོད་ཡིན་པ་འདྲ་འདྲ་རེད། སྨྲ་བརྗོད་རང་དབང་དང་འབྲེལ་བའི་རྩོམ་ཡིག་ཅིག
  • དེ་རིང་ “ ཁ་ཞིག་མི་གྲགས་ག་མེད་བྱུང་།,, ཨ་ཁུ་སྒོ་ཤེར་གྱི་རྩོམ་ཡིག་ཅིག་གི་ཁ་བྱང་གཡར་བ།
  • སྐལ་རྡོར་གྱིས་གོང་ས་མཆོག་གི་སྐུ་པར་ཕབ་པ་གསལ་པོ་ཆགས། སུས་ལན་གནང་ཐུབ་ན་མགྱོགས་པོར་ཡིན་ད།
  • སྒོ་ཤེས་རབ་རྒྱ་མཚོ་དང་ཁོང་གི་རིག་གཞུང་བསམ་བློའི་ཞིབ་འཇུག
  • སྒོ་ཤེར་གྱི་ལས་དབང་།
  • ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 10
  • ད་རེས་དབུས་གཙང་སྤྱི་འཐུས་སུ་ངེས་པར་དུ་ཕེབས་དགོས་པའི་གཞོན་སྐྱེས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ།

ཤོག་ངོས།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • འབྲེལ་གཏུགས།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • འཇུ་ཆེན་དང་སྤེན་ཚེ་གཉིས་གཅིག་པ་གཅིག་རྐྱང་རེད། (743)
  • སྐལ་རྡོར་གྱིས་གོང་ས་མཆོག་གི་སྐུ་པར་ཕབ་པ་གསལ་པོ་ཆགས། སུས་ལན་གནང་ཐུབ་ན་མགྱོགས་པོར་ཡིན་ད། (725)
  • ༢༠༢༡ ལོའི་སྲིད་སྐྱོང་འོས་གཞི་སྐལ་རྡོར་དང་། ཁ་མཆུ་ཨང་ ༢༠ པ། (465)
  • བྲོས་མི་ཆོག ནོར་འཁྲུལ་གཙང་མ་བཟོས། (ཞར་བཀོད་གཅིག) (452)
  • ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག (344)
  • བཙན་བྱོལ་བོད་མིའི་མང་གཙོའི་གཤེད་མ་འཚོལ་ཞིབ། (326)
  • གྲོས་ཚོགས་ར་བ་ནི་གད་སྙིགས་ར་བ་ཞིག་རེད། (296)
  • དབུ་མའི་ལམ་གྱི་སྲིད་ཇུས་ལ་ལོག་ལྟ་བྱེད་མཁན་ཚོས་ཉོན་ཨ། (273)
  • བོད་རྒྱལ་ལོ་སྐོར་ལ་འཆད་ཁྲིད་ཐེངས་གཅིག (258)
  • ​«ཞར་ལའོ་ཁྲིའི་སྡོམ་ཐག»གི་བཀླགས་ཚོར་ཐན་ཐུན། (209)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

ཡིག་མཛོད།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • གཡུ་ཞུན་དྲ་བ།
  • ཕ་ཡུལ།
  • བཙན་པོ་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དྲ་སྣང་དུས་དེབ།
  • བོད་ཀྱི་དུས་བབ།
  • བོད་ཀྱི་དེ་ཕོ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • མཆོད།
  • མི་རབས་གསར་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རང་བཙན་མཐུན་ཚོགས།
  • རི་མཐོ་ས་གཙང་།
  • ལ་རྩེ་དཔེ་མཛོད་ཁང་།
  • ལུག་ཚང་དཔལ་ཡོན།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

འཛིན་སྐྱོང་།

  • Log in

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme