Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཅི་ཞིག་ལ་བྱ་སྤུ་ནོན་དང་ལས་རྒྱུ་འབྲས་ཟེར་རམ།

Posted on 2019-11-252019-11-25 By ཁ་བརྡ 9 Comments on ཅི་ཞིག་ལ་བྱ་སྤུ་ནོན་དང་ལས་རྒྱུ་འབྲས་ཟེར་རམ།

སྒང་པ་དགེ་ལེགས།
 
“བྱ་སྤུ་ནོན་”ཞེས་པའི་ཚིག་དུམ་འདི་བོད་ཀྱི་ཁ་རྒྱུན་ཁྲོད་སྔོན་ནས་ཡོད་པ་ཞིག་ཡིན་མོད།  འོན་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ལོ་གཅིག་ཙམ་གྱི་སྔོན་ནས་ཡོངས་ཁྱབ་ཀྱི་མིང་ཚིག་ཅིག་ཏུ་གྱུར་ཏེ་སྔར་གོ་མ་མྱོང་མཁན་མང་པོ་ཞིག་གིས་ཀྱང་གསར་ཏུ་གོ་བར་གྱུར། ཕྱོགས་གཅིག་ནས་འདི་དེང་སང་གི་དྲྭ་བའི་བརྒྱུད་ལམ་སྟབས་བདེ་ཞིང་ཁྱབ་ཆེ་བས་ཡིན་པ་སྨྲོས་མི་དགོས་ན་ཡང་། རྒྱུ་རྐྱེན་གཙོ་བོ་ནི་སྤྱི་ཚོགས་བྱིང་ལ་ཚོར་ཤུགས་ཆེ་བའི་གནད་དོན་ཞིག་དང་འབྲེལ་ཏེ་གནད་ཡོད་མི་སྣ་ཞིག་གིས་གསར་ལམ་ཁག་ཏུ་ཡོངས་བསྒྲགས་བྱས་པ་ལས་བྱུང་བ་ཞིག་རེད། ད་འོ་ན་“བྱ་སྤུ་ནོན”ཟེར་ན་ཅི་ཞིག་རེད་དམ་ཟེར་ན། དེ་ནི་དཔེ་འཇོག་གིས་ལམ་ནས་དོན་གལ་ཆེན་ཞིག་སྟོན་པ་ཡིན་ཏེ། བྱ་ཚོགས་ཀྱི་ལུས་ལ་སྐྱེས་པའི་སྤུ་དག་གཅིག་གིས་གཅིག་མནན་ནས་ཡོད་པ་བཞིན་ཏུ་མི་རྣམས་ཀྱིས་ཀྱང་རང་གང་དུ་གཏོགས་པའི་ཚོགས་པ་སྒྲིག་འཛུགས་དེའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་གོ་གནས་ཀྱི་བང་རིམ་འོག་ཏུ་ཚུད་པར་བྱེད་དགོས་པའི་དོན་རེད།  དེའི་དབང་གིས་བཀའ་ཤག་གིས་རང་གི་ཁྱབ་འོག་ཏུ་གཏོགས་པའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་གནད་དོན་དང་སྦྲེལ་ཏེ་ཚིག་ཉུང་དོན་འདུས་ཀྱི་གཏམ་དཔེ་འདི་དྲངས་བ་ཞིག་ཡིན་ཞིང་། ཞིབ་ཕྲའི་ནང་དོན་བཤད་མི་དགོས་པར་མདོར་བསྡུས་ན་འོག་མས་གོང་མར་གུས་བརྩི་མ་བྱས་པ་དང་བཀའ་ཁྱབ་དང་ལེན་བྱས་མ་སོང་ཟེར་བ་དེ་རེད། འདི་ལ་གཏམ་གཏམ་དཔེ་གཞན་ཞིག་སྤྱད་ན་ “མགོ་འོག་ལུས་ཚུད་”ཀྱང་ཟེར་ཆོག  ཐད་གར་གནད་དོན་འདིའི་ངོས་ནས་བལྟས་ན་བྱ་སྤུ་ནོན་གྱི་སྒྲིག་གཞི་འདི་སུས་མ་ཁུར་ན་དེ་ནི་སྒྲིག་འཛུགས་དེའི་ཁྱབ་ཁུངས་ནས་ཕྱིར་འབུད་བྱེད་དགོས་ཤིང་བྱེད་འོས་པ་སྟེ། སྤྱི་བའི་སྒྲིག་འཛུགས་སྲ་བརྟན་དང་གཉན་འཕྲང་གི་དུས་འདིར་དབུས་དང་ཡན་ལག་གི་ནུས་པ་མཉམ་སྤུང་བྱེད་ཐུབ་མིན་ཡང་འདི་ལ་རགས་ལུས་པས་རེད། དེ་ལྟར་ཡིན་ཕྱིན་བཀའ་ཤག་གིས་ཀྱང་གཏམ་དཔེ་འདི་བགྲང་སྟེ་དེ་རིང་ང་ཚོས་མཐོང་བཞིན་པའི་ཡ་ང་ཡི་མུག་གི་སྐྱོ་གར་འདིའི་སྒོ་ཕྱེས་པ་རེད། འདི་ནི་ཟླ་བ་གཅིག་ལྷག་གི་གོང་དུ་བྱུང་བའི་གནས་ཚུལ་ཞིག་ཏེ་བྱ་སྤུ་འོག་མས་གོང་མ་མ་བཏེགས་པའི་དཔེ་མཚོན་གྲགས་ཆེ་ཤོས་དང་ཚོར་བ་རྣོ་ཤོས་ཤིག་ཏུ་གྱུར། ཡིན་ན་ཡང་དེང་སང་དེ་ལྟར་མ་རེད། དེ་ལྟར་མ་ཡིན་པ་ཡང་ཆེས་བླ་ན་མེད་པའི་རྒྱུ་འབྲས་ཀྱི་ཚད་གཞི་དམ་ཚིག་གི་སྲོག་ཤིང་དུ་བཟུང་བའི་གཟི་དཔང་དང་ཁྲིམས་ཡིག་གིས་ཐག་བཅད་པ་རེད། ཐག་བཅད་པ་དེས་རྩ་བའི་གནད་ཆེན་པོའང་ངང་ངམ་ཤུགས་ཀྱིས་ཐག་ཆོད་འགྲོ་བ་ཡིན་ཏེ། བྱ་སྤུ་ནོན་གྱི་སྒྲིག་ལམ་མ་ཁུར་བའི་དོན་ཚན་བཅུ་བགྲང་ནས་དོན་གཅོད་འཕོ་འགྱུར་བཏང་བ་རེད་མོད། འོན་ཀྱང་ཁྲིམས་ཀྱི་གཟི་དཔང་གིས་དེད་ཡོང་སྐབས་དོན་ཚན་གཅིག་ཀྱང་ཁུངས་སྐྱེལ་བྱེད་མ་ཐུབ་པ་དེས་འཕོ་འགྱུར་གཏོང་དགོས་པའི་ཁྲིམས་ཐོག་གི་རྒྱུ་རྐྱེན་ཅི་ཡང་མེད་པ་གསལ་བཤད་བྱས་པ་ཡིན་ཞིང་། དེས་ཀྱང་འཕོ་འགྱུར་བཏང་དེ་ལས་རྒྱུ་འབྲས་དང་མི་མཐུན་པའི་ནག་ཉེས་ཤིག་ཡིན་པ་ཐེར་འདོན་བྱས་པ་རེད།

ད་འོ་ན་”ལས་རྒྱུ་འབྲས་”ཟེར་ན་གང་རེད་དམ། ཚིག་དུམ་འདི་ནི་བོད་པའི་སྤྱི་ཚོགས་ཁྲོད་ཡོངས་ཁྱབ་ཏུ་བཀོལ་བའི་སྐད་ཆ་ཞིག་སྟེ། ཐ་ན་རྐུན་ཇག་ཁྲམ་གསུམ་གྱིས་ཀྱང་གཞན་གཡོ་འོག་ཏུ་གཟུད་པའི་ཕྱིར་སྤྱོད་པའི་ཚིག་དུམ་ནུས་པ་ཅན་ཞིག་རེད། འདི་ཡང་ཉེ་ཆར་བཀའ་ཤག་དང་བྱང་ཨ་རིའི་སྐུ་ཚབ་དོན་ཟུར་དབར་གྱི་ཁྲིམས་གཏུགས་བཅད་ཁྲ་གསལ་བསྒྲག་བྱས་པའི་སྐབས་སུ། བཀའ་ཤག་གི་སྐུ་ཚབ་ནང་སྲིད་བཀའ་བློན་དང་ཁྲིམས་རྩོད་པ་གཉིས་ཀྱི་ཞལ་ནས་ཀྱང་ཚིག་འདི་བསྒྲགས་ཏེ་ཁྲིམས་ཁང་གིས་ལས་རྒྱུ་འབྲས་མ་བརྩིས་པ་ཡོངས་བསྒྲགས་བྱས་པ་རེད། ནང་དོན་གྱི་ཆ་ནས་བཤད་ན་ལས་གང་བྱས་པའི་རྒྱུ་ལ་འབྲས་བུའང་དེ་དང་མཐུན་པ་ཞིག་འབྱུང་བ་སྟེ་འདི་ནི་རྟེན་འབྲེལ་གྱི་རང་བཞིན་ཡིན་པས་སུས་ཀྱང་བཅོས་སུ་མེད་ན་ཡང་། ཁྲིམས་ཁང་གིས་དེ་ལས་ལྡོག་སྟེ་ཉེས་མེད་བཀའ་ཤག་ཉེས་ཅན་དང་ཉེས་ཅན་དོན་ཟུར་ཉེས་མེད་དུ་བསྒྱུར་སོང་བས་འདི་ནི་ལས་རྒྱུ་འབྲས་དང་མི་མཐུན་པ་རེད་ཟེར། ལས་རྒྱུ་འབྲས་དང་མ་མཐུན་པའི་དབང་གིས་བཀའ་ཤག་གིས་ཀྱང་བཅའ་ཁྲིམས་ཀྱིས་གང་བསྐུལ་བའི་ཉེས་ཆད་དག་ཉམས་སུ་བླངས་མེད།

བཅའ་ཁྲིམས་འདི་ཆབ་སྲིད་ཀྱི་སྒྲིག་གཞིའི་ནང་གི་ལས་རྒྱུ་འབྲས་ཀྱི་ཚད་གཞི་དྲང་ཤོས་དེ་ཡིན་པས་རྒྱལ་ཁབ་དང་ཚོགས་པ་སུ་ཡིན་རུང་འདི་ཉིད་ཆེས་བླ་ན་མེད་པའི་དཔང་པོར་བརྩི་བ་སྟེ། ཁྲིམས་ཀྱིས་སྐྱོང་བའི་སྤྱི་ཚོགས་ཤིག་ལ་མཚོན་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལས་ལྷག་པའི་གོ་གནས་མཐོ་བ་ཞིག་མེད་པས་འདི་ནི་སྤྱི་ཚོགས་དེའི་ལས་རྒྱུ་འབྲས་ཀྱི་མཚོན་རྟགས་བླ་ན་མེད་པ་དེ་ཡིན། འོན་ཀྱང་དེང་སང་དེ་ནི་དེའི་ལྡོག་ཕྱོགས་ཀྱི་དཔེ་མཚོན་ཏུ་འདྲེན་བཞིན་ཡོད།  བཀའ་ཤག་གིས་ལས་རྒྱུ་འབྲས་ཀྱི་མཚོན་རྟགས་ལ་དེ་དང་མཐུན་པའི་ཆེ་མཐོང་དང་བརྩི་འཇོག་མ་བྱས་པའི་དབང་གིས་རང་ཉིད་”བྱ་སྤུ་ནོན་”གྱི་ལྡོག་ཕྱོགས་ཀྱི་དཔེ་མཚོན་ཏུ་གྱུར་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དུས་བཅད་ནང་ཚུད་དུ་ཉེས་ཆད་ཉམས་ལེན་མ་བྱ་ཚེ་བཀའ་ཤག་ལ་འདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པའི་ཉེས་ཆད་ལག་ལེན་ཏུ་བསྟར་རྒྱུའི་གསལ་བསྒྲག་བསྐྱང་།  ད་དུང་གཞན་ཞིག་ཡོད་པ་ནི་བཀའ་ཤག་གི་ཁྲིམས་རྩོད་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་ཤག་གི་རྐང་ལུག་ཡོད་ཚད་བཅད་དེ་དམག་སར་བཏང་བའི་རྒྱུ་ལས་དེ་རིང་བཀའ་ཤག་གཡུལ་ལས་ཕམ་པའི་འབྲས་བུ་འདི་བྱུང་བ་རེད་ཅེས་བཀའ་ཤག་གི་རྐུབ་སྟེགས་སུ་བསྡད་དེ་སྤོབས་པ་མཐོན་པོའི་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ལས་རྒྱུ་འབྲས་མ་བརྩིས་པའི་ཉེས་འཛུགས་བྱས།  གལ་སྲིད་དེ་བདེན་པ་ཡིན་ན་རང་རེའི་བླ་ན་མེད་པའི་རྒྱུ་འབྲས་ཀྱི་དཔང་པོ་དང་བདེན་པའི་ཚད་ཤིང་དུ་བརྩིས་པའི་ཁྲིམས་ཁང་འདི་ཡང་ཁྲིམས་ཁང་མ་ཡིན་པར་ཁྲམ་ཁང་ཞིག་ཏུ་གྱུར་སོང་བ་ཡིན་པས་ཤིན་ཏུ་ནས་བློ་འཚབ་སྐྱེ་དགོས་པའི་གནད་དོན་ཆེན་པོ་ཞིག་རེད། ཉེས་འཛུགས་དེའི་དབང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་ཤག་གི་ཁྲིམས་རྩོད་པ་ཁོང་འབོད་འགུག་གིས་གནས་ཚུལ་ཉན་ཞིབ་བྱེད་རྒྱུའི་བཀའ་ཡིག་བསྒྲགས།  འོན་ཀྱང་ཁོང་གི་ལས་དེ་ལས་འབྲས་བུ་ཅི་འདྲ་ཞིག་སྨིན་རྒྱུ་ཡིན་མིན་ནི་ཁོང་ཁྲིམས་ཁང་དུ་བཅར་བའི་རྗེས་སུ་མ་གཏོགས་མི་ཤེས་མོད། འབྲས་བུ་ཅི་འདྲ་ཞིག་སྨིན་ན་ཡང་དེ་ནི་ལས་རྒྱུ་འབྲས་ཀྱི་རྒྱ་ལས་མ་བརྒལ་བ་ཞིག་ཡིན་ངེས་པའི་རེ་བ་དང་སྨོན་ལམ་ཕུར་ཚུགས་སུ་འདེབས་འོས།

མདོར་བསྡུས་ན་འདི་དག་ཐམས་ཅད་རྒྱུ་འབྲས་བར་གྱི་འབྲེལ་བ་ཡིན་ཏེ། རྙོག་གླེང་འདི་བཀའ་ཤག་གིས་“བྱ་སྤུ་ནོན་བཤད་དེ་དབུ་བཙུགས་ན་ཡང“ལས་རྒྱུ་འབྲས”བཤད་སྟེ་མཇུག་བསྡུ་མ་ཐུབ་པ་དེ་མཐར་གཏུགས་ན་བཀའ་ཤག་གིས་བཤད་པའི“བྱ་སྤུ་ནོན”དེ་བྱ་སྤུ་ནོན་མ་ཡིན་པས་བཀའ་ཤག་གིས་འདོད་པའི“ལས་རྒྱུ་འབྲས”དེ་ཡང་ལས་རྒྱུ་འབྲས་སུ་མ་སོང་བ་རེད། འདི་ནི་དམ་པའི་ལྷ་ཆོས་སྐྱོང་བའི་མཁས་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་མི་བཞི་སྐྱེ་འགོག་གི་གཏན་ཚིགས་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་པར་མ་ཟད་འཇིག་རྟེན་མི་ཆོས་སྐྱོང་བའི་རྒན་པོས་ཉམས་མྱོང་གི་བཅུད་ལས་བྱུང་བའི་ཡ་རབ་སྤྱོད་བཟང་གི་ལམ་སྲོལ་དང་ཡང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས། ཉེས་མེད་ཉེས་འགེལ་བྱ་ཡུལ་ལ་དག་སེལ་དང་མ་ཉེས་ཁག་གཡོག་བྱེད་མཁན་ལ་ཉེས་ཆད་བཅད་དེ་ལས་གང་བསགས་པའི་རྒྱུ་ལས་འབྲས་བུ་དེ་དང་མཐུན་པ་ཁོ་ན་སྨིན་སོང་བ་རེད། དེས་ན་དུས་ནམ་དུ་ཡང་ལས་རྒྱུ་འབྲས་རྟེན་འབྱུང་གི་རྣམ་གཞག་འདི་སུས་ཀྱང་བཅོས་སུ་མེད་ལ་གང་གིས་ཀྱང་སྒྲུན་ཏུ་མེད་པས་”སྲོག་ལ་བབས་ཀྱང་འབད་པས་བསྲུང་བར་འཚལ་”ལོ།

བསམ་ཚུལ།

Post navigation

Previous Post: འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི།
Next Post: ཁྲིམས་ཞིབ་ཁང་ལ་བསྔགས་པ།

Comments (9) on “ཅི་ཞིག་ལ་བྱ་སྤུ་ནོན་དང་ལས་རྒྱུ་འབྲས་ཟེར་རམ།”

  1. བདེ་འཇགས་ཕོ་ཉ། says:
    2019-11-25 at 9:06 am

    བྱ་སྤུ་གནོན་ཟེར་ན་ངས་ཀྱང་མི་ཤེས་ཡ། ཁྱོད་སོང་ནས་བཀའ་ཤག་ལ་དྲིས། བཀའ་ཤག་ནང་གི་བན་དེ་སྐྱ་མིན་སེར་མིན་དེ་ལ་དྲིས་དང་། དེས་ཁྱོད་ལ་གསལ་པོ་དག་པོ་བཤད་ཀི་རེད།

  2. ཨ་ཁུ་འབྲོག་པ། says:
    2019-11-25 at 9:48 am

    ལས་རྒྱུ་འབྲས་ཟེར་ན་ངས་ཀྱང་མི་ཤེས། ཁྱོད་སོང་ལ་བཀའ་ཤག་ལ་དྲིས། བཀའ་ཤག་ནང་གི་མི་རྒན་དབུ་མིན་རང་མིན་དེ་ལ་དྲིས་དང། དེས་ཁྱོད་ལ་གསལ་པོ་དག་པོ་བཤད་ཀྱི་རེད། ཧ་ཧ།

  3. རྨ་སངས་ says:
    2019-11-25 at 11:24 am

    བྱ་སྤུ་གནོན་གྱི་སྒྲིག་འཛུགས་ནི་བཀས་བཀོད་རྒྱུད་འཛིན་གྱི་གཉའ་གནོན་བཤུ་གཞོག་གི་ལམ་ལུགས་ཀྱི་རྨང་གཞི་དང་སྲིད་དབང་སྒེར་གཅོད་རང་ལུགས་ཀྱི་ལྟ་བ་ལག་བསྟར་བྱེད་པའི་ལམ་སྲོལ་རེད།

  4. བྱང་ཆུབ་ལོ་མ། says:
    2019-11-25 at 12:56 pm

    དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་ཚོགས་ནང་རྙོག་དྲ་བཟོ་མཁན་ནི་མི་ཉུང་ཤོས་ཤིག་རེད་ལབ་ནས་གོ་སྐབས་ཡོད་ཚད་ལ་གཏམ་བཤད་རིང་ཐུང་མང་པོ་བྱས་པ་རེད། དེ་བདེན་པ་རེད་མ་རེད་ཁྲིམས་ཞིབ་ཁང་ལ་གཏུགས་དང་ཧ་གོ་གི་རེད་ལབ་པ་རེད། ངས་སྲིད་སྐྱོང་ལ་རེ་བ་ཆེན་པོ་བྱས།

    ཁྲིམས་ཁང་ནས་བདེན་པ་བདར་རེས་བྱས་དུས་སྲིད་སྐྱོང་གིས་བཤད་པ་ཚང་མ་ཁུངས་མེད་ལུང་མེད་རེད་འདུག ད་ནི་ཁྲིམས་ཁང་གིས་སོར་གང་ཡན་པོར་གཏོང་གི་མིན་ལབ་ནས་གསལ་བསྒྲགས་བྱས་འདུག གང་དྲགས། སྲིད་སྐྱོང་གིས་བཀའ་ཤག་ཆུ་ལ་གཡུགས་སོང་ང་། སྲིད་སྐྱོང་ལ་རྒྱབ་སྐྱོར་བྱེད་མཁན་ང་ཚོ་ཡང་ཆུ་ལ་གཡུགས་སོང་ད།

  5. གཞུང་པ་ཚེ་དབང་བསིད་ནམས་ says:
    2019-11-25 at 9:21 pm

    བྱ་སྤུ་གནོན་དང་རྟ་སྤུ་རྒྱེན་ལངས་ཟེར་བའི་ཐ་སྙད་དེ་སྔ་མོ་རྒྱལ་པོའི་དབང་བསྒྱར་བྱེད་པའི་དུས་རབས་དང་དཔོན་ངན་ཁྲིམས་མེད་ལུགས་མེད་གང་ཟག་གི་དབང་བསྒྱུར་བྱེད་པའི་དུས་རབས་ནང་བྱ་སྤུ་གནོན་ཟེར་བ་དང་རྟ་སྤུ་རྒྱེན་ལངས་ཟེར་བའི་ཐ་སྙད་འདིའི་འོག་ཏུ་ཞི་བའི་གྲལ་རིམ་མི་མང་ལ་གཉའ་གནོན་གཏོང་བའི་ཐ་སྙད་ཞིག་ཡིན་པ་ལས་དེང་སང་འཛམ་གླིང་ཡར་འཐོན་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་འོག་འགྲོ་བཞིན་པའི་དུས་རབས་ནང་བྱ་སྤུ་གནོོོོན་དང་རྟ་སྤུ་རྒྱེན་ལངས་ཟེར་བའི་ཐ་སྙད་དེ་ང་ཚོའི་བེད་སྤྱོད་གཏོང་རྒྱུ་དེ་ང་ཚོ་ད་དུང་དུས་རབས་གོང་མ་རྒྱལ་པོ་དང་དཔོན་ངན་གྱི་དུས་རབས་ནས་ཁ་བྲལ་མ་ཐུབ་པར་སླར་ཡང་རྗེས་ལུས་ནས་ཡང་ལུས་དུ་ཁ་ཕྱོགས་པ་མ་རེད་དམ???

  6. དོམ says:
    2019-11-26 at 12:30 am

    སྒང་པ་དགེ་ལེགས། ངོ་སོ་བསྟོད་ཧ་ཅང་ཡག་པོ་བྲིས་འདུག རྩོམ་རྩལ་དང་ཉམས་སོགས་ལས་ཀྱང་བློ་བསྐྱེད་ཐོབ་སོང་།

  7. ཉི་མ་རང་གྲོལ། says:
    2019-11-26 at 10:52 pm

    བྱ་སྤུ་གནོན་ཟེར་ན་ངས་ཀྱང་མི་ཤེས་ཡ། ཁྱོད་སོང་ནས་བཀའ་ཤག་ལ་དྲིས། བཀའ་ཤག་ནང་གི་བན་དེ་སྐྱ་མིན་སེར་མིན་དེ་ལ་དྲིས་དང་། དེས་ཁྱོད་ལ་གསལ་པོ་དག་པོ་བཤད་ཀི་རེད།

  8. རྡོ་རྒོད says:
    2019-11-27 at 11:32 am

    བྱ་ལ་སྤུ་གནོན་ཟེར་བ་འདི་སྔ་མོའི་ཁ་སྐད་ཙམ་མ་ཡིན། ཐབ་སྡུག་པ་གཅིག་ལ་བྱ་སྤུ་མེད་པ་གཅིག་དོན་གཅོད་ལ་བཀོད་ནས་མ་བྱུང་བ་རེད། དེ་མིན་ཐ་ན་སྒྲིག་འཛུག་ཆུང་ངུ་ཞིག་ནང་ལའང་གང་ཟག་སོ་སོའི་ལས་འགན་ལ་དཔག་པའི་གཅིག་འོག་གཅིག་ནོན་བསྟུན་མཁས་ཀྱིས་བཀོད་ཁྱབ་འོག་འགྲོ་སྟང་འདི་ལ་སྒྲིགས་འཛུགས་ཟེར་བ་ལས་ར་ལང་ཆོ་ལང་མགོ་འཇུག་མེད་པའི་ར་བཟི་ཆང་འཐུང་རིག་ཚོར་མི་ཟིན་མཁན་ལ་གོ་རྒྱུ་མ་མཆིས།

  9. འཚུབ་ཐེལ། says:
    2019-11-27 at 9:57 pm

    ཉི་མ་རང་གྲོལ། ཁྱོད་ཀྱིས་རྩོམ་ཡིག་གི་ཁ་བྱང་ཙམ་ལ་བལྟས་ནས་མཆན་སྤེལ་འདུག དོན་རྟོགས་འདོད་ན་རྩོམ་ཡིག་ཞིབ་ཏུ་ཀློགས་ཤིག

    རྡོ་རྒོད། ཁྱོད་ཀྱིས་ཁྲིམས་ཁང་གི་བཅད་ཁྲ་མ་བཀླགས་པའམ་བཀླགས་ཀྱང་དོན་གོ་མི་འདུག དོན་དངོས་ཤེས་འདོད་ན་དེ་ཀློགས་དང་སུ་བྱ་སྤུ་ནོན་ཡིན་མིན་ཧ་ཅང་གསལ་པོ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme