Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་མཆུ་ཨང་ཉི་ཤུ་པའི་འགོ་འཛུགས་དང་ནོར་ས་འདི་རེད།

Posted on 2019-10-24 By ཁ་བརྡ 19 Comments on ཁ་མཆུ་ཨང་ཉི་ཤུ་པའི་འགོ་འཛུགས་དང་ནོར་ས་འདི་རེད།

བདེན་རྒྱབ་བདེན་གནོན།
 
བཀའ་ཤག་སྐབས་བཅོ་ལྔ་པའི་ལས་ཡུན་ནང་བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་ཐད་ནས་སྟོང་གསུམ་སྐད་ཀྱིས་ཆོད་པའི་ཁ་མཆུ་ཨང་ཉི་ཤུ་པ་འདི་བྱུང་ཞིང་། དེ་ཡང་ལོ་གཅིག་དུས་གཅིག་གཞུང་འབྲེལ་དུས་དྲན་མཛད་སྒོ་གལ་ཆེ་ཤོས་གསུམ་བཅུའི་དུས་དྲན་སྐབས་མི་མང་འདུ་འཛོམས་ཀྱི་སྡིང་ཆ་བེད་སྤྱད་དེ་ཁྲིམས་ལ་གཏུག་ཤོག་ཟེར་བའི་སྐད་གསང་མཐོན་པོ་དེ་ནས་བྱུང་བ་རེད། འོན་ཀྱང་འདི་ནི་ཁ་མཆུ་ཨང་ཉི་ཤུ་པའི་འགོ་འཛུགས་དང་ནོར་ས་ལྟེ་བ་དེ་མ་རེད། ཁྲིམས་ཁང་ནས་ཁ་མཆུ་དེའི་བཅད་ཁྲ་བཏང་ཟིན་པའི་རྗེས་སུ་མང་ཚོགས་ནང་སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་ཁྲིམས་ཐོག་ནས་ཕམ་ཉེས་ཆེན་པོ་བྱུང་བར་བརྟེན། ད་ཆ་ཁྲིམས་ཀྱི་སྐད་ཆ་ཤོད་ས་མེད་པར་སོང་ལས་རྒྱུ་འབྲས་ཀྱི་སྐད་ཆ་ཤོད་འགོ་ཚུགས་པ་རེད། སྤྱིར་ལས་རྒྱུ་འབྲས་ཟེར་བ་ནི་ལས་འབྲས་དཔང་འཕེར་བླང་དོར་ཉམས་ལེན་བྱེད་མཁན་ཚོའི་ཞལ་ནས་ཤོད་དབང་ཡོད་པ་ལས། ལས་འབྲས་ཁྱད་དུ་གསོད་པའི་ཆབ་སྲིད་པའི་ཞལ་ནས་འདོན་རྒྱུ་ཞིག་མ་རེད། གལ་སྲིད་ཆབ་སྲིད་པའི་སྐད་ཆ་མཐར་ལས་འབྲས་དང་ཆོས་ཀྱི་ཐོག་ལ་འབབ་ཡོང་གི་འདུག་ན་ཁོ་ཚོ་འུ་ཐུག་གི་ཡོད་པའི་རྟགས་ཟག་མར་བསྟན་པ་རེད། ཁ་མཆུ་ཨང་ཉི་ཤུ་པའི་འགོ་འཛུགས་ཀྱི་དུས་རིམ་དེ་གནད་འགག་ཅིག་ཡིན་པས་ཁ་མཆུ་ཤོར་ཚར་པའི་སྲིད་སྐྱོང་བློ་བཟང་སེང་གེའི་བཀའ་ཤག་དང་དེའི་རྒྱབ་དཔུང་ཚོས་གཞུང་འབངས་ལ་གཅེས་མདོག་གིས་ཁ་ཕྱོགས་དེ་དང་འབྲེལ་བའི་གླེང་ཕྱོགས་གསར་པ་ཞིག་བཟོ་འགོ་ཚུགས་བཞིན་ཡོད། དཔེར་ན་ཁ་མཆུ་ཨང་ཉི་ཤུ་པ་དེ་སྐུ་དྲག་གསར་རྙིང་དང་དགའ་ལྡན་ཕོ་བྲང་ལ་འབྲེལ་བ་ཡོད་ཚུལ་གྱི་གླེང་ཕྱོགས་གསར་པ་བཟོ་སྟངས་ལས་གསལ་པོ་ཤེས་ཐུབ།

ཁ་མཆུ་ཨང་ཉི་ཤུ་པའི་ཐོག་མའི་འགོ་འཛུགས་དང་ནོར་ས་དང་པོ་ནི་སྤེན་པ་ཚེ་རིང་བྱང་ཨ་རིའི་དོན་གཅོད་ལ་སུས་བསྐོས་མིན་དེ་མ་ཡིན་པར་གལ་གནད་ཆེ་བའི་དོན་གཅོད་ཀྱི་ཞབས་སྟེགས་གཉིས་སྲིད་སྐྱོང་གི་འོས་བསྡུའི་བྱ་རིམ་ནང་བེད་སྤྱོད་ལོག་པར་བཏང་བ་དེ་ནས་འགོ་ཚུགས་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་ཐེངས་གཉིས་པར་སྲིད་སྐྱོང་འོས་མིར་བཞེང་སྐབས་དེ་སྔོན་དང་མི་འདྲ་བར་གཞུང་སྲིད་རང་ཉིད་ཀྱི་ལག་པར་ཡོད་པར་བརྟེན། གཞུང་ལས་མཐོ་རིམ་གྱི་རྐུབ་སྟེགས་མང་དག་ཅིག་རང་ཉིད་ཀྱི་འོས་ཤོག་དྲིལ་བསྒྲགས་ཆེད་དུ་བེད་སྤྱོད་བཏང་ཡོད་པ་རེད། འོས་བསྡུའི་ལས་རིམ་སྔོན་འགྲོ་དང་དངོས་གཞིའི་བར་ནས་འགྲན་རྩོད་རྣོ་ངར་ཆེན་པོར་གྱུར་པས་འཛིན་སྐྱོང་གི་ཞབས་སྟེགས་ཐོག་ཡོད་པའི་མི་སྣ་མང་པོ་ཞིག་ཁོང་གི་རྒྱབ་དཔུང་དུ་བཞེངས་དགོས་བྱུང་བ་རེད། ཛ་དྲག་དེའི་ཁྲོད་དུ་ཁོང་གི་བཀའ་བློན་ལས་རོགས་གཉིས་གློ་བུར་དུ་འོས་བསྡུའི་ལས་རིམ་ནང་མདུན་དུ་ཐོན་ཏེ་སྲིད་སྐྱོང་བློ་བཟང་སེང་གེ་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་ལས་འགུལ་ནང་རྒྱག་གཅིག་མཆོངས་གཅིག་གནང་ཡོད། བློ་བཟང་སེང་གེར་ཐེངས་གཉིས་པའི་སྲིད་སྐྱོང་འོས་ཤོག་ཐོབ་རྗེས་དུས་ཡུན་རིང་པོ་མ་འགོར་བར་དོན་གཅོད་འཕོ་འགྱུར་གྱི་གཞུང་འབྲེལ་བཀའ་ཁྱབ་མ་སྤེལ་གོང་ནས་ཤེས་རིག་ལས་ཁུངས་ནང་བཀའ་བློན་དངོས་གྲུབ་ཚེ་རིང་ཨ་རིའི་དོན་གཅོད་ཡིན་པ་གཏན་འཁེལ་བའི་སྐད་ཆ་ཁྱབ་པ་དང་། བཀའ་བློན་ལས་ཐོག་རྒྱ་རི་སྒྲོལ་མས་ཁྱིམ་ཆས་མང་པོ་ལྡི་ལི་དོན་ཁང་ནང་བཏང་ཡོང་བའི་སྐད་ཆ་ཁྱབ་པ་རེད།

བྱ་སྤྱོད་འདིས་༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་གནས་རྗེས་འབྲེལ་ཡོད་པའི་ཞབས་སྟེགས་གནད་ཆེ་དེ་ཚོ་ཆབ་སྲིད་པའི་འོས་བསྡུའི་ལས་རིམ་ནང་ནག་ཚོང་བེད་སྤྱོད་བྱེད་ནུས་དུས་འདི་དག་གིས་མ་འོངས་པར་༸གོང་ས་མཆོག་གི་མཚན་གནས་ཡོད་པའི་ཞབས་སྟེགས་དེ་ཚོ་བེད་སྤྱོད་ཇི་ལྟར་གཏོང་མིན་ཐད་གལ་འགངས་ཆེན་པོར་སོང་དགའ་ལྡན་ཕོ་བྲང་འགན་འཛིན་ལྷན་ཚོགས་ནས་དེའི་ཐད་ཐུགས་སྣང་མ་གནང་བར་འཇོག་ཐབས་མེད་པ་གསལ་པོ་གསལ་རྐྱང་རེད། དེར་བརྟེན་༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་གནས་དང་འབྲེལ་བའི་དོན་གཅོད་འཕོ་འགྱུར་གྱི་རྩ་འཛིན་ལམ་སྲོལ་བཞིན་གལ་གནད་ཆེ་བའི་དོན་གཅོད་ཀྱི་ཞབས་སྟེགས་གཉིས་ཆབ་སྲིད་པའི་དབང་ཆ་ནག་ཚོང་གི་ཚོང་རྫས་སུ་མི་འགྱུར་བར་དམ་དོན་གནང་དགོས་བྱུང་བ་ཁ་མཆུ་ཨང་ཉི་ཤུ་པའི་འགོ་འཛུགས་དང་ནོར་ས་ཆེ་ཤོས་ཏེ་ཡིན་པ་གསལ་པོ་མཁྱེན་དགོས་པ་རེད།

ཁ་མཆུ་ཨང་ཉི་ཤུ་པའི་ནོར་ས་གཉིས་པ་ནི་སྒེར་ནད་ཐོག་གཞུང་འབྲེལ་དབང་ཆ་བེད་སྤྱོད་བཏང་བ་དང་། དེ་ཡང་བུད་མེད་གཡོ་ཅན་གྱི་སྐད་ཆར་ཉན་པ་དེ་རེད། བོད་ཀྱི་ཁ་དཔེར། རྒྱལ་པོ་སྙན་ཁུང་སྲབ་པ་དང་། བཙུན་མོ་ཕྲ་མར་དགའ་བ་གཉིས། རྒྱལ་སྲིད་བརླག་པའི་སྔ་ལྟས་ཡིན། ཟེར་བ་ལྟར། གོ་ལོ་ཐོས་ལོའི་སྐད་ཆ་རྒྱུ་མཚན་དུ་བྱས་ཏེ་བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་བཏང་པས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བ་བཀའ་ཤག་ཁྲིམས་འོག་ཏུ་ཤོར་བའི་ལོ་རྒྱུས་ནག་པོ་འདི་བྱུང་བ་རེད། ཁ་མཆུ་ཨང་ཉི་ཤུ་པའི་བཅད་ཁྲ་བཏང་ཟིན་རྗེས་ང་ཚོས་བསྐྱར་ལོག་གིས་བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་བཏང་བའི་དགེ་སྐྱོན་ལ་བསམ་གཞིགས་བྱས་ན། མི་སྒེར་ལ་ཁེ་ཕན་ཆེན་པོ་ཐོབ་ཡོད་པ་ནི་ཤོད་མི་དགོས་ཀྱང་། གཞུང་སྲིད་ལ་དངོས་གྲུབ་ཚེ་རིང་གིས་ད་བར་སྤེན་པ་ཚེ་རིང་ལས་ལྷག་པའི་ལས་ཆོད་ཆེ་བ་གང་ཡང་བྱས་མེད་ཅིང་། དེ་ལས་ལྡོག་སྟེ་དོན་རྐྱེན་འདིའི་ཁྲོད་བོད་བསྟན་སྲིད་མི་རིགས་དང་བཅས་པ་ཆགས་འཇིག་གི་དུས་སྐབས་སུ་བོད་མིའི་མཐུན་ལམ་ཁ་གཏོར་དགུ་གཏོར་བཏང་བའི་ལས་ཚབས་ཆེ་བ་བསགས་པར་མ་ཟད། བསྟན་སྲིད་མི་རིགས་དང་བཅས་པར་རྨ་ཁ་ཆེན་པོ་བཟོས་པ་འདི་ཚོ་དང་བསྡུར་ན་བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་བཏང་བ་དེས་བོད་བསྟན་སྲིད་ལ་ཁེ་ལས་གྱོང་ཆེ་བ་རག་ཡོད་པ་ལོ་རྒྱུས་ནང་གསལ་པོ་ཆགས་ཚར་བ་རེད།

ཁ་མཆུ་ཨང་ཉི་ཤུ་པའི་ནོར་ས་གསུམ་པ་ནི་དོན་གཅོད་འཕོ་འགྱུར་བཏང་བའི་རྗེས་སུ་གཞི་ནས་དོན་གཅོད་འཕོ་འགྱུར་གཏོང་དགོས་པའི་རྒྱུ་མཚན་བཙལ་བ་དེ་རེད། དེ་ཡང་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གླེང་རྙོག་དང་འབྲེལ་བའི་ཨ་དོན་ཟུར་པ་དྲུང་ཆེ་མཚན་མཉམ་སྐལ་རྡོར་དང་། དོན་གཅོད་དང་སྲིད་སྐྱོང་བར་ཕྲ་མ་སྦྱོར་མཁན་དྲུང་ཆེ་མཚན་མཉམ་ཤར་གླིང་ཟླ་སྒྲོན་གཉིས་བཀའ་འགུག་གནང་ནས་གང་དྲག་ཅི་དྲག་བསམ་བཏང་དྲན་སྐྱེས་ཀྱིས་དོན་ཚན་བཅུ་བཟོས་ཏེ་ཡིན་མདོག་གིས་གཞུང་འབྲེལ་དྲ་བའི་ཐོག་ཡོངས་ཁྱབ་བྱས་ཀྱང་། ད་ཆ་ཁྲིམས་ཁང་ནས་ཁྲིམས་ཞིབ་བྱེད་སྐབས་ཁུངས་སྐྱེལ་ར་འཕྲོད་གཅིག་ཀྱང་མ་བྱུང་བའི་དོན་ཉེས་རྫོར་པོ་འདི་བྱུང་བ་རེད། སྐལ་རྡོར་ནི་དེ་སྐབས་དཔལ་འབྱོར་ལས་ཁུངས་ནང་གསོབ་ཀྱི་བཀའ་བློན་དང་སྲོག་གི་བཀའ་བློན་གཉིས་ཡོད་པའི་ནང་ནས་སྲོག་གི་བཀའ་བློན་དེ་ཡིན་པ་དང་། ཟླ་སྒྲོན་ནི་ཕྱི་དྲིལ་བཀའ་བློན་དང་དྲུང་ཆེ་རག་རྒྱུའི་ཆེད་དུ་ཅི་བྱེད་དགོས་ཀྱང་བྱེད་མཁན་ཞིག་ཡིན་པས། ཁོང་གཉིས་ལ་ཁྲིམས་ཀྱི་མདུན་སར་ལང་ཐུབ་པའི་སྐད་ཆ་བཤད་རྒྱུ་མེད་པ་གསལ་པོ་རེད། འདི་ལྟར་སྡེ་པ་གཞུང་ཟེར་ཡང་ང་ཚོ་ཕ་བུ་གཉིས་ཀྱི་རེད། ཅེས་པའི་དཔེ་ལྟར་བོད་མིའི་སྒྲིག་འཛུགས་འདི་མི་ཁ་ཤས་ཤིག་གི་དབང་ཆ་རྐུབ་སྟེགས་ཀྱི་ཆེད་དུ་བེད་སྤྱོད་བཏང་བའི་བརྒྱུད་རིམ་ཁྲོད་དེ་རིང་གི་དོན་ཉེས་ངོ་ཚ་དགོས་པ་འདི་བྱུང་བ་རེད།

ད་ནི་ཇི་ལྟར་ཡང་ཁྲིམས་ཀྱི་ཐོག་ནས་ཤོར་ཟིན་པས་བཀའ་ཤག་གིས་ཁྲིམས་དོན་ལྟར་བཅད་ཁྲ་དང་ལེན་བྱེད་དགོས་པ་ལས། དེ་མིན་ལས་འབྲས་བཤད་དེ་གླེང་གཞི་གསར་པ་བསྐྲུན་བརྩིས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྦར་མོ་གང་དེ་ཁ་ཐོར་དགུ་ཐོར་མ་འགྲོ་བ་བྱེད་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན་སྲིད་ཚབ་ནང་སྲིད་བཀའ་བློན་ནས་བཅད་ཁྲ་མ་གཟིགས་པར་གང་བྱུང་གང་དྲན་ཤོད་འགོ་བཙུགས་པ་འདིས་བཀའ་ཤག་གིས་ཡ་མེད་རྒལ་རལ་གནང་བརྩིས་མེད་དམ་སྙམ་པ་འདུག དེས་ན་ཇི་ལྟར་མ་ཉེས་ཁ་གཡོག་གི་དོན་ཚན་བཅུ་གཞུང་འབྲེལ་དྲྭ་ངོས་སུ་བཀྲམ་པ་བཞིན། དེ་ལྟར་དགོངས་སེལ་ཡང་གཞུང་འབྲེལ་དྲྭ་ངོས་ནས་འགྲེམ་དགོས་པ་ནི་ལས་རྒྱུ་འབྲས་དང་མཐུན་པ་ཞིག་ཡིན། མདོར་ན་བཀའ་ཤག་བཀའ་ཤག་གི་ངོ་བོར་མ་བཞུགས་པར་བཀའ་ཤག་གི་སྒེའུ་ཁུང་ནས་མི་སྒེར་གྱི་རྣམ་འགྱུར་བསྟན་པ་ལས་ཆག་སྒོ་འདི་འཁྱེར་ཡོང་བས། ད་དུང་བཀའ་ཤག་གིས་མུ་མཐུད་འདི་ལྟར་གནང་ན་ངན་ཚབས་ཧ་ཅང་ཆེན་པོར་འགྱུར་རྒྱུ་གདོན་མི་ཟ་བས་དེ་དོན་དགོངས་པ་བཞེས་གལ་མཐོང་ངོ་།།

བསམ་ཚུལ།

Post navigation

Previous Post: དྲུག་དང་དྲུག་ཅུའི་ཕྱི་འབྲེལ།
Next Post: རྗེ་བླ་མའི་རྣམ་ཐར་ཆུ་ཡི་ཐིགས་པ་གཅིག (རྗེ་ཙོང་ཁ་པ་མྱ་ངན་ལས་འདས་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་བཀྲིན་རྗེས་དྲན་དུ་བྲིས།)

Comments (19) on “ཁ་མཆུ་ཨང་ཉི་ཤུ་པའི་འགོ་འཛུགས་དང་ནོར་ས་འདི་རེད།”

  1. ཉི་མ་རང་གྲོལ། says:
    2019-10-24 at 2:37 am

    གནད་ལ་འཁེལ་བའི་དབྱེ་ཞིབ་དང་སེམས་ལ་འབབ་པའི་བསླབ་བྱ་གནང་བར་བཀའ་དྲིན་ཆེ། ཡིན་ནའང་འཁོར་ལྷ་ཚང་བསོད་སྟོབས་དང་བློ་བཟང་གྲགས་པ་གཉིས་ནས་བཅད་ཁྲ་ལ་བལྟ་ཀློག་མ་གནང་བར་ཁྱི་རྒན་ཀུ་ཅོ་འདོན་པའི་བྱེད་སྟངས་དེས་བོད་པའི་སྤྱི་ཚོགས་ད་དུང་མུ་མཐུད་དཀྲུགས་མི་ཡོང་ངམ་བསམ་པའི་བློ་འཚབ་ཆེ།

  2. རྒྱ་ཞིང་མྱི་དཀར། says:
    2019-10-24 at 2:43 am

    ཧ་ཅང་གི་ཡག་པོ་བྲིས་གནང་འདུག་ཐུགས་རྗེ་ཆེ།

  3. Sonam says:
    2019-10-24 at 2:43 am

    བདེན་རྒྱབ་བདེན་གནོན་གྱི་དཔྱད་རྩོམ་ཁ་མཆུ་ཨང་ཉི་ཤུ་པའི་ཐོག་མའི་འགོ་འཛུགས་དང་ནོར་ས་འདི་རེད་ཞེས་པའི་དཔྱད་རྩོམ་དེ་ཧ་ཅང་ཡག་པོ་བྲིས་གནང་འདུག དཔྱད་རྩོམ་དེ་སྲིད་སྐྱོང་གཙོས་བཀའ་བླུན་༼བློན་མ་རེད།༽རྣམས་ནས་རློག་དགོས་འདུག གལ་སྲིད་ལས་ཁུངས་དུ་གཞུང་འབྲེལ་བཀླགས་མ་ཐུབ་ནའང་ནང་དུ་ངེས་པར་བཀླགས་དགོས་ཞུ་རྒྱུ་ཡིན། མི་འགའི་ལས་ཀ་ནོར་བ་དེའི་མི་མང་ཉམ་ཆུང་ལ་གཉའ་གནོན་ཐུབ་རྩོད་བཏང་བ་དེ་རྩ་བ་ནས་འགྲིག་གི་མ་རེད་ལ་ལས་རྒྱུ་འབྲས་ལའང་འགྲོ་གི་མ་རེད་ཚང་མས་ཤེས་དགོས་པ་གལ་ཆེའོ།།

  4. གཞུང་པ་ཚེ་དབང་བསིད་ནམས་ says:
    2019-10-24 at 5:43 am

    ཁ་མཆུ་ཨང་ཉི་ཤུ་འདིའི་རྒྱལ་བ་རིན་པོ་ཆེ་བཞུགས་ས་ལ་བཞུགས་མ་བཅུག་པར་ཁོང་ལ་མཛད་དཀའ་མ་བཟོ་རོགས་
    དེ་མིན་སྒེར་གྱི་ལྟོ་གོས་ཆེད་ག་རེ་གནང་གི་ཡོད་ཀྱང་ཁྱད་པར་མི་འདུག་ཐུགས་རྗེའི་གཟིགས།

  5. བཀྲ་ཤིས། says:
    2019-10-24 at 1:18 pm

    ཁ་མཆུ་ཨང་ཉི་ཤུ་པ་འདི་རྩམ་ཐུག་ནང་བཞིན་སྐོལ་གྱིན་གར་དུ་འགྲོ་བཞིན་འདུག འདི་ལྟར་ན་དོན་གཅོད་བསྐོ་གཞག་གི་གླིང་གཞི་ཆེན་པོ་ཡོད་ས་རེད།

  6. ཨ་ཁུ་འབྲོག་པ། says:
    2019-10-24 at 5:39 pm

    དགྲ་ལེན་སློག་བསམ་ཡང་སློག་སྟངས་མི་ཤེས་པསི་མཁས་པས། འཁྲབ་ཚད་གཟིགས་མོར་བསམས་ཏེ་འཁྲབ་པས། སྤྱི་དོན་ནང་ཁུལ་ཆིག་སྒྲིལ་ལ་གསོ་མི་ཐུབ་པའི་གས་ཆག་ཆེན་པོ་ཤོར་བ་དང་། བཀའ་ཤག་གི་མཚན་མཐོང་ལའང་གནོད་པའི་གྱོང་གུན་ཆེན་པོ་ཕོག་པ་རེད། མདོར་ན་བསམ་ཡོད་མང་པོ་ཞིག་གིས་ཉམས་མྱོང་དམན་པའི་ཕོ་གསར་ཁ་བདེ། མགོ་བདེ་འདི་འདྲ་ཞིག་ལ་སྲིད་སྐྱོང་བསྐོས་ན། མགོ་ལོག་ཞིག་རྩེད་རྒྱུ་ཡིན་པའི་ཚོད་དཔག་བྱས་པ་དེ་བདེན་པར་གྱུར་པ་རེད།

  7. བསམ་ཤེས་ says:
    2019-10-25 at 12:21 am

    དང་པོ་ནས་ནོར་སོང་། འཛམ་གླིང་ནང་ལ་ཁྲིམས་རྩོད་ལྷན་ཚོགས་གཙོའི་ལས་འགན་གཙོ་བོ་དེ་མི་མང་གི་ཁེ་ཕན་བསྲུང་སྐྱོབ་བྱས་ནས་སྲིད་གཞུང་གི་དབང་ཡོད་དང་ཐུབ་ཚོད་ལ་ཁ་གཏད་འཇལ་དགོས། ང་ཚོའི་ཁྲིམས་རྩོད་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་གྲགས་པ་དེས་ཁ་མང་མི་མང་ལ་བསློག་ནས་སྲིད་དོན་པ་རུལ་སུངས་དེ་ཚོའི་ཁ་དང་རྐུབ་འགེབ་ཐབས་བྱས་སོང་།

  8. རྒྱ་ཞིང་མྱི་དཀར། says:
    2019-10-25 at 2:46 pm

    ད་ཕྱོགས་གཉིས་ཆ་ནས་སེམས་ཆུང་བྱས་ན་ཡག གང་ལྟར་ཁྲིམས་ནས་ཐག་གཅོད་བྱས་ཚར་རེད་ཁྲིམས་ལུགས་ལྟར་སོང་ན་སྤྱི་ཚོགས་ལ་ལྷིང་འཇགས་ཡོང་ངེས་རེད་མ་གཏོགས་ཡར་བཤད་མར་བཤད་མང་པོ་བྱས་ནས་བསྡད་ན་ནམ་ཞིག་༧གོང་ས་མཆོག་ལ་མཛད་དཀའ་གནང་རྒྱུ་ལས་གཞན་གང་ཡང་མེད།

  9. གཞུང་པ་ཚེ་དབང་བསིད་ནམས་ says:
    2019-10-25 at 7:19 pm

    ཁ་མཆུ་ཨང་ཉི་ཤུ་གི་བཅད་ཁྲ་ཆ་ཚང་ཀློག་ནས་བསམ་ཚུལ་གླེང་
    ཆོག་པ་ཞུ།

  10. ཇ་མ་ says:
    2019-10-25 at 9:53 pm

    བདེན་རྒྱབ་བདེན་གནོན་ལགས། ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།
    ཆེས་ ངུ་དགོད་མི་ངེས་པའི་ བཀའ་ཤག་གི་གྱོད་བཤད་མཁན་ བློ་བཟང་གྲགས་པ་ཟེར་བ་དེ་ཁ་ཕོད་ཆེ་བ་ཙམ་ལས་ དོན་ལ་ལས་ཀ་གང་ཡང་མི་འགྱོན་པ་འདུག ཁོ་རང་རྐང་ལག་ཆད་ཟིན་པ་འདྲ་བོ་འདུག

  11. བཀྲ་ཤིས། says:
    2019-10-25 at 10:34 pm

    ད་ཁ ་མཆུ་འདི་ལ་འབྲེལ་ཐོགས་པ་ཚང་མ་བཟང་སྤྱོད་ཀྱི་སྒོ་ནས་དགོངས་པ་ཞུ་དགོས་རེད།

  12. གཡུ་ཐོག་རྒྱལ་པོ། says:
    2019-10-28 at 10:15 am

    བདེན་པ། ཁྲིམས་ཀྱི་དབང་སྒྱུར། ལས་འབྲས་སོགས་མདོར་ན་མིའི་སེམས་ནང་སིམ་པའི་སྐད་ཆ་ཅི་འདྲ་ཞིག་བཤད་རུང་། རང་རེའི་སྤྱི་ཚོགས་འདིའི་འགོ་འཁྲིད་ཁམས་པ་དང་ཨ་མདོ་བ་སུ་འདྲ་ཞིག་གིས་བྱས་ཀྱང་། ཆོལ་ཁོངས་དེ་གཉིས་ནས་ཡིན་ཕྱིན། ང་ཚོའི་སྤྱི་ཚོགས་འདིར་ཞི་བདེ་ལྷིང་འཇགས་མེད་པ་དཔེ་མཚོན་མང་པོས་ར་སྤྲོད་བྱེད་ཐུབ་ཀྱི་ཡོད། ཆེ་ས་ནས་ལོ་རབས་དྲུག་ཅུ་ནས་རྩིས་ཏེ་ད་ལྟའི་བར་གྱི་རང་རེའི་སྤྱི་ཚོགས་འདིར་སྙོག་ཁྲ་སུས་བཟོས་དང་བཟོ་བཞིན་འདུག དེ་བཞིན་ད་ཡོད་འཛམ་གླིང་ག་སར་ཡོད་པའི་སྙོག་འཛིང་ནང་ལྷུང་བའི་ཚོགས་སྡེ་དེ་དག་གི་འགོ་ཁྲིད་དེ་ཚོར་ལྟོས་དང་། གང་དུ་ཁམས་པ་དང་ཨ་མདོའི་སྣེ་ཁྲིད་པ་མཉམ་དུ་ཡོད་ཕྱིན་དེར་སྙོག་རྫིང་ཡོད་པ་གཏན་འཁེལ་བ་རེད། རྒྱུ་མཚན་ཅི་ཡིན་མི་ཤེས། གཅིག་བྱས་ན་ཆི་ཚོས་ཤེས་ཀྱི་མེད་པ་འདྲ།

  13. གཡུ་ཐོག་རྒྱལ་པོ། says:
    2019-10-28 at 10:15 am

    བདེན་པ། ཁྲིམས་ཀྱི་དབང་སྒྱུར། ལས་འབྲས་སོགས་མདོར་ན་མིའི་སེམས་ནང་སིམ་པའི་སྐད་ཆ་ཅི་འདྲ་ཞིག་བཤད་རུང་། རང་རེའི་སྤྱི་ཚོགས་འདིའི་འགོ་འཁྲིད་ཁམས་པ་དང་ཨ་མདོ་བ་སུ་འདྲ་ཞིག་གིས་བྱས་ཀྱང་། ཆོལ་ཁོངས་དེ་གཉིས་ནས་ཡིན་ཕྱིན། ང་ཚོའི་སྤྱི་ཚོགས་འདིར་ཞི་བདེ་ལྷིང་འཇགས་མེད་པ་དཔེ་མཚོན་མང་པོས་ར་སྤྲོད་བྱེད་ཐུབ་ཀྱི་ཡོད། ཆེ་ས་ནས་ལོ་རབས་དྲུག་ཅུ་ནས་རྩིས་ཏེ་ད་ལྟའི་བར་གྱི་རང་རེའི་སྤྱི་ཚོགས་འདིར་སྙོག་ཁྲ་སུས་བཟོས་དང་བཟོ་བཞིན་འདུག དེ་བཞིན་ད་ཡོད་འཛམ་གླིང་ག་སར་ཡོད་པའི་སྙོག་འཛིང་ནང་ལྷུང་བའི་ཚོགས་སྡེ་དེ་དག་གི་འགོ་ཁྲིད་དེ་ཚོར་ལྟོས་དང་། གང་དུ་ཁམས་པ་དང་ཨ་མདོའི་སྣེ་ཁྲིད་པ་མཉམ་དུ་ཡོད་ཕྱིན་དེར་སྙོག་རྫིང་ཡོད་པ་གཏན་འཁེལ་བ་རེད། རྒྱུ་མཚན་ཅི་ཡིན་མི་ཤེས། གཅིག་བྱས་ན་ཆི་ཚོས་ཤེས་ཀྱི་མེད་པ་འདྲ།

  14. འཚུབ་ཐེལ། says:
    2019-10-28 at 11:48 am

    བཀའ་ཤག་གི་མགྲིན་ཚབ་པ་དང་ཁྲིམས་རྩོད་པའི་སྐད་ཆ་དེ་དུས་དང་གནས་སྐབས་གང་ལ་བལྟས་ཀྱང་ཤིན་ཏུ་ནས་མ་རན་པ་ཞིག་རེད། འོན་ཀྱང་ཁོ་ཅག་གིས་མཇུག་འབྲས་སོགས་གང་ལའང་ཐུགས་བསམ་མ་བཞེས་པར་ཁ་ཐུག་གི་སྐད་སྒྲའི་མཐོ་དམན་དང་རྒྱབ་སྐྱོར་བར་ཤོག་གུ་རླུང་འཚང་གི་དམིགས་ཡུལ་ཁོ་ན་གཙོ་བོར་བཟུང་ནས་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དེ་ལས་འབྲས་དང་མཐུན་པ་ཞིག་མ་བྱུང་ཚུར་གསུངས་སོང་། དྲང་བདེན་བྱུང་མིན་ཐག་གཅོད་གནང་མཁན་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡིན་པ་ལས་བཀའ་ཤག་མ་རེད། དེར་མ་ཟད་ཆེས་ཐོག་མར་ཁྲིམས་ཁང་ལ་ཕེབས་ཤོག་གསུངས་མཁན་ཡང་བཀའ་ཤག་ཡིན་པ་ལས་ཞུ་སྦྱོར་བ་མ་རེད། རང་གིས་ཉེས་པ་གང་འདྲ་ཞིག་བསགས་ཡོད་མེད་སྔོན་ཚུད་ནས་ཤེས་བཞིན་ཏུ་མི་མང་གི་བློ་སྣ་བྲིད་ཐབས་ཀྱི་གཡོ་ཇུས་གཤོམ་བཞིན་འདུག་པ་འདི་ནི་དོན་གཅོད་ཟུར་པར་བཙུགས་པའི་ནག་ཉེས་དེ་ལས་ཀྱང་ཉེས་པ་ཆེ་བ་རེད། སོང་ཙང་བོད་མིའི་ཆིག་སྒྲིལ་ལ་བསམ་བློ་གཏོང་མཁན་ཚོས་ངེས་པར་དུ་ཁྲིམས་ཁང་གི་བཅད་ཁྲ་ལ་བརྩི་འཇོག་གནང་དགོས་པ་ལས་གྱོད་ཡ་ཕན་ཚུན་གྱི་སྐད་ཆ་ཉ་ཉོག་དག་ལ་དོ་སྣང་བྱེད་དགོས་དོན་མེད།

  15. འོད་ཟེར་མེ་ལོང་། says:
    2019-10-28 at 7:01 pm

    བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ཟེར་བ་དེ་དེ་སྔོན་སུ་ཇ་སློབ་གྲྭར་ཡོད་དུས་དོལ་རྒྱལ་པ་ཞིག་ཡིན་པ་ཡོངས་གྲགས་རེད། དེ་བཀའ་ཤག་གིས་མ་མཁྱེན་པ་རེད་དམ་ཡང་ན་་་་་

  16. ཨོ་རྒྱན་སྐྱབས། says:
    2019-10-29 at 11:29 am

    བློ་སེང་བོད་མིའི་མགོ་རེད།
    རྨ་ཁ་ཡོད་ཀྱང་སྲུང་དགོས།
    ཆིག་སྒྲིལ་མེད་པའི་སྤྱི་ཚོགས།
    གཞན་གྱི་ཞིང་བྲན་ཡིན་ནོ།

    ལྷ་ཀླུང་དཔལ་གྱི་རྡོ་རྗེས།
    བཙན་པོའི་མགོ་ལ་བརྒྱབ་ནས།
    ལོ་ངོ་སྟོང་ཕྲག་འགའ་ལ།
    ང་ཚོས་མྱངས་པ་བརྗེད་དམ།

    ཆིག་སྒྲིལ་མེད་པའི་སྐྱོན་དང་།
    ནང་ཁུལ་བརྩོད་པའི་མི་ཡིས།
    སྔོན་ཡང་རྒྱལ་ཁབ་བཤིག་སོང་།
    ད་དུང་འཇིག་བཞིན་འདུག་གོ།

  17. gangseng zlamed says:
    2019-10-30 at 1:44 pm

    ཕྱག་རོགས་བཀའ་བློན་རྣམ་པས་ཀྱང་མགོ་རུལ་རྣ་བས་མ་ཚོར་བར་ལགས་སོ་དང་ལགས་སོ་མ་གཏོགས་བདེན་རྫུན་རྣམ་དབྱེ་མ་ཐུབ་པ་དཔེ་རེད།

  18. sonam says:
    2019-10-31 at 7:25 am

    ད་ང་ཚོ་མི་མང་རྣམས་ནས་སྲིད་སྐྱིད་གཙོས་བཀའ་བླུན་ཚང་མར་གུས་བརྩི་ཞུ་ཐུབ་པ་མི་འདུག་གོ སུ་དགོངས་པ་ཚོམ་ན་ཚོམ། བཟང་པོའི་ཞོར་ལ་ཇ་ཆང་དང་ངན་པའི་ཞོར་ལ་ག་རེ་ཡོད་རེད་པས།།།

  19. མཛོ། says:
    2019-11-01 at 1:48 am

    ཡག་པོ་བྲིས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme