Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ཁ་ཤགས་སྒྱུ་རྩལ་གྱི་བྱུང་རིམ་ལ་རགས་ཙམ་དཔྱད་པ།

Posted on 2019-08-13 By ཁ་བརྡ 8 Comments on བོད་ཀྱི་ཁ་ཤགས་སྒྱུ་རྩལ་གྱི་བྱུང་རིམ་ལ་རགས་ཙམ་དཔྱད་པ།

ཙ་རྐང་དྲུག་གིས།
 

སྔོན་དུ་གླེང་བའི་གཏམ།

སྤྱིར་ཁ་ཤགས་སྒྱུ་རྩལ་གྱི་ལོ་རྒྱུས་འཕེལ་རིམ་ལ་ཞིབ་ཏུ་རྟོགས་དགོས་ཚེ། འཛམ་གླིང་ཤར་ནུབ་ཀུན་གྱི་ཁ་ཤགས་སྒྱུ་རྩལ་ལ་ཞིབ་འཇུག་རྣལ་མ་ཞིག་མ་བྱས་ན་རྟོགས་ཐབས་བྲལ་མོད། སྒྱུ་རྩལ་གྱི་སྙིང་བཅུད་བསྡུ་ལེན་བྱས་ཏེ་མི་རིགས་ཀྱི་རིག་གནས་ཡར་རྒྱས་སུ་གཏོང་དགོས་ཚེ། ང་ཚོས་ངེས་པར་སྒྱུ་རྩལ་གྱི་ཕྱོགས་ཡོངས་ནས་འཐུས་ཚང་དུ་གཏོང་དགོས་ཡོད། མ་གཞི་ནས་ང་ཚོར་སྒྱུ་རྩལ་གཞུང་ལུགས་ཀྱི་མ་རྩ་སྟོང་བས་སྒྱུ་རྩལ་གྱི་ཤེས་རྟོག་དང་སྒྱུ་རྩལ་གྱི་མཛེས་འཛིན་བལྟ་སྟངས། སྒྱུ་རྩལ་གྱི་བསམ་བློའི་གོ་རྟོགས། སྒྱུ་རྩལ་གྱི་ངོ་བོ། སྒྱུ་རྩལ་གྱི་ཁྱད་ཆོས། སྒྱུ་རྩལ་གྱི་ཉམས་སོགས་གོ་བདེ་བོ་ཞིག་གི་སྟེང་ནས་ར་འཕྲོད་རྒྱུ་ནི་ཅུང་ཙམ་དཀའ་མོ་ཞིག་ཏུ་སྣང་མོད། དེ་ལྟ་བུའི་སྒྱུ་རྩལ་འཚོལ་སྙེག་བྱེད་པའི་ལམ་བུ་ནི་ཤིན་ཏུ་གུ་དོག་ན་ཡང་། དེ་རིང་ངས་བོད་ཀྱི་ཁ་ཤགས་སྒྱུ་རྩལ་གྱི་ཆེད་དུ། འཁྱར་འཁྱོར་གྱི་གོམ་པ་གཅིག་མདུན་དུ་སྤོ་འདོད་བྱུང་།

ཁ་ཤགས་སྒྱུ་རྩལ་གྱི་གོ་དོན།

སྤྱིར་ཁ་ཤགས་སྒྱུ་རྩལ་ལ་འཛམ་གླིང་ཤར་ནུབ་ཀུན་པོས་རང་རང་གི་ལུགས་སམ་ལྟ་ཚུལ་ཅིག་གིས་གོ་དོན་མི་འདྲ་བ་སྟོང་ཕྲག་ལྷག་མཐོང་རྒྱུ་ཡོད་ཅིང་། དེ་དག་ལ་ཡང་དེ་དག་གི་ཁྱད་ཆོས་དང་དེ་དག་གི་རིན་ཐང་ལྟ་ཚུལ། དེ་དག་གི་བསམ་བློའི་མཛེས་འཛིན་དང་དེ་དག་གི་འཚོ་བའི་རྒྱབ་ལྗོངས་སྟོན་ཚུལ་སོགས། མདོར་ན། དེ་དག་ལ་དེ་དག་གི་བཤད་ཚུལ་ཞིག་དང་དེ་དག་གི་བསྐྲུན་ཚུལ་རེ་རེ་ཡོད་མོད། འོན་ཀྱང་། ཁོ་བོས་འདིར་བོད་ཀྱི་ཁ་ཤགས་སྒྱུ་རྩལ་ཞེས་པ་ནི་འཚོ་བའི་གསེང་ནས་སྐད་བརྡ་རིག་པའི་ཁྲོད་དུ་གསར་བཟོའམ་གསར་བཏོད་བྱས་པའི་སྐད་ཆའི་སྒྱུ་རྩལ་ཞིག་གི་གྲུབ་སྟོན་ནམ། ཡང་ན་སྐད་ཆ་གང་ཞིག་གིས་སྤྱི་ཚོགས་ཀྱི་གནད་དོན་ག་གེ་མོ་རེ་ཐེར་འདོན་བྱས་ཏེ་མིའི་སེམས་ཁམས་ལ་གཡོ་འགུལ་ཐེབས་པའི་ཚོར་བ་ཞིག་སྦྱིན་ཐུབ་ན་དེ་ནི་ཁ་ཤགས་སྒྱུ་རྩལ་ཞིག་ཏུ་ངོས་འཛིན་བྱས་ནས་ཡོད།

བོད་ཀྱི་ཁ་ཤགས་སྒྱུ་རྩལ་གྱི་བྱུང་རིམ་སྐོར་ཅུང་ཙམ་གླེང་བ།

༡ བོད་ཀྱི་ཁ་ཤགས་ཀྱི་འཁྲབ་གཞུང་སྐོར་ཅུང་ཙམ་བཤད་པ།

དེང་སྐབས་མི་རྣམས་ཀྱིས་བོད་ཀྱི་ཁ་ཤགས་སྒྱུ་རྩལ་ནི་རྒྱའི་ 相声 ཞེས་བྱ་བ་དེ་ནས་བོད་ཡུལ་དུ་ནང་འདྲེན་བྱས་པར་འདོད་མཁན་དཔེར་ན། 《 མང་ཚོགས་སྒྱུ་རྩལ། 》 ལས། “ཁ་ཤགས་ཞེས་པའི་སྨྲ་སྒོ་གཅིག་ཅན་ནམ་གཉིས་ཅན་ཏེ་འཁྲབ་སྟོན་པ་གཅིག་གམ་གཉིས་ཅན་གྱིས་སྨྲ་རྩལ་ངོམ་ནས་གདོང་ཞལ་ནས་རྣམ་འགྱུར་དང། རྐང་ལག་གིས་སྟངས་སྟབས་བསྒྱུར་ཏེ་ལྟད་མོ་པའི་མདུན་དུ་འཁྲབ་སྟོན་བྱེད་པའི་ཟློས་གར་གྱི་རྣམ་པ་ཅན་གྱི་སྒྱུ་རྩལ་འདི་ནི་དུས་རབས་གོང་མའི་སྨད་ཀྱི་ཆར་རྒྱ་རིགས་ཀྱི་ཞང་ཧྲིན 相声 ཞེས་པའི་འཁྲབ་སྟོན་སྒྱུ་རྩལ་ལས་བོད་ཡུལ་དུ་མཆེད་པ་ཞིག་ཡིན།”1 ཞེས་བཀོད་ཡོད་ན་ཡང་། ཁོ་བོས་བསམ་ན་དེ་ནི་རྒྱ་ནག་གི་ 相声 ཞེས་པ་དེར་རྒྱུས་མངའ་མེད་པར་གང་འདོད་དུ་བཤད་པའི་གཏམ་ཞིག་ཡིན་པར་འདོད། སྤྱིར་བོད་ཀྱི་ “ཁ་ཤགས” ཞེས་པའི་ཐ་སྙད་འདི་ནི་ཕྱི་ལོ་ ༡༩༨༠ ལོར་དཔལ་དོན་གྲུབ་རྒྱལ་མཆོག་གིས་བརྩམས་པའི་ 《 བོད་ཡིག་སློབ་པ། 》 ཞེས་པའི་ཁ་ཤགས་འཁྲབ་གཞུང་དེ་ནས་དར་བ་ཞིག་ཡིན་པར་འདོད་མོད། དེའི་སྔོན་ “ཁ་ཤགས” ཞེས་པའི་ཐ་སྙད་དེ་བོད་ཡུལ་དུ་མེད་ན་ཡང་ “ཁ་ཤགས” ཀྱི་སོན་སྨྱུག་ནི་སྔ་མོ་ཞིག་ནས་ཡོད་འདུག་པ་དང་། དེར་མ་ཟད་ཁ་ཤགས་ཀྱི་འཁྲབ་གཞུང་ཡང་དུས་རབས་བཅུ་བདུན་པའི་མཇུག་སྟེ་ཕྱི་ལོ་ ༡༨༠༠ ལོར་གུང་ཐང་བསྟན་པའི་སྒྲོན་མེས་བརྩམས་པའི་ 《 ཇ་མཆོད། 》 ཅེས་པའི་འཁྲབ་གཞུང་དང་། དེ་ཡི་གོང་རོལ་ན་ཤགས་དང་གླུ་ཤགས་སོགས། མདོར་བསྡུས་ཏེ་བཤད་ན། བོད་ཀྱི་སྐད་ཆའི་སྒྱུ་རྩལ་གྱི་ཐོག་མ་ནི་འདིའོ་ཞེས་གཏན་ཚིག་བརྗོད་མི་ཐུབ་པས། གནའ་བོའི་དམངས་ཁྲོད་ཀྱི་གླུ་ཤགས་དང་། དགོན་སྡེ་ཁག་གི་ཤགས། དེང་གི་སྤྱི་ཚོགས་ཁྲོད་ཀྱི་ཁ་ཤགས་སོགས་ཀྱི་རྩ་བའི་རྣམ་པ་ཅུང་ཙམ་མི་འདྲ་ན་ཡང་། རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་པར་རྟོགས་དགོས་སོ།།

༢ རྒྱའི་ཁ་ཤགས་བྱུང་རིམ་དང་འཁྲབ་གཞུང་གི་སྐོར་ཅུང་ཙམ་བཤད་པ།

རྒྱ་ནག་གི་ཁ་ཤགས་ཀྱི་འཕེལ་རྒྱས་ལ་དུས་མཚམས་གསུམ་དུ་དབྱེ་ཡོད་ལ། དང་པོ། སྲོལ་རྒྱུན་ཁ་ཤགས། ཆིན་རྒྱལ་རབས་ཀྱི་མཇུག་ནས་མིན་རྒྱལ་རབས་བར་དུ། གཉིས་པ། ཁ་ཤགས་གསར་བ ༡༩༤༩ ནས་འགོ་ཚུགས་པ་ཡིན། གསུམ་པ། དེང་རབས་ཁ་ཤགས་འདི་ནི་ ༡༩༨༠ ནས་ད་ལྟའི་བར་དུ་ཡིན།
相声ཞེས་པ་འདི་ནི་རྒྱའི་ཁ་ཤགས་ཡིན་ཏེ་ཀྲོང་གོའི་ “曲艺表演艺术” གཞས་མ་གཏམ་གྱི་སྒྱུ་རྩལ་འཁྲབ་སྟོན་མིང་གྲགས་ཅན་ཞིག་རེད། རྒྱའི་ཁ་ཤགས་ལོ་རྒྱུས་ནང་ཁ་ཤགས་ཀྱི་རྒྱུད་རིམ་མི་འདྲ་བ་གསུམ་དུ་ངེས་འཛིན་བྱེད་ཀྱིན་ཡོད་ལ། དེ་ཡང་འགྱུར་བའི་དུས་རིམ་མི་འདྲ་བ་གསུམ་གྱི་ནང་དུ་ཡིག་གཟུགས་ཀྱང་མི་འདྲ་བ་གསུམ་བྱུང་ཡོད་འདུག གནའ་བོའི་དུས་སུ་ཁ་ཤགས་འདིའི་མིང་ལ་ 像生 འདི་ལྟར་འབྲི་བ་ཡིན་ཏེ། དེ་ནི་དེང་ཐོག་གཞན་གྱི་གཏམ་གླེང་དང་བྱ་སྤྱོད་ལད་ཟློས་ཞིག་གི་རྣམ་པ་ཁོ་ན་ཡིན། རྗེས་སུ་རིམ་གྱིས་象声དུ་འགྱུར་ཏེ། དེང་གི་དུས་ན་ཡོངས་གྲགས་སུ་相声འབོད།
དེ་ལྟ་བའི་ཡོངས་གྲགས་སུ་相声འབོད་པའི་གཞས་མ་གཏམ་གྱི་ཁ་ཤགས་འདི་ནི་དེང་ཐོག་ཀྲོང་གོའི་བྱང་རྒྱུད་ཀྱི་དམངས་ཁྲོད་ནས་དར་བ་ཞིག་ཡིན་འདུག མིན་རྒྱལ་རབས་ཀྱི་སྐབས་ནས་དར་ཁྱབ་ཕྱིན་ཏེ། ཆིན་རྒྱལ་རབས་རྒྱུད་ནས་མི་སེར་རྒྱལ་ཁབ་བར་དུ་འཕེལ་རྒྱས་ཀྱི་རྣམ་པ་ཤིན་ཏུ་ཆེ་བ་ཡིན། དེ་ལྟ་བའི་ཁ་ཤགས་སྒྱུ་རྩལ་དེ་ག་ལེར་ 单口笑话 མི་གཅིག་གིས་ཁེར་བཤད་ལད་ཟློས་ཁ་ཤགས་སྒྱུ་རྩལ་དུ་གྱུར། སྐབས་དེ་ནས་བཟུང་རྒྱའི་ཁ་ཤགས་ཀྱི་མིང་ལ་ 相声 འབྲི་ཞིང་། དེའི་སྟབས་ཀྱིས་གོང་གི་ 单口笑话 དེ་ཡང་ 单口相声 དུ་འབོད། དེ་ནས་རིམ་བཞིན་ཁ་ཤགས་ཁེར་བཤད་ནས་ཉིས་བཤད་ (མི་གཉིས་ཀྱིས་བཤད་པ།) སུམ་བཤད། (མི་གསུམ་གྱི་ཡན་ཆོད་ཀྱིས་བཤད་པ། དཔེར་ན་ཁྱིམ་གཅིག་གི་བཟའ་ཚང་བར་གྱི་བཞད་གད་འཁྲབ་པ་སོགས།) དེ་ནས་བཟུང་དེ་དག་ཚང་མའི་སྤྱི་མིང་ལ་མིང་དོན་མཚུངས་པའི་ 相声 དུ་འབོད། དེ་ནས་འཕེལ་རྒྱས་ལོ་དུ་མ་ཞིག་ལ་ཕྱིན་པའི་རྗེས་སུ། མི་གཉིས་ཀྱིས་བཤད་པའི་ཁ་ཤགས་དེ་ནི་མི་རྣམས་ཆེས་དགའ་བའི་ཁ་ཤགས་ཤིག་ཏུ་གྱུར་བ་རེད།

༣ བོད་རྒྱ་གཉིས་ཀྱི་ཁ་ཤགས་བསྡུར་བའི་མཇུག་འབྲས།

དེ་ན་སྐབས་འདིར་བོད་རྒྱ་གཉིས་ཀྱི་ཁ་ཤགས་དང་ཁ་ཤགས་ཀྱི་འཁྲབ་གཞུང་སོགས་གང་ནས་གཞལ་ཀྱང་བོད་སྔ་རབས་ཡིན་པ་གཤམ་གསལ།
རྒྱའི་ཁ་ཤགས་འཁྲབ་གཞུང་ཐོག་མ་དེ་ནི་ཕྱི་ལོ་ ༡༨༦༡ ལོར་གཞི་ནས་བརྩམས་ཡོད་པ་དང་། དེའི་སྔོན་དུ་རྒྱ་ནག་ལ་ཁ་ཤགས་འཁྲབ་གཞུང་མེད་པ་དེ་གསལ་བོ་རེད། དེའི་ཕྱིར་ཁ་ཤགས་འཁྲབ་གཞུང་གི་ཕྱོགས་ནས་བལྟས་ན་ཡང་གོང་སྨྲས་དེར་བདེན་དཔང་བྱ་ཐུབ་པ་ཞིག་ནི་དེ་ནས་རྩིས་པའི་ལོ་རབས་ལྔའི་གོང་ནས་བོད་ལ་ཁ་ཤགས་འཁྲབ་གཞུང་ཡོད་པ་དེ་ཡིས་འགྲེལ་ལོ།།

བོད་ཀྱི་ཁ་ཤགས་སྒྱུ་རྩལ་གྱི་ཁྱད་ཆོས།

ཁ་ཤགས་སྒྱུ་རྩལ་གྱི་ཁྱད་ཆོས་གཙོ་བོ་ནི་སྒྱུ་རྩལ་གྱི་སྐད་ཆ་རེ་རེ་ཡིས་མི་རྣམས་དགོད་སློང་བའི་ནུས་པ་ཡོད་ལ། སྐད་ཆའི་ཚིག་འབྲུ་རེ་རེ་ཡི་ཁྲོད་ན་བསམ་གཞིག་གི་རིན་ཐང་རེ་རེ་ལྡན་པ་ཡིན། ད་དུང་མི་རིགས་ཤིག་གི་འཚོ་བའི་གོམས་གཤིས་དང་བསམ་བློའི་ཀུན་སྤྱོད་དངོས་མ་དེ་མཚོན་ཐུབ་དགོས་ལ། ཁ་ཤགས་ཀྱི་མགོ་མཇུག་བར་གསུམ་ན་གཏན་ཚིགས་ཀྱི་གཞུང་ལུགས་དང་མཐུན་པའི་སྒྱུ་རྩལ་གྱི་ཆ་ཤིན་ཏུ་མང་དགོས་སོ།།

སྤྱིར་མི་རྣམས་ཀྱིས་སྐད་ཆ་བཤད་ཤེས་པ་ནས་བཟུང་སྐད་ཆའི་སྒྱུ་རྩལ་དེ་ཡང་ཅིག་ཅར་དུ་སླེབས་ཡོད་པའི་འཁྲུལ་སྣང་ཞིག་ཏུ་རློམ་འདུག་པ་ནི་དེང་གི་མི་བུ་ཕལ་མོ་ཆེ་ཡིས་འདོད་ཚུལ་ཡིན་མོད། འོན་ཀྱང་དོན་དངོས་ནི་དེ་ལྟ་མ་ཡིན་ཏེ། མི་ཁག་ཅིག་ལ་རང་བཞིན་ལྷན་སྐྱེས་ཀྱིས་སྒྱུ་རྩལ་གྱི་སེམས་ཁམས་ལྡན་པའི་ཐོག རང་ཉིད་ཀྱི་དགའ་ཕྱོགས་དང་མཐུན་པའི་འཚོ་བའི་སྣང་ཚུལ་རེ་རེ་ལ་དེ་བས་ཀྱང་ཉམས་འགྱུར་སྣ་ཚོགས་ཀྱིས་བརྒྱན་པར་བྱས་ན་ད་གཟོད་ཉན་མཁན་ལ་མྱོང་རོལ་གྱི་རིན་ཐང་ཆེ་ཆེར་འཕེལ་བ་ཡིན། དཔེར་ན། སྒྱུ་རྩལ་པ་སྨན་བླ་སྐྱབས་ཀྱི་ཁ་ཤགས་སྒྱུ་རྩལ་ནི་སྤྱི་ཚོགས་འཚོ་བའི་མེ་ལོང་ལྟ་བུ་ཞིག་ཡིན་ལ། སྒྱུ་རྩལ་པ་ཁོང་གི་ཁ་ཤགས་སྒྱུ་རྩལ་གྱི་ཁྱད་ཆོས་ནི་གནད་འགག་ཅན་གྱི་སྐད་ཆ་གང་ཞིག་སྒྱུ་རྩལ་གྱི་ལམ་ནས་མི་ལ་དགོད་ཁ་སློང་ཞོར་སྤྱི་ཚོགས་སྟེང་གི་གནད་དོན་འབའ་ཞིག་ཐེར་འདོན་བྱས་ཡོད་པ་དང་། མི་ལེགས་པའི་བྱ་བ་དུ་མ་ཞིག་ལ་སྐྱོན་བརྗོད་ཀྱི་ལམ་ནས་བཀག་འགོག་དང་བཟང་སྤྱོད་ལ་བསྟོད་བསྔགས་བྱས་ཏེ། སྤྱོད་ངན་ལ་སྨད་པ་གཏོང་ཡོད། མཚམས་མཚམས་སུ་ཁོང་གི་ཁ་ཤགས་ལས། ཟུར་ཟའི་ཚིག་རྩུབ་རེ་སྨྲས་ཀྱང་ཁ་ཤགས་སྒྱུ་རྩལ་ལ་བཞད་གད་ཀྱི་ཉམས་ཡོད་པས་ཉན་མཁན་རྣམས་ཁྲོ་བར་མི་བྱེད་པ་ཡིན། དེ་ནི་བོད་ཀྱི་ཁ་ཤགས་སྒྱུ་རྩལ་གྱི་ཁྱད་ཆོས་ཡིན་ནོ།།

བོད་ཀྱི་ཁ་ཤགས་སྒྱུ་རྩལ་གྱི་ཁྱབ་ཁུངས།

དག་གསར་ལས་ “ཁ་ཤགས། ཕན་ཚུན་ཀུ་རེ་བརྩེ་(རྩེས་)བའམ་ཟུར་ཟ་བྱེད་པའི་ཚིག་གི་མིང་།” ཞེས་དང་། “ཟློས་གར། ངག་ནས་ཚིག་དབྱངས་སུ་གྱེར་ཞིང་ལུས་ཀྱིས་གར་འཁྲབ་པའི་རིག་རྩལ་གྱི་རྣམ་པ་ཞིག་གི་མིང་།” ཅེས་དང་། བོད་རྒྱ་ཚིག་མཛོད་ལས་ “ཁ་ཤགས། ཀྱལ་ཀའི་སྒོ་ནས་ཤགས་འགྱེད་པ།” “བཞད་གད། མིང་གི་རྣམ་གྲངས་ལ་ཀུ་རེ།” ཅེས་དང་། ཡང་རེ་ཟུང་གིས་ཁ་ཤགས་དང་གར་ཆུང་། ཟློས་གར། བཞད་གད་སོགས་དོན་གཅིག་ཏུ་འདོད་མཁན་ཡང་ཡོད། སྨན་བླ་སྐྱབས་ཀྱིས་ “གློག་བརྙན་དང་ཟློས་གར་སློབ་གླིང་དག་ཏུ་རྩོམ་འཁྲིད་འཁྲབ་གསུམ་གྱི་ཆེད་ལས་སློབ་གཉེར་པའི་སྔོན་འགྲོའི་སློབ་ཚན་སྟེ། སྐད་སྒྲའི་གར་ཆུང་དང་། མི་སྣའི་གར་ཆུང་དང་། འཁྲབ་ཆས་གར་ཆུང་སོགས་མང་པོ་ཡོད་པ་དང་། བརྗོད་བྱ་གང་རུང་ཞིག་ཟློས་གར་འཁྲབ་ཚན་ཞིག་གི་ནང་ནས་མགོ་མཇུག་བར་སྐེད་ཚང་བའི་སྒོ་ནས་འཁྲབ་ཐུབ་པ་བྱ་དགོས། དེ་ཡང་བཞད་གར་རམ་སྤྲོ་གར་ Comedy དང་། ཟློས་གར་ Drama དང་། སྐྱོ་གར་ Tragedy དང་བཅས་རིགས་ཆེ་བ་གསུམ་ལས། སྔ་མར་གཏོགས་ན་བཞད་གར་རམ་བཞད་གད་ཟློས་གར་ཟེར་དགོས་ཤིང་། ཕྱི་མ་གཉིས་སུ་གཏོགས་ཚེ་གར་ཆུང་ཞེས་ན་འགྲིག འདིའི་འབྱུང་ཁུངས་དང་གཏོགས་ཁུངས་གཉིས་ཀ་འཛམ་བུ་གླིང་གི་ཟློས་གར་གྱི་གཞུང་ལ་གཏུགས་ཆོག་པ་རེད། ངས་སྐབས་སྐབས་སུ་སྔ་མའི་ཁོངས་སུ་ཕྱི་མ་གཉིས་ཀྱི་གྲུབ་ཆའང་བསྡུ་རུབ་ཀྱིས་ཚོད་ལྟ་བྱས་མྱོང་སྟེ། རང་ཅག་ལ་མཚོན་ན་ཕྱི་མ་གཉིས་ནི་ཤིན་ཏུ་དགོས་གལ་ཆེ་བར་མཐོང་།”2 འདིར་ང་ཚོས་རྟོགས་ཐུབ་པ་ཞིག་ལ་ཁ་ཤགས་ནི་སྐད་ཆའི་སྒྱུ་རྩལ་ཅིག་སྟེ། སྤྱི་ཚོགས་ཁྲོད་ཀྱི་མཛེས་བཟང་བཙོག་གསུམ་གྱི་རྣམ་པ་འདུས་ཡོད། ཁ་ཤགས་སྒྱུ་རྩལ་གྱིས་མིའི་ཡིད་སེམས་རབ་ཏུ་འགུག་སླད་དུ་ཐོག་མར་འཁྲབ་གཞུང་དོན་སྙིང་ལྡན་པ་ཞིག་འབྲི་དགོས་ལ། དེ་ནས་སྐད་ཆའི་སྒྱུ་རྩལ་གྱིས་ཚད་ངེས་ཅན་ཞིག་ལ་བསྐྱལ་ཐུབ་ན། གཟོད་ནས་མང་དོན་མཚུངས་པའི་བོད་ཀྱི་ཁ་ཤགས་སྒྱུ་རྩལ་ཡིན་ནོ།།

ཁ་ཤགས་སྒྱུ་རྩལ་ལ་བལྟ་སྟངས་རོབ་ཙམ་གླེང་བ།

སྤྱིར་ཁ་ཤགས་སྒྱུ་རྩལ་གྱི་ཁྱབ་ཁོངས་སུ་དབྱེ་ན་བགྲང་གིས་མི་ལོན་པ་ཞིག་ཡོད་ན་ཡང་། འདིར་རགས་རིམ་ཞིག་བརྗོད་ན། ཁ་ཤགས་ནི་སྐད་ཆའི་སྒྱུ་རྩལ་ཅིག་ཡིན་པས། སྐད་ཆ་རང་བཞིན་གྱི་སྒྱུ་རྩལ་དང་སྐད་ཆ་བཅོས་མའི་སྒྱུ་རྩལ་ཅེས་གཉིས་སུ་ཕྱེ་ན་ཆོག་པར་སྙམ་སྟེ། དེ་གཉིས་ཀྱི་ནང་གསེས་ལ། ངག་ལ་འཇམ་རྩུབ་ཀྱི་སྒྱུ་རྩལ། ཚིག་གི་སྡེབ་སྦྱོར་གྱི་སྒྱུ་རྩལ། སྐད་ཆའི་དག་ཆ་དང་བཤད་སྟངས་ཀྱི་སྒྱུ་རྩལ། ཁ་ཤགས་འཁྲབ་པའི་སྐབས་སུ་འཁྲབ་སྟོན་སྒྱུ་རྩལ་ལ། གར་གྱི་སྟངས་སྟབས་ཀྱི་སྒྱུ་རྩལ། ལུས་ཀྱི་རྣམ་འགྱུར་གྱི་སྒྱུ་རྩལ་སོགས། དཔེར་ན། མེ་ལོང་མའི་ཉམས་ལྡན་རྒྱན་གྱི་སྐབས་སུ། ཉམས་ལ་སྤྲོ་ཉམས་ཀྱི་སྒྱུ་རྩལ། སྐྱོ་ཉམས་ཀྱི་སྒྱུ་རྩལ། དགའ་སྐྱོ་ཟུང་འབྲེལ་གྱི་སྒྱུ་རྩལ། དྲག་པའམ་ཁྲོ་བའི་ཉམས་ཀྱི་སྒྱུ་རྩལ། དཔའ་བའི་ཉམས་དང་སྙིང་རྗེའི་ཉམས་ཀྱི་སྒྱུ་རྩལ། སྒྱུ་རྩལ་ཅིག་ཡིན་ན། གོང་བཀོད་དེ་དག་གི་སྐབས་སུ་དགའ་འོས་དུས་དགོད་ཐུབ་དགོས་པ་དང་། སེམས་སྡུག་དུས་ངུ་ཐུབ་དགོས། གཞན་ཡང་ཁྲོ་ཉམས་ཀྱི་སྐབས་སུ་མིག་རྩ་དམར་པོར་འགྱུར་ཐུབ་པའི་སྒྱུ་རྩལ་དང་། སྐྲག་ཉམས་ཀྱི་སྐབས་སུ་ལུས་ཀྱི་བ་སྤུ་གྱེན་དུ་ལངས་པའི་སྒྱུ་རྩལ་སོགས་མདོར་ན་མ་ཚང་བ་མེད་པ་ཞིག་ཡིན་དགོས། དེ་བྱས་ན་ད་གཟོད་གཞི་ནས་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པ་ཡིན་ནོ།།

དེ་བས་སྤྱི་ཚོགས་ཀྱི་སྐད་ཆའི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་དགོད་བྲོའི་གཏམ་གླེང་ཡིན་ཀྱང་ཆོག ཡིག་ཐོག་ཏུ་ཕབ་པའི་སྒྱུ་རྩལ་འཁྲབ་གཞུང་ཞིག་གི་རྒན་གཞོན་ཡིན་ཡང་རུང་། བོད་ཀྱི་ཁ་ཤགས་ནི་ངག་རྩལ་ལས་བྱུང་བའི་སྒྱུ་རྩལ་གྱི་ཉམས་ཤིག་སྟེ། སྐད་ཆའི་ཚིག་འབྲུ་རེ་རེ་ཡི་ཁྲོད་ནས་བསམ་གཞིག་གི་རིན་ཐང་ལྡན་པར་གཏོང་ཐུབ་ཡོད་ལ། མི་རིགས་ཤིག་གི་འཚོ་བའི་གོམས་གཤིས་དང་བསམ་བློའི་ཀུན་སྤྱོད་དངོས་མ་དེ་མཚོན་ཐུབ་ཡོད་པས། འདི་ནི་མི་རིགས་གཞན་ལས་བཤུ་བཞག་བྱས་པ་མིན་པར་ངེས་དགོས་སོ།།

► ཟུར་ལྟའི་ཡིག་ཆ།

1. 《 མང་ཚོགས་སྒྱུ་རྩལ།》 དུས་དེབ། ༢༠༠༧ ལོའི་དཔྱིད། རྩོམ་པ་པོ་མོག་ཆུང་ཕུར་ཁོ།
2 ཚངས་དབྱངས་དྲ་ཚིགས།
3. གུང་ཐང་བསྟན་པའི་སྒྲོན་མའི་གསུངས་རྩོམ། དང་པོ།

► རྩོམ་འདིའི་ཡོང་ཁུངས།

《 སྦྲང་རྩི།》 ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། 2018 ལོའི་ཟླ་ 6 པར་དཔར་ཐེངས་དང་པོ་དཔར། རྩོམ་པ་པོ། ཙ་རྐང་དྲུག

དཔྱད་རྩོམ།

Post navigation

Previous Post: གོ་སྐབས་དང་ཉེན་ཁའི་སྒོ་འབྱེད།
Next Post: བལ་ཡུལ་འཕགས་པ་ཤིང་ཀུན་ཞིག་གསོའི་ལོ་རྒྱུས་བཞུགས་སོ། །

Comments (8) on “བོད་ཀྱི་ཁ་ཤགས་སྒྱུ་རྩལ་གྱི་བྱུང་རིམ་ལ་རགས་ཙམ་དཔྱད་པ།”

  1. གཞུང་པ་ཚེ་དབང་བསོད་ནམས says:
    2019-08-13 at 3:11 am

    སྔ་མོ་བོད་ཀྱི་ཁ་ཤགས་ནི།
    གཏམ་བཤོད་ཤོག་ཟེར་ན་རི་མགོ་ལ་དར་ལྕོགས་འཐེན་འཐེན་དང་
    གཏམ་བསྡུས་ཤོག་ཟེར་དུས་རི་བཤམས་ལ་ཐུ་བ་ཐུ་ལྟར་རོ་ཟེར་འདའ།

  2. སྲིན་པོ་རྫ་རྒན says:
    2019-08-13 at 2:39 pm

    ཤགས་ཀྱི་དོན་དེ་གསལ་ཙམ་གླེང་ཡོད་ན་དཔྱད་པ་ཡག་མོ་ཞིག་ཆགས་གདའ།

  3. གཞུང་པ་ཚེ་དབང་བསོད་ནམས says:
    2019-08-13 at 6:31 pm

    གཏམ་མགོ་འཛུམ་གྱིས་བསྲུས་གཏམ་འཇུག་མཛུམ་ལ་ཞོག་ཟེར་རོ།
    གཏམ་སྟོང་བཤད་ན་ཕྱིན་པ་ན་མེ་སྟོང་འབར་ན་རྫ་ལ་ཚིག་ཟེར་རོ།
    ཕོ་ངན་གཏམ་ལ་ཡང་འདུལ་དང་མོ་ངན་ཟས་ལ་ཡང་ཟ་ཟེར་བ་ལྟར་རོ།
    ཟ་ཚོད་སེམས་པའི་མ་བྱས་ན་སྤུས་མོ་ཡན་ཆོད་བྲོད་པ་རེད་ལ་འགྲོ་ཚོད་
    རྐང་པའི་མ་བྱས་ན་ལུང་སྟོང་ཐམས་ཅད་རྒྱ་ལམ་རེད་ཟེར་རོ།

  4. བན་དེ་བ། says:
    2019-08-14 at 9:38 am

    བོད་ཀྱི་ཁ་ཤགས་རྣམས་ཡིག་ཐོག་ཏུ་་བཀོད་ཐུབ་པ་ཡིན་ན་ཤིན་ཏུ་ནས་བཟང། དེ་མིན་ཞིབ་འཇུག་བྱེད་རྒྱུར་དཀའ་མོ་རེད། དེ་བས་བོད་ཀྱི་ཁ་ཤགས་ག་དུས་ནས་དར་མིན་སོགས་ནི་དེ་བས་ཀྱང་དཀའ་མོ་རེད། ཁ་ཤགས་དང་གཏམ་དཔེ་དེ་ཚོ་ནི་དམངས་འཕྲོད་ཀྱི་སྤྱི་ཚོགས་ཤིག་ལས་བྱུང་བ་ལས། མི་ཆེ་གེ་མོ་འདི་ཞེས་ཀྱིས་བརྩམས་པ་དང་དུས་རབས་འདི་ཙམ་ནས་བྱུང་ཟེར་བ་སོགས་ཀྱི་ཚོད་དཔག་བྱེད་རྒྱུ་ནོ་ངལ་བའི་རྒྱུ་ལས་མ་འདས།

  5. བྱང་ཆུབ་ལོ་མ། says:
    2019-08-14 at 4:09 pm

    ཕ་རྕལ་སྣ་དགུའི་གྲས་སུ། ལོ་རྒྱུས་ཀྱིས་དགེ་ཐོན་པ། གཏམ་གྱིས་བཞད་གད་ཐོན་པ། ཤགས་ཀྱིས་ཕ་རོལ་ནོན་པ་ཞེས་ངག་གི་རྩལ་གསུམ་དུ་དབྱེ་ཡོད། ཡི་གེའི་གླེགས་བམ་དག་ན་ཤགས་ཀྱི་སྐོར་མང་།

  6. བྱང་ཆུབ་ལོ་མ། says:
    2019-08-14 at 5:46 pm

    ཕོ་རྩལ

  7. གཞུང་པ་ཚེ་དབང་བསོད་ནམས says:
    2019-08-14 at 9:14 pm

    སྔ་མོ་བོད་ཀྱིས་གཏམ་དཔེ་་ལ་གསེར་ས་འོག་ལ་ཡོད་ཀྱང་འོད་ནམ་མཁའ་ལ་ཕོག་ཟེར་བ་དང།
    མདོག་མེད་ཀྱང་གསེར་གྱིས་ཐིག་པོ་རེད་ཉག་ཕྲ་ཡང་སྟོང་རྐུད་གསུམ་སྒྲིག་རེད་ཟེར་བ་དང།
    ཆུ་ཆེན་པོ་བགྲོད་ལ་རབས་ཅིག་དགོས་སྡེ་ཆེན་པོ་བཤགས་ལ་གཏམ་
    ཅིག་དགོས་ཟེར་བ་དང།
    བན་བླ་མ་མཇལ་ལ་མཇལ་དར་དགོས་དཔོན་ཆེན་པོ་མཇལ་ལ་མཇལ་རྟེན་དགོས་ཟེར་བ་དང།
    གཏམ་ཨ་ཕས་མ་བཤད་ཨ་མས་བཤད་ཁྱི་བདག་པོའི་མ་བཀག་མགྲོན་པོའི་བཀག་ཟེར་བ་སོགས་སྔ་མོ་བོད་ཀྱིས་གཏམ་དཔེ་འདི་འདྲ་འདའ།

  8. གཞུང་པ་ཚེ་དབང་བསོད་ནམས says:
    2019-08-15 at 1:42 am

    སྔ་མོ་བོད་ཀྱིས་གཏམ་དཔེ་ལ་ཆུ་ཆེན་ཟམ་པའི་འོག་ཏུ་མི་འདུས་མི་ཆེན་
    ཁྲིམས་འོག་ཏུ་མི་འདུས་ཟེར་བ་དང།
    ཕ་ཨ་ཁུ་ཙནྡ་སྡོང་བུ་རེད་རྒྱུད་བུ་ཕྲུག་ཚེར་ཤིང་ལོ་མ་རེད་ཟེར་འདའ།
    ཕ་ཤི་ནས་ལང་ཤོག་ཟེར་རྒྱུ་དང་ཚོང་རྒྱབ་ནས་སློག་ཤོག་ཟེར་ས་མེད་ཟེར་འདའ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme