Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་སང་ཉི་མ་ལྷ་མོས་གང་བཤད་ཡོད།

Posted on 2019-07-202019-07-20 By ཁ་བརྡ 11 Comments on ཁ་སང་ཉི་མ་ལྷ་མོས་གང་བཤད་ཡོད།

རྫ་ཚེ་རིང་བཀྲ་ཤིས།

བོད་མི་ཉི་མ་ལྷ་མོས་ཨ་རིའི་སྲིད་འཛིན་མཇལ་བ་ལས་འཕྲོས་པའི་གཏམ།

ཁ་སང་ང་ཚོ་བོད་པ་ཚོ་ཡར་ལངས་སྐབས་ཀྱི་རྒྱལ་སྤྱིའི་གསར་འགྱུར་དེ་ཏོག་ཙམ་མ་འདྲ་བ་ཞིག་བྱུང་ཡོད། གྲུབ་འབྲས་རྡོག་རྡོག་ཅིག་ལམ་སང་ཐོབ་རྒྱུ་ཅང་མེད་མོད། གང་ལྟར་ཚང་མ་དགའ་བོ་བྱུང་ཡོད་པ་ཧ་ལམ་བརྒྱ་ཆ་བརྒྱ་རེད། ང་ཚོས་ཤེས་གསལ་ལྟར། ཨ་རིའི་སྲིད་འཛིན་ཏྲོམ་གྱི་ལས་ཁུར་དང་པོ་དེ་རྫོགས་གྲབས་ཡོད་ན་ཡང་ད་བར་བོད་དང་འབྲེལ་བའི་སྐད་ཆ་གལ་ཆེན་ཞིག་བཤད་མྱོང་ཡོད་མ་རེད། ༧གོང་ས་མཆོག་ལའང་མཇལ་མོལ་ཞུས་མྱོང་མེད། མ་གཞི་ནས་མང་པོ་ཞིག་གིས་ཏྲོམ་གྱིས་བོད་དང་འབྲེལ་བའི་བརྗོད་གཞི་དེ་ཚོ་དེ་ཙམ་གལ་ཆེན་པོར་བརྩི་ཡི་མ་རེད་བསམ་གྱི་ཡོད་པ་དེ་ཡང་རྩ་བའི་ཆ་ནས་བདེན་པ་རེད། ཁོའི་ལབ་སྟངས་བྱས་ན་ཨ་རི་ཨང་དང་པོར་འཇོག་དགོས་པ་དང་། ཁེ་ཕན་ནི་དེ་བས་ཀྱང་ཨང་དང་པོའི་ནང་གི་དང་པོ་རེད།

དེ་རིང་གློ་བུར་དུ་ཁོས་བོད་མོ་ཞིག་ལ་སྐད་ཆ་བཤད་བཞིན་པ་ང་ཚོས་མཐོང་ཡུལ་དུ་མངོན་ཡོད། འདིའི་ནང་ན་ང་ཚོའི་ཤེས་དགོས་པ་གཅིག་ཡོད། རྩ་བའི་ཆ་ནས་དེ་རིང་གི་ཐུག་འཕྲད་གོ་སྒྲིག་འདི་སྲིད་འཛིན་ཏྲོམ་སྲིད་གཞུང་གིས་ཨ་རི་རྒྱལ་སྤྱིའི་ཐོག་གི་འགན་ཁུར་ཆེ་ཤོས་ཡོད་པའི་རྒྱལ་སྤྱིའི་ཉེན་རྟོག་པ་ལྟ་བུའི་རྒྱལ་ཁབ་གྱི་གནས་རིམ་གྱི་ཐོག་ནས་རྒྱལ་སྤྱིའི་ཆོས་དད་རང་མོས་སོགས་ལ་དོ་ཁུལ་བྱེད་པའི་རྣམ་པ་སྟོན་སྟངས་ཤིག་རེད།

དེ་ཡང་རྣམ་པ་སྟོན་པ་ཙམ་ཞིག་ཡིན་ནམ། ཡང་ན་དོན་སྙིང་ལྡན་པའི་ཕྱག་ལས་རེ་གནང་རྒྱུ་ཡིན་སུས་ཀྱང་ཤོད་མི་ཐུབ། ཡིན་ན་ཡང་ཨ་རི་ནི་ཨ་རི་རང་ཡིན་སྟབས། ཕུ་དུང་ནང་གི་སྦྲུལ་མགོ་རེ་ངོམ་པ་དེའང་ཉེན་བརྡ་རེའི་གོ་ཆོད་ཀྱི་ཡོད་པ་རེད་ལ། དེའི་ཚོད་ཀྱི་ནུས་པའང་ཅུང་ཟད་རེ་ཐོན་གྱི་ཡོད་རེད། ཨ་རི་བའི་ལས་ཀ་མང་པོ་ཞིག་ནི་གཞན་པ་ཚོ་རང་གི་ཁེ་ཕན་གྱི་ལག་ཆར་བེད་སྤྱོད་བྱེད་རྒྱུ་དེ་ཡིན་ན་ཡང་། དེ་དང་མཉམ་དུ་ཁོང་ཚོས་འཛམ་གླིང་སྙོམས་སྒྲིག་གི་ཐད་ལ་ཐོན་བཞིན་པའི་ནུས་པ་དེ་ཚོའང་དངོས་ཡོད་རེད། གལ་ཏེ་ཨ་རི་མེད་ན་ད་ལྟའི་འཛམ་གླིང་འདིའི་ཁ་དོག་དེའང་གཞན་ཞིག་ཡིན་པའི་ཉེན་ཁ་ཡོད་པ་རེད། དེ་སྤྱི་བཤད་ཙམ་ཡིན།

 དེ་ཡང་ཁ་སང་ཉིན་གང་པོར་བོད་མི་ཚོས་ཉི་མ་ལྷ་མོས་གང་བཤད་པའི་སྐད་ཆ་དང་། བེད་སྤྱོད་བྱས་པའི་སྐད་ཡིག་གཉིས་ལ་དོ་སྣང་བྱས་ཡོད། དེ་ནི་དགོས་ངེས་ཤིག་རེད།

དེ་རིང་གི་གནས་ཚུལ་འདི་ལ་རྩ་བའི་ཆ་ནས་དྲྭ་གྲོགས་ཚང་མས་བཟང་ཕྱོགས་ཀྱི་ལྟ་ཚུལ་བཟུང་ཡོད། བཀྲ་ཤིས་བདེ་ལེགས་དང་འཇོན་རབས་ཡག་རབས་བཤད་མཁན་ཧ་ཅང་མང་པོ་རེད། དེ་དང་མཉམ་དུ་ལྡོག་ཕྱོགས་ཀྱི་ཞབས་མཆན་འབྲི་མཁན་དང་སྐད་ཆ་བཤད་མཁན་ཡང་ཁ་ཁེར་རེ་ཡོང་གིན་འདུག
 གཤམ་ཏུ་དྲྭ་ཐོག་གི་བཤད་སྟངས་དེ་དག་དོན་ཚན་བརྒྱད་ཀྱི་ཁོངས་སུ་བསྡུས་ནས་དེའི་ཐད་སོ་སོའི་ལྟ་ཚུལ་བསྡུས་བསྡུས་ཤིག་འདོན་གྱི་ཡིན།

གཅིག ༼ མོ་ལ་དབྱིན་སྐད་ཡག་པོ་མེད་ན་ག་རེ་བྱས་ནས་དབྱིན་སྐད་རྒྱག་པ་རེད་ཟེར་བ་དེ་རེད། ༽

དེ་ཡང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་༼ ཚ་མོ་ཉི་མ་ལྷ་མོ་ལགས་རྒྱ་གར་དུ་བྲོས་བྱོལ་ལ་འབྱོར་བ། ༽ཞེས་པའི་ཁ་བྱང་འོག་སྤེལ་བའི་སྤྱི་ལོ་༢༠༡༦ ལོའི་གསར་འགྱུར་ལྟར་ན། མོ་ནི་སྤྱི་ལོ་༢༠༡༦ལོའི་སྤྱི་ཟླ་བདུན་པར་རྒྱ་གར་དུ་འབྱོར་འདུག །མོ་ནི་བོད་གངས་ཅན་ན་ཡོངས་སུ་གྲགས་པའི་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་རེད། ཡིན་ན་ཡང་མོ་རང་ཆུང་ཆུང་ཡིན་པའི་དུས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཙོན་ཁང་དུ་ཕེབས་དགོས་ཁེལ་ཡོད་པ་དང་། མ་གཞི་ནས་ཀྱང་ཁོང་ནི་ཡུལ་མི་ཉམ་ཐག་གི་ཆེད་དུ་ཕྱག་ལས་གནང་ནས་ཡོད་ཚད་བློས་གཏོང་བྱས་པ་ཞིག་ལས་བླ་བྲང་ཆེན་པོ་དང་། ཉེ་འཁོར་གྱི་ཚ་བོ་ཚ་མོ་དག་ཕྱུག་པོ་བཟོ་མཁན་གྲས་དེ་འདྲ་ཞིག་མིན་པ་འདྲ། དེའི་དབང་གིས་ཚ་མོ་ཉི་མ་ལྷ་མོ་ལགས་ཕ་ཡུལ་དུ་ཡོད་དུས་ཀྱང་ཁྱིམ་ཚང་གི་ཆ་རྐྱེན་དང་སློབ་གསོའི་རྨང་གཞི་སོགས་ཧ་ཅང་དཀའ་ངལ་ཡོད་པ་ཞིག་ཡིན་པ་གསལ་འདུག དེའི་ཁར་རྒྱ་གར་དུ་བསླེབས་ནས་ལོ་གསུམ་ཡས་མས་ཤིག་མ་གཏོགས་ཕྱིན་མི་འདུག །མོ་རང་རྒྱ་གར་དུ་འབྱོར་ནས་དབྱིན་ཡིག་ལ་ཤུགས་ག་ཚད་བརྒྱབ་ཡོད་མི་ཤེས་མོད། ང་རང་ལྟ་བུར་མཚོན་ན་རྒྱ་གར་དུ་འབྱོར་ནས་ལོ་བཅུ་གྲངས་རེད། ཉི་མ་ལྷ་མོ་ལགས་རྒྱ་གར་དུ་མ་འབྱོར་གོང་ང་ཨོ་གླིང་དུ་འབྱོར་ཟིན་འདུག །སྐད་ཡིག་གཉིས་པ་ཞིག་ཀྱང་ཤེས་མཁན་ཞིག་ཡིན་པའི་ཁུལ་རེད། ཡིན་ན་ཡང་ངའི་ད་ལྟའི་དབྱིན་སྐད་དེ་མོ་རང་གི་དབྱིན་སྐད་ལས་སྐྱོ་བ་ཡོད་ངེས་རེད།

ཁྱད་པར་དུ་མོའི་རྒྱབ་ལྗོངས་ནི་ཨ་རིའི་སློབ་ཕྲུག་དེ་ཚོ་ནང་བཞིན་ཆུང་ཆུང་ནས་སྤོབས་པ་ཚ་བོ་ཡོད་པ་དེ་འདྲའི་གྲས་མ་རེད། དབྱིན་སྐད་ནི་མོ་ལ་མཚོན་ན་སེམས་ལ་དྲན་ན་ཡང་ཁ་ནས་ཐོན་ཁག་ཤོས་ཀྱི་སྐད་ཡིག་དེ་ཡིན་ངེས་རེད། དེའི་ཐོག་ལ་ད་ཐེངས་མོའི་སྐད་ཆ་བཤད་ས་དེ་འཛམ་བུ་གླིང་གི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སེང་གེ་སྲབ་མེད་ཨ་རིའི་སྲིད་འཛིན་ཏྲོམ་རེད། ཚོགས་འདུ་དང་བཅར་འདྲི། མི་ཆེན་དང་མཇལ་བ་སོགས་ཀྱི་སྐབས་དུས་ཡུན་ཐུང་ཐུང་ནས་སྐད་ཆ་རྡོག་རྡོག་བྱས་ནས་གནད་དུ་དྲིལ་ནས་བཤད་མི་ཐུབ་པ་ནི་བོད་པ་ཡོངས་ཀྱི་དཀའ་ངལ་ཤིག་རེད། ཡིན་ན་ཡང་ཉི་མ་ལྷ་མོ་ལགས་ཀྱིས་དེ་ལྟ་བུའི་སྡིངས་ཆ་དམིགས་བསལ་ཞིག་ཏུ་དུས་ཡུན་ཐུང་ཤོས་ཀྱི་ནང་དུ་རང་གི་སེམས་ནང་གི་སྐད་ཆ་དེ་ཚོ་དབྱིན་སྐད་སྤྱད་ནས་གོ་རིམ་ཡོད་པ་དང་གནད་དུ་ཁེལ་པོས་སྲིད་འཛིན་ཏྲོམ་གྱི་གདོང་ལ་བལྟས་ནས་ལུས་ཀྱི་ཉམས་འགྱུར་དང་ཚོར་བ་གུས་ཞབས་བཅས་ཟུང་དུ་འབྲེལ་བའི་ཐོག་ནས་ཏག་ཏག་ཤོད་ཐུབ་ཡོད། དེའི་ཆ་ནས་ང་ཚོས་མོ་ལ་བསྟོད་བསྔགས་མ་བྱས་རང་བྱས་ཆགས་ཡོད།

དེ་ཡང་མོའི་དབྱིན་སྐད་ཀྱི་བྱང་ཚད་མཐོན་པོ་མིན་ན་ཡང་དབྱིན་སྐད་ཡག་མི་ཡག་དེ་སྐབས་འགའ་ཞིག་ལ་རྩ་ཆེན་ཤོས་དེ་མ་རེད།
སྐབས་མང་པོ་ཞིག་ལ་ཆེས་གཏིང་ཟབ་པའི་ཚོར་བ་དང་ན་ཟུག་དེ་ཚོ་བཅོས་མིན་གྱི་རྣམ་འགྱུར་གྱིས་སྟོན་གྱི་ཡོད་པ་རེད། དུས་རྒྱུན་ཕྱི་རྒྱལ་དང་རྒྱ་མིའི་ནང་པ་དེ་ཚོས་ཀྱང་བོད་ཀྱི་བླ་མ་འགའ་རེས་ཚད་ལྡན་གྱི་སྐད་བསྒྱུར་བརྒྱུད་ནས་ཆོས་བཤད་པ་ལས་ཁོང་དག་གི་སྟབས་བདེ་དང་དཀྱུས་མ། ཐ་ན་ཚིག་གྲུབ་དེ་ཚོ་བོད་ཡིག་གི་འགྲོས་ལྟར་དུ་ཡོད་པའི་སྐད་ཆ་སྤྱད་ནས་ཁོང་ཚོར་ཆོས་བཤད་པ་དེ་གཙིགས་ཆེ་བ་བྱེད་ཀྱི་ཡོད། དེས་བླ་མའི་སེམས་ཀྱི་ཚོར་རྟོགས་དང་དགོངས་ཚུལ་དེ་ཚོ་བསྲེ་ལྷད་མེད་པར་ཁོང་ཚོར་ཡག་པོ་ཞིག་ར་སྤྲོད་ཐུབ་ཀྱི་ཡོད། ཁོང་ཚོས་དེ་འདྲ་ལ་དགའ་པོ་བྱེད་ཀྱི་ཡོད་པ་རེད། སྐད་ཆ་ཉན་ཤེས་མཉན་ཞིག་དང་སེམས་པ་བཏད་ནས་སྐད་ཆ་ཉན་མཁན་ཞིག་ཡིན་ན་བཅོས་མིན་གྱི་ཚོར་བ་དང་རྣམ་འགྱུར་ནི་ཆེས་ནུས་པ་ལྡན་པའི་བརྡ་སྤྲོད་ཀྱི་མ་ལག་ཅིག་ཡིན་པ་རེད།

གཏམ་བཤད་འགྲན་སྡུར་གྱི་སྐབས་ལྟ་བུར་ཚིག་འགྲིག་པོ་བྱུང་ན་རྩ་ཆེན་དུ་བརྩི་སྲིད་ཀྱི་རེད། སློབ་ཐོན་གྱི་མཛད་སྒོ་ལྟ་བུར་གཏམ་གྱི་བྱང་རྩལ་གྱིས་དང་བ་འདྲེན་ན་ཐང་། ཡིན་ན་ཡང་། མ་གཞི་མོ་རང་ལ་ཨ་རིའི་སྲིད་འཛིན་གྱི་མཇལ་ཁ་གནང་བ་དེའང་ཆོས་ལུགས་དང་འབྲེལ་བའི་ཐོག་ནས་གནོད་འཚེ་ཕོག་མཁན་ཡིན་པའི་ཆ་ནས་རེད། དེའི་ཆ་ནས་སེམས་ཀྱི་གཏིང་དུ་ཡོད་པའི་ན་ཟུག་དེ་ཐད་ཀར་སྟབས་བདེ་བའི་དབྱིན་སྐད་ཀྱི་ལམ་ནས་བཤད་པ་འདིས་མཛེས་བཟོས་མ་ལྷད་པའི་རང་བྱུང་མཛེས་པ་ཞིག་མངོན་ཐུབ་ཡོད།

དེ་ནི་ཁ་སང་དྲ་གྲོགས་ཤིག་གི་ངོ་དེབ་ཏུ། “མི་གཞན་གྱིས་ཁོ་ཚོས་སྐད་ཡིག་ཡག་པོ་མི་ཤེས་པར་འཕྱ་སྨོད་གཏན་ནས་བྱེད་གི་མ་རེད། སྐད་བསྒྱུར་ལས་ཀྱང་ལྷག་པའི་སོ་སོའི་ངོས་ནས་མིང་ཚིག་གཅིག་གཉིས་མ་གཏོགས་བཤད་མ་ཐུབ་ན་ཡང་དེ་ཉན་འདོད་བྱེད་པ་དང་རྩ་ཆེན་ལ་བརྩི་བཞིན་འདུག །དེ་ཉམས་མྱོང་ཡིན།”ཞེས་བྲིས་འདུག་པ་ནང་བཞིན་རེད།
མོས་གང་བཤད་དགོས་པ་དེ་ཏག་ཏག་ཅིག་བཤད་ཡོད་པ་དང་། ཁ་བདེ་པོའི་སྐད་ཆ་བཤད་མཁན་གཞན་ལས་ཀྱང་མོའི་གཤིས་རྒྱུད་དང་གོན་པ།སྐད་ཆ་དང་རྣམ་འགྱུར་བཅས་ཀྱིས་ཨ་རིའི་སྲིད་འཛིན་ལ་བག་ཆགས་ཡག་པོ་ཞིག་བཞག་ཡོད་པར་ཡིད་ཆེས་བྱེད་ཆོག་པ་ཞིག་རེད། དེའི་ན་དུས་ཚོད་ཐུང་ཐུང་དེར་སྐད་ཆ་ཉུང་ཉུང་ཞིག་བཤད་རྒྱུའི་གོ་སྐབས་དེར་ཡང་བསྐྱར་སྐད་སྒྱུར་གཉིས་པ་ཞིག་ལ་མ་བརྟེན་པར་ཐད་ཀར་མོ་རང་གིས་གང་ཤེས་པའི་དབྱིན་སྐད་སྟབས་བདེ་དེ་སྤྱད་ནས་བཤད་པ་ནི་ཧ་ཅང་ཡག་པོ་བྱུང་བ་རེད་ལ། དེ་ལྟར་གོ་སྒྲིག་དང་ལམ་སྟོན་གནང་མཁན་དག་གི་གནང་སྟངས་དེའང་རྣམ་དཔྱོད་ལྡན་པའི་གནང་སྟངས་ཤིག་བྱུང་བ་རེད།

གཉིས།༼ གུས་ཞབས་ཀྱི་རྣམ་འགྱུར་དང་། ཤུགས་ཆེན་པོས་ངུས་ནས་སྐད་ཆ་བཤད་པ་དེ་བྲན་གཤིས་རེད། སྤོབས་པ་མེད་པའི་རྟགས་རེད། གོམས་གཤིས་རྙིང་པ་རེད་ཟེར་བ་དེ་རེད། ༽

དེ་ཡང་ཁ་ཐུག་ཞུས་ན་ཉི་མ་ལྷ་མོ་ལགས་ནི་གྲོང་གསེབ་ཀྱི་བུ་མོ་ཞིག་རེད། བོད་ནས་རྒྱ་གར་དུ་འབྱོར་ནས་ལོ་མང་པོ་མ་སོང་བའི་གསར་ཕེབས་ཤིག་རེད། དེའི་ཆ་ནས་མོའི་ལུས་སྟེང་ནས་ང་ཚོའི་མཐོང་བ་ནི་ཕ་ཡུལ་གྱི་བཅོས་ལྷད་མ་སོང་བའི་གཤིས་ཀ་དང་རྣམ་འགྱུར་ཡིད་དབང་འཕྲོག་པ་དེ་རེད། མོའི་གདོང་དང་མིག་འོད་ནི་ནུས་པ་ཆེ་ཤོས་ཀྱི་དཔང་རྟགས་རེད། མོའི་བཅོས་མིན་གྱི་རྣམ་འགྱུར་ནི་མ་གཞི་མཇལ་འཕྲད་འདིའི་སྐབས་ཀྱི་མི་གཞན་ལ་མེད་པའི་བཟང་ཕྱོགས་ཀྱི་ཆ་རྐྱེན་གལ་ཆེན་ཞིག་རེད་ཅེས་ལབ་ན་མ་ཆོག་པ་གཏན་ནས་མེད། དཔེར་ན་རྒྱ་ནག་གི་གླུ་གཞས་འགྲན་སྡུར་སོགས་ཀྱི་ཐོག་མི་མང་དུང་ཕྱུར་མང་པོའི་སྤྱི་ཚོགས་ནས་བོད་ཀྱི་ཞིང་འབྲོག་གི་གླུ་པ་གླུ་མ་དེ་འདྲར་བསམ་ཡུལ་ལས་འདས་པའི་རྒྱལ་ཁ་ཐོབ་པ་བྱུང་ཡོད། དེ་ཡང་ཁོང་ཚོ་ལ་དེང་རབས་ཀྱི་བྱང་ཚད་མཐོ་བ་དང་། རྒྱ་སྐད་རྒྱ་ཡིག་མཁས་པས་མ་རེད། ཁོང་ཚོའི་ལུས་སྟེང་གི་འབག་བཙོག་གིས་མ་ལྷད་པའི་མཐོ་སྒང་གི་མཁའ་དབུགས་དང་འདྲེས་པའི་སྐད་ཆ་བཤད་སྟངས། རྣམ་འགྱུར། སྐད་གདངས་བཅས་ཡོད་པས་མི་སེམས་བཀུག་ཡོད། ཐ་ན་ཁོང་ཚོས་གླུ་གཞས་བཏང་བའང་བོད་སྐད་ཀྱིས་བཏང་ཡོད་ན་ཡང་དེས་མི་རྣམས་ཀྱི་སེམས་སུ་བཞག་པའི་བག་ཆགས་ཏེ་གཏིང་ཟབ་ཏུ་བཏང་བ་ལས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་གཏན་ནས་སྤྲད་མེད། དེ་ཚང་མས་དོན་དངོས་ཐོག་རིག་གཞུང་གི་སེམས་ཁམས་དང་བཅོས་མིན་གྱི་བཤིས་སྤྱོད་ནི་ཡོད་ཚད་ལས་རྣམ་པར་རྒྱལ་ཐུབ་པའི་ནུས་ཤུགས་ཤིག་ཡིན་པ་ར་སྤྲོད་བྱེད་ཀྱི་ཡོད།

མདོར་ན། ཞི་དུལ་དང་ཁེངས་སྐྱུང་གི་རྣམ་པ་མངོན་པའི་བོད་པའི་བཅོས་མིན་གྱི་གཤིས་ཀ་དེ་བྲན་གཤིས་དང་ནུས་མེད་ཀྱི་མཚོན་རྟགས་སུ་ནམ་ཡང་བསམ་མི་རུང་། ༧གོང་ས་མཆོག་ནི་འདིའི་དཔང་རྟགས་ཡག་ཤོས་དེ་ཡིན་སྲིད། ༧གོང་ས་མཆོག་ལ་མཚོན་ན་རྟག་པར་ཁོང་ཉིད་ཁོང་ལས་མཚན་དང་གོ་གནས་དམའ་བའི་མི་མང་པོ་ཞིག་ལའང་མཇལ་འཕྲད་སོགས་ཀྱི་སྐབས་ཧ་ཅང་གུས་ཞབས་ཆེན་པོ་ཞུ་བཞིན་ཡོད། དེ་ནི་ནུབ་ཕྱོགས་པའི་མགོ་ཁྲིད་གཞན་ཞིག་གི་ལུས་ཐོག་ནས་ཕལ་ཆེར་མཐོང་ཐུབ་མེད་པ་ཞིག་རེད།

ཡིན་ན་ཡང་༧གོང་ས་མཆོག་གི་གནང་སྟངས་དེས་ཁོང་ཉིད་འཛམ་བུ་གླིང་གི་ཆེས་ཚད་མཐོ་བའི་གུས་ཞབས་ཞུ་ཡུལ་ཞིག་ཏུ་བསྒྱུར་ཡོད། བཅོས་མིན་གྱི་ཁེངས་སྐྱུང་དང་གུས་ཞབས་འཛུམ་མདངས་བཅས་ནི་སྦྱོང་བརྡར་ལས་བྱུང་བའི་གནམ་གྲུའི་ནང་གི་ཞབས་ཞུ་མའི་རྣམ་འགྱུར་དང་གཏན་ནས་མི་འདྲ། ཁོ་རང་ལ་ཁོ་རང་གི་བྲོ་བ་ཞིག་དང་སྒུལ་ཤུགས་ཤིགས །གཞན་ཡིད་བསྒུལ་བའི་ནུས་པ་ཞིག་བཅས་ཡོད་པ་རེད། བོད་པའི་ཆེས་སྤྱིར་བཏང་དང་དབུལ་ཕོངས་ཀྱི་འཚོ་བའི་ཁྲོད་དུའང་མི་གཞན་གྱིས་ཚེ་གང་པོར་མཐོང་མ་མྱོང་བའི་ཡིད་འོང་གི་དགོད་སྒྲ་དང་བཅོས་མིན་གྱི་མཛུམ་མདངས། མིག་འོད་བཅས་ཡོད་པ་མཐོང་ནས་མི་ཚེ་ལ་འགྱུར་བ་སོང་མཁན་གྱི་མི་ཡང་མང་པོ་ཡོད་པ་རེད། གང་ལྟར་ད་ཐེངས་ཉི་མ་ལྷ་མོའི་བཅོས་མིན་གྱི་རྣམ་འགྱུར་ཡོད་ཚད་དང་། ཁྱད་པར་དུ་སྐད་ཆ་དང་མཉམ་དུ་རང་དབང་མེད་པར་མིག་ཆུ་ཐོན་པ་དེ་ནི་སེམས་གཏིང་གི་སྡུག་བསྔལ་དང་གདུང་ཡུལ་ལ་སྤུས་ཚད་མཐོ་ཤོས་ཀྱི་རྣམ་འགྱུར་གྱི་ར་སྤྲོད་ཡག་པོ་ཞིག་བྱས་པ་རེད། དེ་ལས་ལྷག་ཅི་ཞིག་བྱེད་ཡོང་ཨང་།

གསུམ།༼ བོད་རང་བཙན་ལ་རྒྱབ་སྐྱོར་དགོས་པའི་སྐོར་བཤད་དགོས་པ་རེད་ཟེར་བ་དེ་རེད། ༽

བོད་རང་བཙན་ནི་བཤད་ན་མ་ཆོག་པ་ཞིག་མ་རེད། མ་གཞི་བོད་རང་བཙན་གྱི་དྲན་པ་ཞེས་པ་ཞིག་ཉེ་ཆར་མཁས་དབང་ཤཱཀྱ་ཚེ་རིང་གིས་སིད་ནིས་སུ་ཕེབས་སྐབས་ནན་ཏན་བྱས་ནས་གསུང་གི་འདུགཏ །ལྟ་གྲུབ་དེ་དང་འབྲེལ་བའི་ཐོག་ནས་བཤད་ན་རང་བཙན་གྱི་དྲན་པ་དེ་སྡིངས་ཆ་དེ་འདྲ་ཞིག་གི་ཐོག་ནས་གླེང་ཙམ་བྱས་ནའང་རང་བཙན་གྱི་དྲན་པའི་ངོས་ནས་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་སྲིད། ཡིན་ན་ཡང་ལག་ལེན་དང་བར་ཐག་ཉེ་ཤོས་ཀྱི་རེ་བ་ཞིག་ཞུ་དགོས་ན་མོའི་སྐད་ཆ་དེ་ལས་ལྷག་ཅིག་ཞུ་རྒྱུ་མེད་པ་རེད། 
ཁྱད་པར་དུ་ད་ཆ་ང་ཚོ་སྲིད་འཛིན་ལ་བཀའ་མོལ་ཞུ་སྟངས་ལ་གྲོས་བསྡུར་བྱ་སའི་གྲོས་ར་ན་མེད་པར་ཁོང་རྣམ་པའི་འབད་བརྩོན་ལས་བྱུང་བའི་གྲུབ་འབྲས་དེར་ལྟད་མོ་ལྟ་མཁན་ཙམ་ཡིན་པའི་ཆ་ནས་ང་ཚོས་ཉི་མ་ལྷ་མོ་དང་ཁོང་གི་མཇལ་ཁ་དེའི་ཆེད་དུ་ཕྱག་ལས་གནང་མཁན་དག་ལ་སེམས་པ་མཚོན་པའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ནི་ང་ཚོར་འཚམས་ཤོས་ཀྱི་ལས་ཀ་ཞིག་རེད། ད་དུང་ཡག་པོ་བྱུང་བའི་ནང་ནས་དེ་ཙམ་རང་ཞིག་མ་བྱུང་འདོག་འདོག་ཤོད་པ་ནི་བྱས་པ་ཅན་ལ་སེམས་ཤུགས་གཅོག་པའི་གཏམ་སྤྱོད་ཅིག་ཡིན་སྲིད།

བཞི། ༼ ཡིག་ཐོག་ནས་སྙན་ཞུ་ཕྱག་ཏུ་སྤྲོད་དགོས་རེད། ང་ཉི་མ་ལྷ་མོ་ཡིན་ན་འདི་འདྲ་ཟེར་ས་རེད་དང་དེ་འདྲ་བྱ་ས་རེད་ཟེར་བ་ལྟ་བུ་དེ་རེད། ༽
མ་གཞི་བོད་དོན་གྱི་ཐད་ལ་༧གོང་ས་མཆོག་སྐུ་དངོས་ཀྱིས་ཨ་རིའི་སྲིད་འཛིན་རིམ་བྱོན་མང་པོ་ཞིག་ལ་ཞལ་དང་ཞལ་ཐུག་ནས་ག་ཚད་མང་པོ་གསུངས་ཟིན་པ་རེད། འབྲེལ་ཡོད་ཀྱི་ཚོགས་སྡེ་དང་མི་སྒེར་དག་གིས་ཀྱང་ག་ཚད་ཅིག་ཞུས་ཡོད་པ་རེད། ལམ་སང་ལམ་སང་གྲུབ་འབྲས་ཐོན་པ་ཞིག་མ་རེད། གྲུབ་འབྲས་ཟེར་བ་དེ་སྡེར་མའི་ནང་གི་ཤ་སྐལ་བཞིན་ལག་པས་བརྙབས་ནས་ཟ་ཆོག་ཆོག་ཅིག་ཡིན་ས་མ་རེད། དེའི་ཆ་ནས་དེ་དག་ལ་ཡང་གྲུབ་འབྲས་མེད་པ་མིན་ཡང་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཟེར་བ་ལྟ་བུ་དེ་འདྲ་ཞིག་ཡོང་ཐབས་མེད་པ་རེད།

ཉི་མ་ལྷ་མོ་ལགས་ཀྱི་ངོས་ནས་ད་ལྟ་བོད་ནང་ལ་དཀའ་ངལ་ཡོད་པ་དང་། བོད་ལ་རྒྱབ་སྐྱོར་དགོས་པ།༧གོང་ས་མཆོག་བོད་ནང་དུ་ཕེབས་ཐུབ་པ་ཞིག་དགོས་པ་བཅས་ཀྱི་དགོས་འདུན་གྱི་རེ་བ་དེ་ཚོ་ཆ་ཚང་ཞིག་བཏོན་སོང་། དེ་ནི་ངས་ཀྱང་ཆ་ཚང་བ་ཞིག་གོ་སོང་། ང་ཚོ་གསར་འབྱོར་ཞིག་ཡིན་པའི་ཆ་ནས་དེ་བས་ཀྱང་གསལ་པོ་རེད། བོད་ནང་གི་ད་ལྟའི་དངོས་ཡོད་ཀྱི་མངོན་འདོད་དང་རེ་སྒུག་གལ་ཆེ་ཤོས་དེ་ཡང་དྲང་མོ་ཞུས་ན་༧གོང་ས་མཆོག་ཕྱིར་ཕེབས་རྒྱུ་དེ་རེད་འདོད། ང་ཚོ་ཆུང་ཆུང་ཡིན་དུས་ནས་“རྒན་རྒོན་ལོ་ལོན་ཚང་མས་རྒྱལ་བ་རིན་པོ་ཆེ་ནམ་ཁྲི་ལ་འཁོད་ནི་རེད་”ཟེར་ནས་ལམ་འགྲོ་བ་ཞིག་ལ་མ་ཐུག་ནའང་འདྲི་སྲོལ་ཡོད་པ་དེ་ཚང་མས་ལོས་ཤེས། འོན་ཀྱང་ངས་འདི་ལྟར་ཤོད་དུས་བོད་ནང་གི་བོད་མིའི་ཆབ་སྲིད་ཀྱི་མངོན་འདོད་དུ་མཐའ་གཅིག་ཏུ་དབུ་མ་ཡིན་དང་རང་བཙན་ཡིན་ལྟ་བུའི་མངོན་འདོད་ཀྱི་ཕྱོགས་ལ་འཐེན་རྩིས་མེད།

ཉི་མ་ལྷ་མོ་ལགས་ཉེ་དུས་རང་ལ་བོད་ནས་ཕེབས་མཁན་ཞིག་གི་ངོས་ནས་ཨ་རིའི་སྲིད་འཛིན་ལ་ཐད་ཀར་༧གོང་ས་མཆོག་བོད་ལ་ཕེབས་ཐུབ་པ་ཞིག་རོགས་པ་གནང་རོགས་ཞེས་པའི་ཚིག་གཅིག་འདི་ཞལ་ནས་བཏོན་པ་དེ་བོད་ནང་ནས་ཕེབས་ནས་ཡུན་རིང་པོ་མ་སོང་མཁན།ཆབ་སྲིད་ལྟ་གྲུབ་ཀྱི་དྲ་བའི་གཟེབས་དུ་ཡེ་མ་ཚུད་མཁན། དཀའ་སྡུག་དང་གནར་གཅོད་དྲན་གདུང་བཅས་ཀྱི་ཚོར་བ་བདེན་པ་དང་བསོན་པོ་ཞིག་ནི་ལྐུག་པས་བུ་རམ་ཟོས་པ་བཞིན་ཞེ་ལ་ཡོད་མཁན་ཞིག་གི་སྐད་ཆ་ཅི་མ་ཅི་བཞིན་དུ་མཚོན་ཡོད། ངས་བསམ་ན་མོའི་སྐད་ཆ་སྟབས་བདེ་ལ་མགོ་རྙོག་མེད་པ་དེས་བོད་ནང་གི་བོད་མི་ཧ་ཅང་མང་པོ་ཞིག་གི་སེམས་ནང་གི་འབོད་སྒྲ་བཅོས་མ་མ་ཡིན་པ་དེ་ཨ་རིའི་སྲིད་འཛིན་གྱི་གསོལ་ཅོག་ཐོག་ལ་བསྐྱལ་བཞག་པ་རེད་ཅེས་ལབ་ཆོག་པ་ཞིག་རེད་འདོད།

མདོར་ན། མོའི་སྐད་ཆ་དེ་བོད་ནང་གི་བོད་མི་ཚོའི་སྐད་ཆ་གྲངས་མེད་པ་ཞིག་གི་བསྡུས་གཟུགས་སུ་གྲུབ་ཡོད་ལ། མོ་ལྟ་བུ་ཞིག་གིས་དེ་ལྟར་ཞུས་པ་དེ་ལྷག་ཏུ་འཚམས་ཞིང་རན་པ་ཞིག་ཡིན་པའི་མཐོང་སྣང་བྱུང་།

ཏྲོམ་གྱིས་ཀྱང་ཉི་མ་ལྷ་མོའི་སྐད་ཆའི་ནང་དོན་ཧ་གོ་བས་མ་ཚད་སེམས་ཐག་ཉེ་པོས་ཁྱོད་རང་གི་སྐད་ཆའི་ནང་དོན་ཧ་གོ་སོང་།ཁྱོད་རང་གི་དབྱིན་ཇི་ཡག་པོ་འདུག ༧རྒྱལ་བ་རིན་པོ་ཆེ་ལ་འཚམས་འདྲི་ཞུ་རོགས་ཞེས་བཀའ་ལན་གནང་བ་དེས་མོའི་སྐད་ཆ་གང་བཤད་པ་དེ་གནད་ལ་ཕོག་པའི་མདའ་ནང་བཞིན་དམིགས་འབེན་ལ་ཕོག་ཐུབ་པ་ཞིག་བྱུང་བ་མཚོན་ཡོད།
མ་གཞི་ནས་མི་ཞིག་ལ་སྐར་མ་གཅིག་ལས་མ་མང་བའི་ཆེས་ཚད་ཡོད་ཀྱི་གོ་སྐབས་ཤིག་གི་འོག་མི་ཚང་མའི་བསམ་ཚུལ་ཇི་ལྟར་བརྗོད་ཐུབ། གང་ལྟར་དོན་དག་ཀྱང་འདས་ཟིན་པ་ཞིག་རེད།

ད་ཆ་གཞི་ནས་དྲ་གྲོགས་ཚོ་སོ་སོའི་ཉལ་སའི་ནང་དུ་བསྡད་ནས་ཁ་པར་གྱི་འཆར་ཤེལ་ངོས་ལ་འཛུབ་མོ་འཛུགས་གིན་འདི་འདྲ་བྱས་ན་ཡག་ས་རེད། དེ་འདྲ་བྱས་ན་བཟང་ས་རེད་ཟེར་བ་ལྟ་བུའི་སྐད་ཆ་བཤད་དེ་སྡོད་པ་ནི་གད་མོ་ཤོར་ཡ་ཙམ་རེད།

ལྔ་། ༼ མོ་རང་ཡག་པོ་རེད་དེ། ཡིག་ཐོག་གི་སྙན་ཞུ་མ་ཕུལ་བ་དང་སྐད་སྒྱུར་མེད་པ་དེ་ཚོ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱིས་མ་འཇོན་པ་རེད་ཟེར་བ་ལྟ་བུ་དེ་རེད། ༽ 


ང་ཚོས་ནམ་རྒྱུན་གང་ཟག་ཅིག་གིས་བྱ་བ་ཡག་པོ་ཞིག་འཁྱོངས་བཞག་པ་མཐོང་ན་དེའི་རྒྱབ་ལོགས་ཀྱི་སྟོབས་ཤུགས་དང་རྒྱུ་རྐྱེན་མང་པོ་ཞིག་ལ་བསམ་བློ་གཏོང་གི་མེད། དཔེར་ན་༧གོང་ས་མཆོག་ལྟ་བུ་འདི་བཞིན་སྐུ་ཁམས་གསལ་དྭངས་ཀྱིས་ང་ཚོའི་མགོན་དུ་བཞུགས་པའང་། ནམ་རྒྱུན་ཁོང་གི་སྐུ་གམ་གྱི་མི་མང་པོ་ཞིག་གི་འབད་བརྩོན་དང་ཞབས་ཏོག་ལ་ཁ་འབྲལ་ཐབས་མེད་པ་དངོས་ཡོད་རེད། ཡིན་ན་ཡང་ང་ཚོས་ནམ་རྒྱུན་ཁོང་ཚོར་བཀའ་དྲིན་ཆེ་ཞུ་དགོས་པ་སེམས་ལ་འཁོར་གྱི་མེད། དེ་ལས་ལྡོག་སྟེ་ཐེངས་མ་གཅིག་ཙམ་ལ་ལས་འཛོལ་ཕྲན་བུ་ཞིག་བྱུང་ན་ཡང་ལམ་སང་ཚང་མས་ཚད་ལས་བརྒལ་བའི་བསྡིགས་དམོད་དང་ངན་སྨྲས་བྱེད་ཀྱི་ཡོད། འདི་ཚང་མ་ཚོར་བ་ཁོ་ནའི་སྐད་ཆ་བཤད་རྒྱུར་གོམས་པའི་མིའི་རང་གཤིས་རེད།

ཉི་མ་ལྷ་མོ་ལགས་དེ་རིང་སྡིངས་ཆ་འདིའི་ཐོག་ནས་སྐད་ཆ་བཤད་ཐུབ་པ་ཞིག་བྱུང་འདིའི་རྒྱབ་ལོགས་ན་ཡང་གོང་བཤད་བཞིན་མི་ཧ་ཅང་མང་པོ་ཞིག་གི་འབད་བརྩོན་དང་ལས་ཀ་སྦས་ཐབས་སུ་ཡོད་པ་ཞིག་རེད། དེའི་ཆ་ནས་ང་ཚོས་ཇི་ལྟར་མོ་རང་གི་བཀའ་མོལ་དེ་དག་ལ་གདེངས་འཇོག་དང་གཟེངས་བསྟོད་ཞུས་པ་ནང་བཞིན། མོའི་ད་ཐེངས་ཀྱི་ཨ་རིའི་སྲིད་འཛིན་དང་མཇལ་ནས་ཐད་ཀར་སྐད་ཆ་བཤད་ཐུབ་པ་ཞིག་བྱུང་བ་འདིར་འབྲེལ་ཡོད་མང་པོ་ཞིག་གི་འབད་བརྩོན་འདུས་ཡོད་ངེས་པ་འདི་ཡང་སེམས་ནང་ལ་དྲན་གསོ་གནང་དགོས།

དྲུག ༼ འདི་འདྲའི་སྐབས་སུ་གདོང་ལ་ཐོན་མཁན་དང་མིག་ཆུ་གཏོང་མཁན་དེ་ཚོ་ཁམས་དང་ཨ་མདོ་རེད། དབུས་གཙང་ལ་མི་འདུག་ཟེར་བ་ལྟ་བུ་དེ་རེད། ༽
སྐད་ཆ་འདི་རིགས་ནི་དེ་བས་ཀྱང་བྱབས་ཆུང་གི་སྐད་ཆ་རེད། ཡིན་ན་ཡང་། གོང་དུ་བཤད་པ་བཞིན་དོན་དག་ག་རེ་ཡིན་ན་ཡང་རྒྱབ་ལྗོངས་ཀྱི་རྒྱུ་མཚན་མང་པོ་ཞིག་ལ་སེམས་པ་འཁོར་ཐུབ་པ་བྱུང་ན་དེ་ནས་འདི་ནི་ཆོས་བརྒྱུད་དང་ཆོལ་ཁ་བྱེ་བྲག་པ་ཞིག་དང་འབྲེལ་བ་ཡོད་པ་ཁོ་ན་ཞིག་མ་ཡིན་པ་དེ་རང་ཤུགས་ཀྱིས་རྟོགས་ཡོང་གི་རེད།

ངས་བསམ་ན་ད་ཐེངས་ཀྱི་གོ་སྒྲིག་དེ་ལའང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འབྲེལ་ཡོད་བོད་པ་དག་དང་། ཨ་རིའི་སྐུ་ཚབ་དོན་གཅོད་སོགས་མང་པོ་ཞིག་གི་ཕྱག་ལས་དང་རམ་འདེགས་ཀྱང་ངེས་པར་འདུས་ཡོད་ངེས། དེའི་ཆ་ནས་ལས་དོན་འདི་དག་གི་རྒྱབ་ལོགས་སུ་ཆོལ་ཁ་ཆོས་ལུགས་རིས་མེད་ཀྱི་མི་སྣ་དག་ཀ་བ་དང་གདུང་མ། སྒོ་དང་སྒེའུ་ཁུང་བཞིན་ཐུན་མོང་མ་ཡིན་པའི་གྲུབ་ཆ་རེ་རེའི་གཟུགས་སུ་མཉམ་དུ་འདུས་ནས་ཐུན་མོང་གི་གཞི་གྲུབ་ཅིག་གི་ངོ་བོར་འཕོས་ཡོད་པ་འདི་ཤེས་དགོས། དོན་དངོས་ཀྱི་ཕྱག་ལས་གནང་མཁན་དག་ནི་དྲ་ཐོག་ནས་དཀྲུགས་ཤིང་རྒྱག་མཁན་དེ་དག་དང་མི་འདྲ་བར་དོན་དངོས་ཐོག་ཁ་ཁུ་སིམ་པོས་རང་འཁྲིའི་ལས་དོན་ལ་ཆ་ཚོད་ཉི་ཤུ་རྩ་བཞིའི་དུས་ཚོད་བཏང་ནས་བཞུགས་བཞིན་ཡོད་པ་རེད། ང་ཁོང་ཚོར་ཧ་ཅང་གུས་ཞབས་ཡོད།

བདུན། ༼ ཨ་རིའི་རླུང་འཕྲིན་ཁང་སོགས་ཀྱིས་བོད་ཀྱི་སྐུ་ཚབ་ཅེས་པའི་མགོ་བརྗོད་འོག་གསར་འགྱུར་སྤེལ་བར། དེ་ཉི་མ་ལྷ་མོ་སྒེར་གྱི་སྣང་བརྙན་མི་གསལ་བ་བཟོ་འདོད་རེད་ཟེར་བ་དེ་རེད། ༽

ཨ་རིའི་རླུང་འཕྲིན་གྱིས་བོད་ཀྱི་སྐུ་ཚབ་ཀྱི་མིང་ཐོག་ནས་སྲིད་འཛིན་ཏྲོམ་ལ་མཇལ་ཚུལ་གྱི་སྐོར་བཤད་པ་ནི་རྩ་བའི་ཆ་ནས་འགྲིག་པ་རེད། གསར་ལམ་ཁག་གིས་གནས་ཚུལ་སྤེལ་སྐབས་དེ་ལ་དྲང་བདེན་གྱི་རང་བཞིན་དགོས་པ་དང་། དེའི་ཆ་ནས་སྐབས་སྐབས་སུ་སེམས་ཁ་མ་གང་བའི་གནས་སྟངས་ཡོང་སྲིད་པ་ཞིག་རེད།
དེང་གི་གསར་འགོད་པ་དེ་ཚོ་མང་པོ་ཞིག་ལངས་ཕྱོགས་ཅན་གྱི་གསར་འགོད་པར་འགྱུར་བཞིན་ཡོད་ཅིང་། དེ་ནི་འཕེལ་ཕྱོགས་ཡག་པོ་ཞིག་མ་རེད།ཡིན་ན་ཡང་སྣང་ཚུལ་འགའ་རེ་རྒྱུ་མཚན་དུ་བྱས་ནས་ང་ཚོའི་གསར་ཁང་ཧྲིལ་པོའི་བྱས་རྗེས་ལ་རྩིས་མེད་གཏོང་མི་རུང་། གལ་ཏེ་སྐྱོན་བརྗོད་དགོས་ན་ཡང་དོན་དག་ཚང་མ་ཕྱོགས་ཡོངས་ནས་ཁ་ཚང་ཞིག་རྟོགས་པ་གནང་རྗེས་གཞི་ནས་སྐད་ཆ་བཤད་དགོས།

དེའི་ཆ་ནས་ང་ཚོས་ག་དུས་ཡིན་ན་ཡང་ཕྱོགས་མང་པོ་ནས་ཡོང་བའི་རྒྱུ་རྐྱེན་དེ་ཚོའང་དྲན་དགོས། ཨ་རིའི་རླུང་འཕྲིན་ཁང་གིས་ཐེངས་འདིའི་ཉི་མ་ལྷ་མོ་ལགས་དང་འབྲེལ་བའི་གནས་ཚལ་དག་སྔ་རྗེས་ཚང་མར་བཀོད་ཡོད་ཅིང་། བོད་མིའི་སྐུ་ཚབ་ཀྱི་མཚན་གནས་ཀྱི་ཐོག་ནས་བཀོད་པ་ནི་ཁོང་ལ་མཐོང་ཆེན་བྱས་པ་ཞིག་ཏུ་རྩི་ཆོག །དེ་ནི་དོན་དངོས་དང་ཡང་མཐུན་པ་ཞིག་ཀྱང་རེད།

ང་སྒེར་ངོས་ནས་ཐེངས་འདིའི་ཁོང་དང་འབྲེལ་བའི་ཐོག་ནས་གསར་ལམ་ཁག་གི་གནང་སྟངས་ལ་མ་འགྲིག་པ་དེ་འདྲ་གང་ཡང་མཐོང་མ་བྱུང་། 

མཇུག་ཏུ་ཉི་མ་ལྷ་མོ་ལགས་ཀྱང་ཉི་མ་ལྟ་བུའི་ཞང་པོ་བཟང་པོ་དེའི་ཐུགས་རེ་ལྟར། དུས་ཀྱི་ཁ་ཟུར་ནས་ཕྱོགས་རིས་དང་ཆགས་སྡང་གི་གཡུལ་སར་མི་ལྷུང་ཞིང་། ཞེན་ཁོག་དང་ཁ་འཛིན་ལ་རྩིས་གདབས་མི་ཆེ་བར་དོན་དམ་པའི་སྤྱི་མི་བཟང་པོ་ཞིག་གི་ངོས་ནས་ལས་དོན་མཐའ་དག་ཡར་ཟླ་ལྟར་ཡོང་བའི་སྨོན་ལམ་ཡོད།

རྫོགས་སོ།།

བསམ་ཚུལ།

Post navigation

Previous Post: སྟོན་པའི་ཞལ་པར་ཨང་གྲངས་དང་ཤཱ་རིའི་བུའི་སྐད་འཕྲིན། མོའུ་འགལ་བུའི་ངོ་དེབ་དང་འོད་སྲུང་ཆེན་པོའི་ཁྲུའི་ཁྲར། (མུ་འགོད)
Next Post: ཀ་རྩོམ་ཐོག་མ།

Comments (11) on “ཁ་སང་ཉི་མ་ལྷ་མོས་གང་བཤད་ཡོད།”

  1. འབྲོང་བུ་སོག་ཚ། says:
    2019-07-20 at 8:08 am

    ང་ཚོ་བོད་གཞུང་གིས་མ་འོངས་པར་མཛེས་མ་ཉི་ལྷ་བེད་སྤྱོད་གཏོང་དགོས་ན་བོད་དབྱིན་ཟུང་གི་སྐད་ལ་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེ།

  2. གཞུང་པ་ཚེ་དབང་བསོད་ནམས says:
    2019-07-20 at 11:59 am

    བརྒྱ་བཤད་ཀྱང་རུང་སྟོང་བཤད་ཀྱང་རུང་བུ་མོ་ཉི་མ་ལྷ་མོའི་སྐད་གྲགས་
    བཞག་སོང་ཐུགས་རྗེ་ཆེ་ཨ་རི་དོན་གཅོད་དང་བོད་དོན་ལས་འགུལ་ཁང་
    དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་སྤྱི་འཐུས་རྣམ་པ་སུ་གཅིག་གི་མ་ཐུབ་པ་དང་མ་འཇོན་པ་དེ་བུ་མོ་ཉི་མ་ལྷ་མོ་གི་གནང་སོང་
    ཐུགས་རྗེ་བཀྲིན་ཆེ་ཁྱེད་སྐུ་ཚེ་རུང་།

  3. AྀBHARU JIGWANG says:
    2019-07-20 at 2:07 pm

    ༄༅། ཉི་མ་ལྷ་མོས་ཨ་རི་སྲིད་འཛིན་མཇལ་ནས་ཞུ་མོལ་གནང་སྐབས་
    ང་རང་མིག་ནས་མིག་ཆུ་ཤོར་སོང། ཉི་མ་ལྷ་མོ་དང་ཐོག་རྒྱ་གར་ལ་འབྱོར་ནས་བདེ་
    སྡུག་བཤད་སྐབས་ཀྱང་མིག་ཆུ་རང་དབང་མེད་པ་ཤོར་སོང།
    རྒྱ་དམར་པོས་བྱེད་སྟངས་ལ་དེ་ཚོ་ནམ་ཡང་བརྗེད་ཐབས་མི་འདུག་
    ཉི་མ་ལྷ་མོ་ལ་བསྟོད་བསྔགས་ཞུ།

  4. AྀBHARU JIGWANG says:
    2019-07-20 at 4:06 pm

    ༄༅། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། བླང་དོར་ཇི་བཞིན་འདོམས་པའི་ཆོས་ཀྱི་མཛོད།
    ཐེག་གསུམ་དགེ་འདུན་འདུས་པའི་གཙུག་གི་རྒྱན།རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།

  5. གཞུང་པ་ཚེ་དབང་བསོད་ནམས says:
    2019-07-20 at 10:27 pm

    བུ་མོ་ཉི་མ་ལྷ་མོའི་མདུན་ལ་ང་ཚོ་ཚང་མ་ངོ་ཚ་རྒྱུ་མེད་ན་མ་རྟོགས་
    ངོ་ཚ་དགོས་པ་ཆགས་མི་འདུག་གམ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་
    སྲིད་འཛིན་འཁོད་ནས་ལོ་ངོ་བཞི་ལ་སླེབས་དུས་དབུས་བོད་མིའི་སྒྲིག་
    འཛུགས་དང་ཨ་རི་དོན་གཅོད་བོད་དོན་ལས་འགུལ་ཁང་སོགས་སྤྱི་སྒེར་སུ་གཅུག་གི་ཁོང་ལ་ཞུ་སྙན་ཙམ་ཕུལ་མ་ཐུབ་པ་དེ་མ་འཇོན་པ་ལ་ངོས་འཛིན་ཞུ་དགོས་པ་རེད་དམ་སྤྱི་དོན་ལ་འགན་མ་འཁུར་བར་ངོས་འཛིན་ཞུ་དགོས་པ་རེད་།

  6. བདེ་འཇགས་ཕོ་ཉ། says:
    2019-07-21 at 4:33 am

    ང་ཡི་བོད་པ་འདི་ཚོ་གློས་བཤད་བརྒྱབ་ན་དོ་ཡ་ཞིག་མེད། ཉི་མ་ལྷ་མོས་དབྱིན་སྐད་ཡག་པོ་འཁྱོངས་མིན་དེ་གནད་དོན་མ་རེད། དབྱིན་སྐད་ཡག་པོ་འཁྱོངས་མཁན་ཞིག་དགོས་ཚེ། ལྷ་ས་ནས་ནོར་གླིང་དུ་རླངས་འཁོར་ཉིན་གཅིག་གི་ལམ་ཐག་ཡོད་ལབ་མཁན་དེ་དག་ཡག་ཐག་ཆོད་ཡོད། མགོ་སེར་སེར་མྱིག་སྔོ་སྔོ་སྣ་འབིགས་འབིགས་འདི་ཚོས་ལུས་དང་སེམས་ཀྱིས་རྒྱ་དམར་པོའི་མནར་གཅོད་དངོས་སུ་མྱོང་མཁན་ཞིག་གི་སྐད་ཆ་ཉན་རྒྱུ་ནི་ཤིན་ཏུ་རིན་ཐང་ཅན་དུ་ལྟ་བ་རེད། དེ་མིན་ན་ངེད་ཚང་ལ་གཡག་ལྔ་བརྒྱ་ཡོད་ལབ་མཁན་དེ་དག་གི་གྲས་ནས་གཅིག་ཅི་ལ་མ་བདམ་པ་རེད་དམ། ཨ་རིའི་རྣ་བ་ཆེས་འགྲོ་ཤོས་ནི་ལྷ་ས་ནས་ནོར་གླིང་ལ་རླངས་འཁོར་ཉིན་གཅིག་གི་ལམ་ཐག་ཡོད་ལབ་མཁན་དང་། ངེད་ཚང་ལ་གཡག་ལྔ་བརྒྱ་ཡོད་ལབ་མཁན་གྱི་མི་དབྱིན་སྐད་ཆུ་རྒྱུག་རྒྱུག་ཤོད་མཁན་དེ་དག་གི་སྐད་ཆ་མ་ཡིན་པར་ཚིག་གྲུབ་གཅིག་ཤོད་པར་དབྱིན་ཡིག་ཚིག་མཛོད་བཅའ་བཅུ་རེ་བལྟ་དགོས་མཁན་གྱི་ཉི་མ་ལྷ་མོ་ལྟ་བུའི་རྒྱ་དམར་པོའི་མནར་གཅོད་དྲག་པོ་ལུས་དང་སེམས་ཀྱིས་མྱོང་མཁན་དེ་དག་གི་སྐད་ཆ་ཡིན། དེ་བས་འབུ་གྲོག་མ་ལྟ་བུའི་ལུང་ཁུག་གི་མྱི་ཅི་ཞིག་ཤེས་སོང་འདོད་འདོད་སྟོན་མཁན་གྱི་ངའི་བོད་པ་ཀླད་སྟོང་པ་ཚོས་རེ་ཞིག་བག་ཡོད་པར་གྱིས་ཤིག

  7. བདེ་འཇགས་ཕོ་ཉ། says:
    2019-07-21 at 4:35 am

    ཨ་རིའི་རྣ་བར་ཆེས་འགྲོ་ཤོས་

  8. གནམ་ལྕགས་རྡོ་རྗེ། says:
    2019-07-21 at 10:29 am

    བོད་མི་ཉི་མ་ལྷ་མོའི་བྱས་་རྗེས་ལ་ཡི་རང་ཞུ།
    བོད་མིས་བོད་དོན་ལས་དཀའ་བྱེད་རྒྱུ་དེ་སོ་སོའི་ལས་འགན་རེད། གཞུང་དང་ཚོགས་སྡེ་སྒེར་ལ་འགྲན་རྩོད་དང་ཁ་སྨྲས་ལབ་རྒྱུ་དེ་ཚོ་དུས་ཚོད་འདི་ལ་མིན་པ་ཚང་མས་ཤེས་དགོས།

  9. རང་བྱུང་རིག་པའི་རྡོ་རྗེ says:
    2019-07-21 at 10:40 pm

    ཉི་མ་ལྷ་མོས་སྤོབས་པ་བསྐྱེད་དེ་སྲིད་འཛིན་ལ་སྐད་ཆ་བཤད་པ་དེ་ཡག་པོ་རེད་དེ། འོན་ཀྱང་གྲུབ་འབྲས་གང་ཡང་ཐོན་ཀྱི་མ་རེད། ཉེ་ཆར་དབྱིན་ཇི་གསར་འགོད་པས་༧ གོང་ས་མཆོག་ལ་ད་ལྟའི་སྲིད་འཛིན་ཁྲོམ་གྱི་སྐོར་དྲིས་སྐབས་ལན་ཡག་པོ་གསུངས་ཡོད་པ་མ་རེད། ཆུ་ཚོད་སྔ་ཕྱི་ཙམ་ལས་སྲིད་འཛིན་གྱིས་ཐོས་ཀྱི་རེད།་དེ་ཐོས་ན་གཏན་ནས་དགའ་ཡི་མ་རེད། ༧ གོང་ས་མཆོག་ནས་སྲིད་འཛིན་ཁོང་བརྟན་པོ་མེད་པའི་ཚུལ་དང་། ཕྱག་གིས་ཕྱག་བརྡ་བྱས་ཏེ་ཀླད་པར་སྐྱོན་ཡོད་པའི་ཚུལ་འདྲ་ཞིག་གསུངས་ཚར་བ་རེད། དེ་ཕྱིར་ལེན་ཐབས་ཡོད་པ་མ་རེད། ད་ལྟའི་སྲིད་འཛིན་འདིས་རྒྱལ་ཁབ་དང་ཚོགས་པ་མང་པོ་ཨ་རིས་རོགས་སྐྱོར་བཅད་པ་རེད། འོན་ཀྱང་བོད་གཞུང་ལ་ད་ཕན་བཅད་ཡོད་པ་མ་རེད། གལ་ཏེ་ཁོང་སྲིད་འཛིན་གཉིས་པར་སླེབ་ན་གཅོད་སྲིད་པ་རེད། །

  10. ལྷ།བྱ་འཕུར་མ། says:
    2019-08-02 at 3:07 pm

    ཉི་མ་ལྷ་མོ། བག་མ་བསུས་ནས་མཁའ་འགྲོ་མ་བཟོ་རོགས། ཀུ་རེ་ཡིན།

  11. གཞུང་པ་ཚེ་དབང་བསོད་ནམས says:
    2019-08-02 at 4:07 pm

    མ་བཟང་གི་བུ་མོ་ཉི་མ་ལྷ་མོ།
    ཁྱེད་བོད་མི་རིགས་ཀྱིས།
    མཐོ་རེངས་དཀར་ཆེན་འདྲ་བྱུང།
    མི་རིགས་ཀྱིས་མདུན་ལམ་འདྲ་བྱུང།
    ལྷག་བསམ་གྱིས་དར་ཆེན་འདྲ་བྱུང།
    གངས་སེང་གི་སེངྒ་འདྲ་བྱུང།
    ཆུ་ཆེན་གྱིས་ཟམ་པ་འདྲ་བྱུང།
    བར་སྣང་གིས་གཡུ་འབྲུག་འདྲ་བྱུང།
    ཁྱེད་ལ་རེ་བ་དང་འགན་འཁུར་འདུག།
    མི་རིགས་ལ་གདུང་སེམས་འདུག།
    མི་རིགས་ལ་བརྩེ་བ་འདུག།
    མི་རིགས་ལ་ལར་ཞེན་འདུག།
    ཆབ་སྲིད་ལ་འགན་འཁུར་འདུག།
    མ་བཟང་གི་བུ་མོ་ཉི་མ་ལྷ་མོ།
    ཕ་བཟང་གི་བུ་མོ་ཉི་མ་ལྷ་མོ།
    ཁྱེད་རྒྱལ་ལོ་རྒྱལ་ལོ་རྒྱལ་ལོ་་་་་་་་་་་་་་་རྒྱལ་ལོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme