Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་ཚེའི་ལོ་རྒྱུས་རིང་མོ་ཞིག་གི་བརྒྱུད་རིམ། (ཉི་མ་སྟོང་གི་ཉིན་ཐོ།) ངོ་སྤྲོད།

Posted on 2019-01-202019-01-20 By ཡེ་ཤེས་ 15 Comments on མི་ཚེའི་ལོ་རྒྱུས་རིང་མོ་ཞིག་གི་བརྒྱུད་རིམ། (ཉི་མ་སྟོང་གི་ཉིན་ཐོ།) ངོ་སྤྲོད།

ཀླུ་སྨྱོན་ཧེ་རུ་ཀ

བོད་མི་མང་པོ་ཞིག་གིས་རང་ཉིད་ཀྱི་ལོ་རྒྱུས་ལ་འབྲི་རིན་མེད་སྙམ་པ་ནི་ནོར་འཁྲུལ་ཡིན། བོད་མི་ཚང་མས་རང་ཉིད་ཀྱི་ལོ་རྒྱུས་ངེས་པར་དུ་འབྲི་དགོས། གལ་སྲིད་ཡི་གེ་མི་ཤེས་ཀྱང་སྒྲ་ཐག་འཁོར་ལོར་བླངས་ཀྱང་ཆོག།
—གོང་ས་མཆོག་གི་བཀའ་སློབ།

ཁྱི་ཟུག་ཚད་ལ་རྡོ་འཕངས་ནས་བསྡད་ན་ཁྱོད་ནམ་ཡང་རང་གི་དམིགས་ཡུལ་ལ་སླེབ་མི་སྲིད།
—Winston Churchill

ང་ནི་རྒྱ་ནག་རྒྱལ་ཁབ་སྤྱི་དང་བོད་ས་ཡོངས་ལ་རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་ཆབ་སྲིད་ཀྱི་ལས་འགུལ་ཆེས་འཇིགས་སུ་རུང་བ། འགྲོ་བ་མི་སྤྱི་དང་ཁྱད་པར་དུ་རྒྱ་ནག་རྒྱལ་ཁབ་ཀྱི་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་རིང་མོའི་ཁྲོད་ཀྱིས་ཆེས་སྐྱི་གཡའ་ཞིང་ཆེས་གདུབ་རྩུབ་ཆེ་བ། བོད་གངས་ཅན་པའི་ལོ་རྒྱུས་རིང་མོའི་ཁྲོད་དུ་ཆེས་གཏོར་བཤིགས་ཅན་དང་ཆེས་དམར་གསོད་རང་བཞིན་ཅན་གྱི་ལོ་ངོ་བཅུའི་དུས་སྐབས་དེར་འཇིག་རྟེན་མི་ཡུལ་དུ་སྐྱེས་པ་ཡིན། ང་སྐྱེས་པའི་ཉིན་མོར་ཉི་འོད་ཀྱི་ཀློང་ནས་ཆར་བ་ཆུང་ཆུང་ཞིག་བབས་རྗེས་ངེད་ཚང་གི་གཡུ་སྦྲ་སྨུག་པོའི་བར་སྣང་དེར་འཇའ་ཚོན་སྣ་ལྔ་ཞིག་ཀྱང་ཤར་མྱོང་ཟེར་བ་བདེན་མིན་ཇི་ལྟར་ཡང་། དེ་ནི་དབྱར་གཞུང་གི་དུས་ཚིགས་སུ་ཁེལ་བས་ཉི་ཆར་འཇའ་གསུམ་འཛོམས་པའི་སྟབས་ལེགས་སྟེས་དབང་ཞིག་དང་འཕྲད་མི་ཆོག་རྒྱུ་ཡང་ཅི་ལ་ཡོད། ང་སྐྱེས་པའི་མཚན་མོ་དེར་ངའི་ཨ་མའི་ཕུ་བོ་ཨ་ཁུ་དགེ་འདུན་ཞེས་པ་རྡོ་རྗེ་རྣལ་འབྱོར་མའི་ཉམས་ལེན་པ་གྲགས་ཅན་དེ་གསང་སྟབས་སུ་ཕེབས་ནས་ཁྲུས་གསོལ་དང་འབྲེལ་བུ་ཆུང་དེའི་མིང་ལ་སྐལ་བཟང་ཐར་ཞེས་བཏགས་འདུག དེ་ནི་སྐབས་དེའི་བོད་མི་ཡོད་ཚད་ཀྱིས་ཆེས་རེ་སྨོན་བྱེད་པའི་རྨི་ལམ་མཛེས་སྡུག་ལྡན་པ་ཞིག་སྟེ། མུན་ནག་གི་དུས་རབས་དེ་ཡལ་ནས་མཛེས་སྡུག་གི་སྐྱ་རེངས་གསར་བ་ཞིག་འཆར་བར་དེ་དུས་ཀྱི་རྒྱ་མི་ཕལ་མོ་ཆེ་དང་བོད་མི་ཚང་མས་རེ་སྒུག་བྱེད་བཞིན་པ་དང་། དེ་ནི་དཔེ་དེབ་འདིའི་ཆེས་ཐོག་མའི་གླེང་གཞི་ཡང་ཡིན།

ངས་བྱིས་པ་ཕལ་མོ་ཆེ་དང་འདྲ་བར་རང་གི་སྐྱེ་བ་སྔོན་མ་དེ་ཅི་ཡང་མི་དྲན་མོད། རང་ལོ་ལྔ་ནས་བཟུང་སྟེ་བྱུང་བའི་དོན་དག་མང་པོ་ཞིག་ད་དུང་ཡང་དྲན་ཤེས་ཀྱི་མེ་ལོང་ནང་དུ་གསལ་བར་འཆར་ཐུབ་ཀི་འདུག དཔེར་ན་དེ་དུས་ཨ་མས་ངའི་ནུ་བོ་ཞིག་བཙས་པ་དང་། ང་དང་ངའི་སྤུན་མཆེད་རྣམས་ཟོག་རྫིར་སོང་ནས་ཁྱིམ་ཚང་གཞན་པའི་གད་སྙིགས་ཀྱི་ཁྲོད་ནས་བྱིས་པའི་རྩེད་ཆས་སུ་སྤྱོད་རུང་བའི་དངོས་པོ་ཙག་ཙིག་རེ་བསྒྲུགས་པ་ལྟ་བུའོ།། ཡང་ཆེས་ཐོག་མར་རྒྱ་མིས་ལྕགས་གླང་དུ་འབོད་པའི་འདྲུད་འཐེན་འཁོར་ལོ་མཐོང་སྟེ་འཇིགས་སྣང་ཆེན་པོས་ཕྱུག་ཟོག་བསྐྱུར་ནས་ཁྱིམ་ལ་བྲོས་པ་སོགས་ཀྱང་རང་ལོ་ལྔ་བའི་དུས་སུ་བྱུང་བ་ཡིན། བྱུང་བ་འདི་དག་གིས་ངའི་མི་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་འདིའི་མགོ་རྩོམ་པའི་རོལ་མོ་བཀྲོལ་ཡོད།

ལོ་བདུན་ལ་སོན་དུས་སྡེ་དཀྱིལ་གྱི་རས་གུར་སློབ་ཆུང་འགྲིམས་ཤིང་། དེ་དུས་ཀྱི་འགྲོ་རོགས་སྐྱེ་གཟུགས་ལེགས་ཤིང་འགྲམ་པ་དམར་བའི་བུ་མོ་ཆུང་ཆུང་དེ་ཚོ་དང་རྒྱབ་ལ་བདེ་ཞིང་མིག་ལ་མཛེས་པའི་དཔེ་ཁུག་ཆུང་ཆུང་། དགེ་རྒན་ཚུལ་བློ་དང་ཁོང་གི་ནག་པང་། མར་ཁེ་སི་དང་ཨེན་ཁེ་སི། ལེ་ཉིན་དང་སི་ཏ་ལིན། མའོ་ཙེ་ཏུང་བཅས་ཀྱི་འདྲ་པར་སོགས་ཀྱང་ནམ་ཡང་བརྗེད་ཐབས་མེད་ལ། ངེད་ཚང་གི་སྦྲ་ནག་དང་རས་གུར་སློབ་ཆུང་བར་དུ་འཐེན་པའི་ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ། བྱིས་བློའི་དྭངས་གཙང་དང་ལྷིང་འཇགས་ཀྱི་རྩྭ་ཐང་། འབྲོག་པའི་འཚོ་བ་དང་དུས་བཞིའི་འགྱུར་ལྡོག་སོགས་ཀྱང་ད་དུང་རྡོ་ལ་རི་མོ་བརྐོས་པ་བཞིན་ནམ་ཡང་བརྗེད་ཐབས་བྲལ་བ་ལགས་ཤིང་། འདི་ལྟར་འབྲོག་ཕྲུག་དཀྱུས་མ་ཞིག་གི་མི་ཚེའི་དེབ་ཐེར་གྱི་ངོས་སུ་གསེར་མདོག་གི་དབྱངས་གསལ་སོ་བཞིའི་མཛེས་སྡུག་ངོམ་པ་ནི་དེབ་འདིའི་དབུ་ཁྱུད་ཀྱི་ཚུལ་དུ་མཆིས།

རང་ལོ་དགུར་སོན་དུས་དགེ་རྒན་གྱིས་སློབ་མ་ཡག་ཤོས་སུ་བདམས་ནས་ཤེལ་ལུང་གཏན་སྡོད་སློབ་ཆུང་དུ་མངགས་པའི་སྔ་གཞུག སྟོན་ཁའི་ཞོགས་པ་དེར་ཕ་རྒན་གྱིས་ངའི་དཔེ་ཁུག་དང་ཉལ་ཆས་ཙག་ཙིག་སོགས་རྟའི་གོང་དུ་བསྡམས་ཤིང་། ངེད་གཉིས་ཀྱིས་རྩྭ་ལྗང་ཟིལ་བ་ཁྲོམ་མེར་སྐྱེས་པའི་རྩྭ་ཐང་ཆེན་པོ་དེ་འཕྲེད་ཀྱིས་གཤགས་ནས་ཤེལ་ལུང་སློབ་ཆུང་དུ་བསྐྱོད་པའི་ལམ་བར་གྱི་རྨི་ལམ་ལྟ་བུའི་ཚོར་སྣང་སྣ་ཚོགས། སློབ་ཆུང་དེར་ལོ་ངོ་བཞིའི་རིང་བསྡད་པའི་སྐབས་ཀྱི་མངར་ལ་སྐྱུར་བའི་འཚོ་བའི་བརྒྱུད་རིམ། དགེ་རྒན་བསོད་ནམས་རྒྱལ་གྱི་བྱམས་བརྩེའི་དྲོད་ཁོལ་དང་དགེ་རྒན་རྟ་མགྲིན་སྐྱབས་ཀྱིས་གཞུས་པའི་འགྲམ་ལྕག་གི་བྲོ་བ་སྐྱུར་མོ། བཀྲ་རྒྱལ་སོགས་སློབ་གྲོགས་རྒན་པ་འགས་གཅར་རྡུང་དང་བུ་མོ་ཆུང་ཆུང་ཞིག་ལ་ཤོར་བའི་མ་སྨིན་པའི་བརྩེ་དུང་གཉོམ་པོ་སོགས་ཀྱང་དྲན་འཛིན་གྱི་ཡལ་གའི་སྟེང་ན་དཔྱིད་མགོའི་མེ་ཏོག་བཞིན་ནམ་ཡང་མཛེས་སྡུག་གིས་བཞད་འདུག་ཅིང་། ལོ་ཟླ་འདི་དག་གི་ནང་དུ་སྐུ་འབུམ་དགོན་པར་མཇལ་སྐོར་ལན་གཅིག་སོང་བ་དང་། རྟ་ལམ་ཉི་མ་ལྔ་ཡིས་རྫོགས་པ་ཆེན་པོའི་གྲུབ་ཆེན་གཡུ་རྔོག་དོ་རྡོའི་སྒྲུབ་གནས་སོགས་བརྒྱུད་དེ་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་གསེར་ཞལ་མཇལ་བ་སོགས་ནི་དེབ་འདིའི་སྒོ་མོ་འབྱེད་བྱེད་ཀྱི་ལྡེའུ་མིག་རེ་རེ་ལགས།

སློབ་ཆུང་དེ་ནས་དུས་རྒྱུན་གསུམ་བཟང་སློབ་མའི་བྱ་དགའ་སྣ་མང་ཐོབ་སྟེ་སློབ་མཐར་ཕྱིན་རྗེས། ཁྱིམ་དུ་ལོག་སྟེ་ལོ་ཤས་རིང་ཕ་མར་ཞབས་ཞུ་དང་ནོར་ལུག་གི་རྫི་བོ་བྱས་པའི་མྱོང་ཚོར། ཞོགས་པའི་མཐིང་མདོག་གི་སྐྱ་རེངས་དང་དགོང་ཁའི་གསེར་མདོག་གི་མཚམས་སྤྲིན། དཔྱིད་གསུམ་སུན་སྣང་སྟེར་བའི་ས་རྡུལ་དང་རླུང་འཚུབ། དབྱར་གསུམ་དྲི་ཞིམ་འཐུལ་བའི་མེ་ཏོག་གི་རི་ཀླུང་ཐང་གསུམ། སྟོན་གསུམ་ཤ་མར་ཞོ་གསུམ་གྱི་འཚོ་བར་རོལ་བའི་གནའ་བོའི་གོམས་སྲོལ། དབྱར་ཁའི་མཚན་མོ་ཞིག་ལ་ཟླ་འོད་ཀྱི་ཀློང་ནས་གྲོགས་ལྕགས་འབུམ་རྒྱལ་གྱིས་བུས་པའི་གླིང་བུའི་དབྱངས་སྙན་གྱི་ཀློང་དུ་ཐིམ་པ། དགུན་གསུམ་ཁ་བ་དང་གྲང་ངར་གྱིས་ཡོད་ཚད་བསྡམས་པའི་འཁྱགས་རོམ་གྱི་འཇིག་རྟེན། (གླིང་གེ་སར་གྱི་སྒྲུང་)དང་(ཆུ་ངོགས་གཏམ་རྒྱུད)སོགས་ཡང་ཀློག་སྐྱར་ཀློག་གིས་འཛད་མཐའ་མེད་པའི་སེམས་གཏིང་གི་སུན་སྣང་སེལ་ཐབས་བྱས་པའི་ལོ་ཟླ་དེ་དག་ནི་དེབ་འདིའི་ཞིང་ས་རུ་སྨིན་བཞིན་པའི་མཛེས་སྡུག་གི་ལྗང་བུ་རེ་རེ་ལགས།

སྐྱེ་བ་སྔོན་མའི་ལས་འཕྲོ་དང་རྗེ་ལཱ་མོའི་ཡོངས་འཛིན་མཆོག་གི་བཀའ་བཞིན་ཚེ་འདི་བློས་བཏང་ནས་དབེན་པའི་རི་ལ་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་རྟོགས་པའི་གོ་འཕང་མཐོན་སོན་པའི་རང་རྟགས་སུ། སྣང་སྲིད་གླུ་དང་སྙན་ངག་ཏུ་བཞེངས་པར་ཆགས་ཐོགས་བྲལ་བའི་སེམས་དཔའ་ཆེན་པོ་བླ་ནག་རི་ཁྲོད་པའི་བཀའ་བཞིན། མཛེས་སྡུག་ལང་ཚོས་སྒེག་པའི་རྩྭ་ཐང་གི་བུ་མོ་གཞོན་ནུ་མ་ཞིག་གི་བརྩེ་བ་དང་རེ་སྒུག་ཡོད་ཚད་བརྗེད་ངེས་ཀྱི་ཀློང་དུ་བསྟིམས་ཏེ། དུང་དཀར་གྱི་དབྱངས་སྙན་ཕྱོགས་བཞིའི་རི་ཚོགས་ཀྱི་ཀློང་དུ་འཕུར་བའི་དབེན་དགོན་རྣམ་དག་ཁྲིམས་ལྡན་གླིང་དུ། རྗེ་བླ་མ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཡོངས་འཛིན་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་ངུར་སྨྲིག་གི་རྒྱལ་མཚན་དལ་རྟེན་མཛེས་པའི་རྒྱན་དུ་བླངས་ཤིང་། རྗེ་བླ་མས་ལོ་ངོ་བཅུ་ཡི་རིང་སྤྱན་གྱི་འབྲས་བུ་བཞིན་ཆོས་དང་ཟང་ཟིང་གཉིས་ཀས་བསྐྱངས་པ་དང་། རང་ཉིད་ཀྱིས་སུམ་རྟགས་སྙན་ངག རྒྱལ་རབས་ལོ་རྒྱུས། མདོ་སྔགས་གཞུང་ཆེན་སོགས་ལ་སློབ་གཉེར་གཉིད་མ་ཁུག་ཏུ་བྱས་པ་དང་། བོད་ཀྱི་ཚད་མཐོའི་རྩོམ་རིག་དུས་དེབ་(སྦྲང་ཆར་)རྩོམ་པ་པོའི་བྲང་རྟགས་ཐོབ་པ་དང་། (མཚོ་སྔོན་བོད་ཡིག་གསར་འགྱུར་)གྱི་ལོ་འཁོར་རྩོམ་རིག་བྱ་དགའ་ཐེངས་གསུམ་ལ་ཐོབ་པ་དང་ས་གནས་གསར་འགོད་པའི་ལག་ཁྱེར་ཐོབ་པ། བོད་ཀྱི་དགོན་སྡེའི་རྩོམ་རིག་དུས་དེབ་ཆེས་ཐོག་མའི་གྲས་(ལྗང་མྱུག)གསར་སྐྲུན་བྱས་པ་སོགས་རྩོམ་རིག་གསར་རྩོམ་གྱི་ཕྱོགས་སུ་རང་དང་ན་མཉམ་ཚོའི་ཁྲོད་ནས་གྲུབ་འབྲས་ཅུང་ཟད་བླངས་པ་སོགས་ནི་དེབ་འདིའི་ནང་དུ་ཏིལ་དང་ཏིལ་མར་གྱི་ཚུལ་དུ་མགོ་མཇུག་བར་གསུམ་གང་སར་ཡང་ཡང་བྲིས་ཡོད།

རྗེ་བླ་མའི་དཔེ་མཛོད་ལྷ་ཁང་ནས་སྟེས་དབང་གིས་(ཀུན་བཟང་བླ་མའི་ཞལ་ལུང་)གི་དཔེ་ཆ་དེ་ལག་སོན་བྱུང་བ་ཐེངས་ཤིག་བཀླགས་པའི་ཉེར་ལེན་གྱིས། དབེན་དགོན་དེར་སྡོད་མ་ཚུགས་པར་ཤར་ཕྱོགས་ཀྱི་རྟ་བའི་ཉིན་ལམ་གཉིས་ཙམ་ན་ཡོད་པའི་སྒེའུ་ལྷ་མོ་སྤུན་གསུམ་གྱི་རྫ་འདབས་སུ་བསྐྱོད་ནས་མི་ཚེ་དང་སྒྲུབ་པ་སྙོམ་འདོད་ལན་མང་བྱུང་ནས་དེ་ལུགས་ཆོས་གྲོགས་ནང་མ་འགའ་དང་ཕ་མར་བརྗོད་པ་དང་། མཐའ་མར་དེ་ལྟར་མ་བྱུང་བའི་རྐྱེན་གྱིས་མི་ཚེ་ས་མཐའ་ནས་སྐྱེལ་འདོད་ཀྱི་རེ་སྨོན་དྲག་པོས་ཡིད་དབང་གདུངས་ཏེ་ཉིན་མཚན་འཁྱོལ་དཀའ་བ་བྱུང་ཚུལ་སོགས་ནི་དེབ་འདིའི་མགུལ་དུ་དཔྱངས་པའི་བྱུ་རུ་དམར་པོའི་སྐེ་རྒྱན་ཞིག་གི་ཚུལ་དུ་བདོག

༡༩༩༢ ལོར་རྒྱ་གར་ལ་བསྐྱོད་རྩིས་ཀྱིས་ལྷ་སར་བསླེབས་ཀྱང་བོད་ཀྱི་སྤྱི་སྐད་དུ་འབོད་ཆོག་པའི་ལྷ་སའི་སྐད་དམ་དབུས་སྐད་བརྒྱ་ཆའི་དགུ་ཅུ་གོ་ལྔ་ཙམ་ཧ་མ་གོ་བའི་རྐྱེན་གྱིས་ལམ་ཁྲིད་འཚོལ་རྒྱུར་དཀའ་ངལ་འཕྲད་ནས་ཕྱིར་མཚོ་སྔོན་པོའི་བྱང་རྒྱུད་དུ་གྲོང་ཆོག་ལ་སོང་བ་དང་། ས་དེ་རུ་ཕ་ཡུལ་ཡིན་ཡང་ཕ་ཡུལ་མ་ཡིན་པའི་ཚོར་བ་ཇི་སྙེད་ཅིག་ཉམས་སུ་མྱངས་པའི་རྩོམ་ཡིག་ཁག་ཅིག་བྲིས་ཤིང་། ༡༩༩༤ལོར་ཡང་ལྷ་སར་འབྱོར་དུས། ཕ་ཡུལ་ནས་ལྷ་སའི་ཁ་སྐད་གཞིར་བཞག་གིས་བྲིས་པའི་བརྩམས་སྒྲུང་མང་ཙམ་བཀླགས་པའི་ཉེར་ལེན་གྱིས་གཞི་ནས་ལྷ་སའི་སྐད་ཆ་ད་ཚོར་རྒྱུས་ལོན་གོ་རྟོགས་མི་དམན་ཙམ་བྱུང་ཞིང་། བར་སྐོར་ནས་སྲོང་བཙན་དང་མགར་སྟོང་གཉིས་དང་མཉམ་དུ་དཀྲུགས་ཇ་ཞིག་ཚ་འཐུང་བྱས་རྗེས་ཟོང་སྐྱེལ་རླངས་འཁོར་ཞིག་ལ་བསྡད་དེ་བོད་བལ་ས་མཚམས་སུ་བསྐྱོད་པ་དང་། ཉིན་ཞག་བཅུ་བདུན་ཙམ་ཞིག་གི་འགྲུལ་བཞུད་འཇིགས་སུ་རུང་ཞིང་སྤོབས་པས་ཕྱུག་པ། ཉེན་ཁ་ཆེ་ཞིང་མཛེས་སྡུག་ལྡན་པ་ཞིག་བརྒྱུད་དེ་བལ་ཡུལ་དུ་འབྱོར་བ་དང་། ཀ་ཐུ་མན་ཐུ་དང་ལྡི་ལི་སོགས་བརྒྱུད་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་འབྲས་སྤུངས་སུ་འབྱོར་ནས་ཚ་བ་དང་བཀྲེས་ལྟོགས་ཀྱིས་དྲག་ཏུ་གཟིར་བའི་ཀློང་ནས་དཔེ་ཆར་བལྟ་རྫུ་བྱས་པ་དང་། ཕ་མ་དང་ཕ་ཡུལ་དྲན་པའི་གདུང་བ་དང་ས་མཐའི་སྐྱོ་སྣང་གཉིས་གཅིག་ཏུ་བསྲེས་ཏེ་ཧ་ལམ་ཉི་མ་རེ་ལ་སྙན་ངག་རེ་བྲིས་པ་དང་། ཕྱི་སྡོད་བོད་མིའི་ཁྲོད་དུ་འགྲེམ་སྤེལ་བྱེད་བཞིན་པའི་རྩོམ་རིག་དུས་དེབ་ཁག་ཏུ་རྩོམ་ཡིག་སྤེལ་མགོ་བཙུགས་པ་དང་། རྡ་རམ་ས་ལར་བསྐོངས་པའི་བོད་རྒྱལ་ཡོངས་རྩོམ་པ་པོའི་ཚོགས་འདུར་ཞུགས་ཤིང་། དེ་ནས་ལྷ་གཅིག་ཕྱག་ན་པདྨོའི་གསེར་ཞལ་མཇལ་ཞིང་གསུང་གི་བདུད་རྩིའི་རོ་མངར་སྙིང་ལ་སིམ་པ་དང་། དེ་ནས་བཟུང་སྟེ་གངས་ཅན་པའི་ཆོས་བརྒྱུད་ཚང་མ་དང་དེ་འཛིན་གྱི་སྐྱེས་བུ་དམ་པ་ཚོར་དད་གུས་དག་སྣང་མེ་བཞིན་འབར་བ་སོགས་ནི་དེབ་འདིའི་དཀྱུས་ཀྱི་བརྗོད་བྱ་གལ་ཆེ་བ་དག་ཡིན།

དེ་ནས་མི་ཚེ་འདིའི་ནང་གི་འགྱུར་བ་གལ་ཆེ་བའི་གྲས་སུ་བགྲང་ཆོག་པ་དག་སྟེ། རྒྱ་གར་ལྷོ་ཕྱོགས་ནས་བལ་ཡུལ་རྒྱལ་སར་གནས་སྤོ་བྱས་ནས་ལོ་ངོ་གསུམ་དང་ཕྱེད་ཀའི་རིང་སྒོ་མང་ནང་བསྟན་གསུང་རབ་པར་སྐྲུན་ཁང་གི་ཞུ་ཆེན་པའི་ལས་ཁུར་བླངས་པ་དང་། དེ་དང་མཉམ་དུ་(གཉན་ཆེན་ཐང་)ལྷ་ཚགས་པར་གྱི་རྩོམ་སྒྲིག་ལས་རོགས་བྱས་ཏེ་རང་རྩོམ་སྣ་ཚོགས་ཆུ་བོའི་རྒྱུན་བཞིན་སྤེལ་བ། རྗེ་བླ་མ་མཁས་གྲུབ་གཉིས་ལྡན་ཞྭ་དེའུ་འཁྲུལ་ཞིག་རྡོ་རྗེ་འཆང་ཆེན་པོ་སོགས་རྙིང་བཀའ་ས་དགེའི་སྐྱེས་བུ་དམ་པ་དུ་མའི་དྲུང་ནས་ཟབ་ཆོས་ལན་མང་ཞུས་པ། དེ་བཞིན་རྩོམ་པ་པོ་དང་སྙན་ངག་པ། སྤྲུལ་སྐུ་དང་སྤྲུལ་རྫུན་སོགས་ཀྱི་ཆོ་ལོ་ཡང་སྣ་མང་ཞིག་མི་ཚེའི་མགུལ་རྒྱན་དུ་དཔྱངས་པ། སྟེས་དབང་ཞིག་གིས་ནུབ་ཕྱོགས་ཨ་རིར་འབྱོར་ནས་མི་ལོ་བཅོ་ལྔ་ཙམ་གྱི་རིང་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་སྣ་མང་ལ་ངོ་སྤྲོད་བྱས་པ། རྗེ་གྲུབ་དབང་ཆེན་པོ་ས་སྐྱ་བདག་ཆེན་རིན་པོ་ཆེ་མཆོག་ལ་མི་ལོ་ཧྲིལ་བོ་བཅུ་གསུམ་རིང་ཞབས་ཞུ་མི་དམན་ཙམ་ཞུ་རྒྱུ་བྱུང་བ། གློག་ཀླད་དང་དྲ་རྒྱའི་རིག་གནས་དར་ཁྱབ་ཆེ་རུ་ཕྱིན་པ་དང་བསྟུན་ནས་རང་རྩོམ་སྣ་ཚོགས་བོད་ཕྱི་ནང་གི་དྲ་ལམ་གང་སར་བཀོད་པ། དེ་བཞིན་རང་རྩོམ་ཡིག་རིགས་མི་འདྲ་བའི་ནང་དེབ་ཉི་ཤུ་ཙམ་འགྲེམ་སྤེལ་བྱས་པ། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེས་གཙོ་བྱས་པའི་སྔ་འགྱུར་ཡབ་ཆོས་དུ་མ་མཁས་གྲུབ་ཀྱི་བླ་མ་དག་ལས་ཞུས་པ། འཛམ་གླིང་ས་ཕྱོགས་གང་སར་ཆོས་ཚོགས་སམ་ནང་བསྟན་སྒོམ་སྡེ་བཅོ་ལྔ་གསར་འཛུགས་བྱས་པ་སོགས་ཏེ། འདས་པའི་མི་ལོ་བཞི་ཅུའི་རིང་གི་མངར་ལ་སྐྱུར་བའི་འཚོ་བ་དང་དགའ་ཞིང་སྡུག་པའི་ཚོར་བ་སྣ་ཚོགས་ཀྱི་ཚོན་རྩི་བསྡེབས་ནས། ད་གཟོད་(ཉི་མ་སྟོང་གི་ཉིན་ཐོ།)ཞེས་པའི་དེབ་འདི་གྲུབ་པ་ཞིག་ཡིན།

རང་རེ་བོད་ཀྱི་རྩོམ་རིག་ལོ་རྒྱུས་རིང་མོའི་ཁྲོད་དུ་ཞིབ་ལྟ་ཞིག་དང་ཁྱད་པར་དུ་བོད་མིའི་མི་ཚེ་བརྗོད་བྱར་བཟུང་བའི་དཔེ་དེབ་དག་གི་ཁྲོད་དུ་འགྲུལ་བཞུད་ཅིག་བྱས་པ་ཡིན་ན། མི་སྒེར་བའི་མི་ཚེ་ཞིབ་འབྲི་དང་ཁྱད་པར་དུ་བདག་ལྟ་བུའི་སྐྱེ་བོ་རང་ག་བའི་མི་ཚེ་མཚོན་པའི་དཔེ་དེབ་ཧ་ཅང་དཀོན་ཞིང་། ལོ་རབས་བརྒྱད་ཅུ་བ་ནས་མགོ་བརྩམས་པའི་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རིམ་ལ་ཞིབ་འཇུག་བྱས་ན་ཡང་། (གཙུག་གཡུ།)དང་(ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག)ལྟ་བུའི་བཅོས་སྒྲུང་གི་རིགས་ཁ་ཤས་མ་གཏོགས། (ནག་ཚང་ཞི་ལིའི་སྐྱིད་སྡུག)ལྟ་བུ་བོད་མི་སྒེར་བའི་མི་ཚེ་ཞིབ་འབྲི་བྱས་པའི་དཔེ་དེབ་ཧ་ཅང་ཉུང་། ཕྱི་སྡོད་བོད་མིའི་ཁྲོད་དུ་མི་རབས་སྔོན་མའི་གྲས་ནས་གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དེབ་གཉིས་ཙམ་བོད་ཡིག་ནང་བསྒྱུར་ཡོད་ཀྱང་བརྗོད་བྱ་གཙོ་བོ་བོད་མི་བྱིངས་ཀྱི་དཀའ་སྡུག་གི་སྐོར་ཡིན་པ་མ་གཏོགས། ཁོང་སྐུ་སྒེར་གྱི་ཉིན་རེའི་འཚོ་བ་ཞིབ་འབྲི་དེ་ཙམ་གནང་མི་འདུག དེ་བཞིན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་དང་རྒྱལ་ལོ་དོན་འགྲུབ། འཇུ་ཆེན་ཐུབ་བསྟན་དང་དཔལ་ལྡན་རྒྱ་མཚོ་སོགས་ཀྱིས་རང་གི་མི་ཚེའི་བྱུང་བ་བརྗོད་པའི་དཔེ་དེབ་རང་ཉིད་ཀྱིས་བརྩམས་པའམ་གཞན་གྱིས་བྲིས་པ་ཡོད་ཀྱང་། དེ་ཚོ་ཞིབ་ཀློག་བྱས་ཚེ་སླར་ཡང་བོད་མི་སྤྱིའི་བདེ་སྡུག་གླེང་བ་མ་གཏོགས་གང་ཟག་རང་ཉིད་ཀྱི་མི་ཚེའི་བྱུང་བ་ཕྲ་མོ་ཞིབ་འབྲི་དེ་ཙམ་བྱས་མེད།

འདི་ལྟ་བུའི་བོད་མི་དཀྱུས་མའི་མི་ཚེའི་བྱུང་བ་བརྗོད་པའི་དཔེ་དེབ་ཧ་ཅང་དཀོན་པའི་སྟོང་ཆ་ཞིག་ཁ་སྐོང་བ་དགོས་དམིགས་གཙོ་བོར་བཟུང་བའི་སྟེང་དུ། ལོ་བཅོ་ལྔའི་སྔོན་རང་ཉིད་བལ་ཡུལ་དུ་སྡོད་དུས་བརྩམས་པའི་རང་ཉིད་ཀྱི་མི་ལོ་སུམ་ཅུའི་རགས་ཟིན་དེབ་ཆུང་(རྒྱལ་ཁབ་མེད་པའི་མི)ཞེས་པ་དེ་གཞིར་བཞག་པའི་སྟེང་དུ་ལོ་ཟླ་དུ་མའི་རིང་བྲིས་ཏེ་གསོག་ཉར་བྱས་པའི་ཉིན་ཐོའི་རིགས་དེ་ཚོ་ཕྱོགས་གཅིག་ཏུ་བསྡོམས་ནས་ད་གཟོད་སྟོད་ཆ་དང་སྨད་ཆ་གཉིས་ལྡན་གྱི་དེབ་འདི་གྲུབ་པ་རེད།

དེབ་འདི་ཨ་རི་དང་བལ་ཡུལ་རྒྱ་གར་བཅས་རྒྱལ་ཁབ་མི་འདྲ་བ་གསུམ་གྱི་ནང་ནས་གང་དུ་དཔར་སྐྲུན་བྱས་ན་ལེགས་པའི་སྐོར་བདག་གིས་བསམ་བློ་ཐེངས་བཏང་མཐར། བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་བྱེད་ཐུབ་ན་རྟེན་འབྲེལ་དགེ་མཚན་ཧ་ཅང་ཆེ་བར་མཐོང་ནས། དེ་ལུགས་དཔེ་མཛོད་ཁང་གི་པར་སྐྲུན་འགན་འཛིན་སྐུ་ཞབས་ན་ག་སངས་རྒྱས་བསྟན་དར་ལགས་སུ་དགོངས་སྐོར་ཞུས་པ་དང་། ཁོང་ནས་ལམ་སེང་དཔེ་མཛོད་དབུ་འཛིན་དགེ་བཤེས་ལྷག་རྡོར་མཆོག་ལ་བཀའ་འདྲི་ཞུས་པར་དགེ་བཤེས་ལགས་ནས་དེ་བཞིན་ཆོག་འཐུས་ཀྱི་བཀའ་ཁྲོལ་གནང་བ་དང་། དེ་ནས་བོད་འགྱུར་དཔེ་དེབ་སྐད་གྲགས་ཅན་(སྤྲིན་དཀར་ལམ་རྙིང་)གི་ཡིག་སྒྱུར་བ་དཔེ་མཛོད་ལས་བྱེད་དགེ་བཤེས་ངེས་དོན་རྒྱ་མཚོ་མཆོག་ངའི་ལོ་རྒྱུས་དཔེ་དེབ་འདིའི་རྩོམ་སྒྲིག་པར་བསྐོ་བཞག་གནང་བ་ནི་ཧ་ཅང་དགའ་འོས་པའི་དོན་དག་ཅིག་ཡིན། དགེ་བཤེས་ངེས་དོན་ལགས་དང་ངེད་གཉིས་ཀྱིས་ཟླ་ཤས་རིང་མཉམ་ལས་བྱས་འབྲས་སུ་དེབ་ཀྱི་ཞུ་དག་དང་འདོར་ལེན་སོགས་འཐུས་ཚང་བྱུང་རྗེས། རྒྱབ་ཤོག་ཇུས་འགོད་ཀྱི་ལས་ཀ་དེ་དཔེ་མཛོད་ལས་བྱེད་བསོད་ནམས་ཟླ་བ་ལགས་ནས་ལེགས་སྒྲུབ་གནང་བ་དང་། མཐའ་མར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་དཔར་སྐྲུན་གནང་རྒྱུའི་གཏན་ཁེལ་བྱུང་བ་དང་། སྔོན་མའི་གན་རྒྱའི་འབྲུ་དོན་བཞིན་དཔེ་སྐྲུན་བྱེད་གླའི་འགན་དེ་དེབ་རྩོམ་པ་པོ་བདག་གིས་ལེན་དགོས་པས། འདས་ལོ་བཅུ་ཕྲག་ཙམ་གྱི་རིང་བདག་གི་དམ་པའི་ཆོས་ཀྱི་ལས་གཞི་མང་པོར་རོགས་ཕན་ཚད་མེད་གནང་བའི་ལྕམ་ཇུའུ་ལིས་ཡ་མཆོག་ནས་སླར་ཡང་དེབ་འདི་པར་སྐྲུན་དང་ལྡི་ལི་ནས་ཨ་རིར་བསྐུར་གླ་ཚང་མར་འགྲོ་སོང་གཏོང་གནང་མཛད་པ་རེད།

དེ་ལྟར་ངའི་མི་ཚེའི་ལོ་རྒྱུས་རགས་ཙམ་ཞིབ་ཙམ་བྲིས་པའི་དེབ་(ཉི་མ་སྟོང་གི་ཉིན་ཐོ)འདི་ཉིད་བོད་མི་རིགས་ཆགས་འཇིག་གི་འགག་རྩར་ལྷུང་བའི་དུས་རབས་གཉན་ཕྲང་ཅན་འདིའི་ནང་གི་བོད་མིའི་མི་ཚེའི་བྱུང་བ་བརྗོད་པའི་ཆ་ཤས་ཤིག་དང་། དེ་བཞིན་དུས་རབས་གསར་བའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་ཁྲོད་དུ་མི་ཡུལ་གྱི་ཟས་དོད་ཆུ་རིན་ཙམ་ཞིག་གི་ཚུལ་དུ་འཇོག་རྒྱུ་བྱུང་བ་འདི་ནི་ངའི་མི་ཚེའི་ནང་གི་ཆེས་དགའ་འོས་པའི་དོན་བཟང་ཞིག་ཡིན་ཞིང་། དེ་བཞིན་བོད་མི་རིགས་ཀྱི་ལོ་རྒྱུས་ལ་མཚོན་ན་བརྗེད་དུ་ཕངས་པའི་སྐྱོ་གར་གྱི་ལེའུ་ཞིག་ཀྱང་རེད།།
(དེབ་འདི་རྡ་ས་དཔེ་མཛོད་ཁང་དང་རྩོམ་པ་པོ་བརྒྱུད་ནས་ཉོ་ཐུབ།)

ངོ་སྤྲོད།

Post navigation

Previous Post: ཝཱ་ཎའི་སློབ་དཔོན་ཞིག་གི་བཀའ་ལ་གྱེན་ལོག
Next Post: ཉེ་སྔོན་གྱི་མཆུ་ཏོ།

Comments (15) on “མི་ཚེའི་ལོ་རྒྱུས་རིང་མོ་ཞིག་གི་བརྒྱུད་རིམ། (ཉི་མ་སྟོང་གི་ཉིན་ཐོ།) ངོ་སྤྲོད།”

  1. རྔ་བ་རྒྱལ་ཁམས་པ says:
    2019-01-20 at 8:33 pm

    ཤིན་ཏུ་སྙན་བྱུང་བཀའ་དྲིན་ཆེ། “ཉི་མ་སྟོང་གི་ཉིན་ཐོ”ད་དུང་དངོས་སུ་ཀློག་རྒྱུ་མ་བྱུང་མོད། ཁྱེད་ཀྱི་ཕྱག་རྩོམ་འདི་དང་འདྲ་པར་དེ་དག་ལ་བལྟས་ན་ཐར་འདོད་ཀྱི་སྐྱེས་བུ་ཞིག་འཁོར་བའི་ཐང་ཆེན་དུ་བདེ་སྡུག་གི་འགྱེལ་ལང་ཅི་ཙམ་བྱས་ཡོད་མེད་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། རྟེན་འབྲེལ་ཞུ།།

  2. ཨ་ཤོ་ཀ། says:
    2019-01-21 at 3:20 am

    ཨོ་སྙན་མོ་བྱུང་བཀྲིན་ཆེ།།སྐུ་ལས་གནང་འདུག་ད་འབྲས་བུ་ཡག་པོ་སྨན་འདུག་འངུག

  3. ཇ་མ་ says:
    2019-01-23 at 4:25 pm

    ཧ་ཧ་གེ་སེར་གྱི་སྒྲུང་བཞིན་གང་མང་མང་དང་གང་རིང་རིང་ཞིག་བྲིས་ན་གང་འདྲ།

  4. ཇ་མ་ says:
    2019-01-23 at 4:31 pm

    ཆ་ཚང་ལྟ་མ་ཚར་ཐ་

  5. ཀླུ་སྨྱོན། says:
    2019-01-23 at 9:34 pm

    གེ་སར་སྒྲུང་གླུ་ཡིག་རྩ་ཡར་རྒྱས་ལ་བཀའ་དྲིན་ཆེ།
    ཆུ་ངོགས་གཏམ་རྒྱུད་རྩོམ་རྩལ་ཡར་རྒྱས་ལ་བཀའ་དྲིན་ཆེ།

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-01-23 at 10:45 pm

    མི་ཡིས་མི་ཚེ་ཚེ་ཡིས་ཁྲལ་ཡིན་ཏེ།
    ཁྲལ་པ་འཆི་བདག་དྲུང་དུ་མ་སླེབས་བར།
    སྐྱིད་དུས་རིང་དུ་གཏོང་རྒྱུ་མེད་ན་ཡང།
    སྡུག་དུས་་འཐུང་དུ་གཏོང་རྒྱུ་ག་ནས་ཡོད།

    ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་གསུང་ལས་བཏུས།

  7. རི་སྤྱང་ཁེར་འགྲོ says:
    2019-01-26 at 9:14 am

    ཀླུ་སྨྱོན་ལགས།
    ༼སྤྲིན་དཀར་ལམ་རྙིང་༽་འདི་བོད་ཡིག་ཏུ་བསྒྱུར་ཡོད་པ་ད་བར་དུ་ཤེས་མ་སོང་།
    ཕ་རན་སིར་གནས་བཞུགས་བཙུན་པ་ ཐི་ ཆི་ཏི་ནམ་ ཧམ་ མཆོག་གི་གསུང་འབུམ་དེ་ཡིན་ན། དེས་ཡིད་སེམས་རྟིང་རིམ་ནས་སྒུལ་ཏེ་མིག་ནས་འཆི་མ་བསྙིལ་བར་བྱེད་ར་ཡ།།།།

  8. Kyab says:
    2019-01-29 at 3:46 am

    མཆོག་ཏུ་བཀུར་འོས་ཀླུ་སྨྱོན་ལགས་སུ།
    མཆོག་ཉིད་ཀྱི་གསེར་བཟང་སྨྱུ་གེའི་རྩེ་ནས་ཐོན་པའི་པོ་ཏི་གཉིས་ཅན་གྱི་རང་རྣམ་༼ཉི་མ་སྟོང་གི་ཉིན་ཐོ༽་ངེད་ཅག་སྐལ་བཟང་མིག་གི་དཔལ་དུ་བཀྲམས་པར་རྟེན་འབྲེལ་དང སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
    ཉིད་ནས་གཤམ་གསལ་ཕྲན་སྒེར་ཁྱིམ་གྱི་ཁ་བྱང་ཐོག་རང་རྣམ་སྟོད་སྨད་ཚར་གཅིག་གཏོང་ཐུབ་ཚེ། བླུ་ཡོན་དང་སྦྲག་གླ་སྐར་མ་གཅིག་ཀྱང་ཆད་ལྷག་མེད་པའི་ཅལ་ཤོག་ཁྱེད་ཀྱི་ཁ་བྱང་ཐོག་འགྱངས་ཡན་མེད་པར་གཏོང་ཆོག།
    5221 Frisco Court, Middleton, WI 53562

  9. ཇ་མ་ says:
    2019-01-29 at 10:26 pm

    གཞི་ནས་ཆ་ཚང་ལྟས་ཟིན། དེའི་སྔོན་ཁོ་ཚུར་གྱིས་པེ་ཅིན་མི་རིགས་སློབ་གླིང་ལ་འཆད་ཁྲིད་བྱས་པའི་ལོ་རྒྱུས་ཡང་དྲན་སོང་།

  10. ནོོར་བུ། says:
    2019-02-13 at 2:47 am

    ཕྲན་ནུབ་ཕྱོགས་ཡུལ་ལ་ཡོད། དེབ་དེ་ཉོ་དགོས་པས
    ་ཇི་ལྟར་འབྲེལ་བ་བྱེད་དགོས་སམ། དྲ་ཐོག་ནས་ཉོ་ས་ཡོད་དམ།

  11. རྗེ་ལོ་ལོ་ཚང says:
    2019-12-12 at 9:51 am

    སེར་པོ་གསེར་གྱི་སྙུ་གུ་འཛིན་མཁན། ཀ་མད་སུམ་ཅུའི་མཛའ་བཤེས་ཆེན་པོ། ཀློག་མཁན་གྱི་སེམས་ངོགས་ན་རྒྱུ་བའི་ཟླ་བ་ཁེར་རྐྱང་། བོད་རྩོམ་མཛའ་ན་མོའི་ཚེ་གྲོགས་བཟང་པོ་ཀླུ་སྨྱོན་ཡེ་ཤེས་ལགས་སུ་རྟེན་འབྲེལ་ཞུ།

  12. ཀླུ་སྨྱོན། says:
    2019-12-13 at 12:14 am

    དེ་འདི་ཨ་རི་དང་ཁེ་ན་སྒྲའི་ནང་དགོས་མཁན་ཡོད་ན་འབྲེལ་གཏུགས་བྱོས།

  13. རྗེ་ལོ་ལོ་ཚང says:
    2020-01-24 at 2:15 pm

    ཁོ་རེ།
    དེབ་གཉིས་ལ་སྒོར་དུ་རེད།

  14. ཀརྡོ་རབ་འབྱམས་པ་ says:
    2020-01-26 at 10:41 pm

    ་་་་་་་་་་མིག་ལ་མཛེས་པའི་དཔེ་ཁུག་ཆུང་ཆུང་། དགེ་རྒན་ཚུལ་བློ་དང་ཁོང་གི་ནག་པང་། མར་ཁེ་སི་དང་ཨེན་ཁེ་སི། ལེ་ཉིན་དང་སི་ཏ་ལིན། མའོ་ཙེ་ཏུང་བཅས་ཀྱི་འདྲ་པར་སོགས་ཀྱང་ནམ་ཡང་བརྗེད་ཐབས་མེད་ལ། ་་་་་་་་་་ ཟེར།

  15. ཀརྡོ་རབ་འབྱམས་པ་ says:
    2020-01-28 at 2:06 am

    ལོ་རབས་དྲུག་བཅུ་བདུན་ཅུའི་ནང་གི་བོད་ནང་གི་གཞོན་སྐྱེས་ཚོའི་འཚོ་བ་རྣོན་པོ་དེ་དག་གསལ་སྟོན་བྱུང་འདུག དེ་བཞིན་དེ་དང་དུས་མཚུངས་སུ། རྒྱ་བལ་དའབྲུག་གསུམ་དུ་བོད་རིགས་ན་གཞོན་ཚོས་ཀྱང་། དཀའ་ངལ་མྱོང་སྟངས་དང་། སེམས་ཤུགས་འཁྱེར་སྟངས་སོགས་ལའང་ཉམས་ཞིབ་ཀྱིས། གསར་འབྱོར་རྙིང་འབྱོར་གཉིས་ཀྱི་བ་རལ། མཐུན་ལམ་གོང་འཕེལ་དུ་གཏོང་གང་ཐུབ་བྱེད་དགོས་འདུག་གདའ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme