Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་གཏིང་གི་འཚམས་ཕྲིན།

Posted on 2018-11-25 By ཁ་བརྡ 6 Comments on སེམས་གཏིང་གི་འཚམས་ཕྲིན།

རྫ་ཚེ་རིང་བཀྲ་ཤིས།
 
བླ་མ་ལ་ཕྱག་འཚལ་ལོ། །

བརྩེ་བའི་སྤུན་ཟླ་དགེ་རྩེ་སྐལ་བཟང་རྡོ་རྗེ་དང་། དགེ་རྩེ་རྒྱ་མཚོ་ཁྱེད་ཐེངས་རང་རེ་དཔལ་ངེས་གསང་སྔ་འགྱུར་རྙིང་མའི་དབུ་འཛིན་༧སྐྱབས་རྗེ་དགེ་རྩེ་རིན་པོ་ཆེ་ཟླ་འདིའི་བོད་ཚེས་༡༡ དང་སྤྱི་ཚེས་བཅོ་བརྒྱད་ཉིན་གློ་བུར་སྐུ་གཤེགས་པའི་རྐྱེན་ཆག་འདི་སྤྱིར་གསང་སྔགས་སྔ་འགྱུར་བའི་བསྟན་པའི་གོད་ཆག་ཡིན་པ་ཙམ་མ་ཟད། ཁྱད་པར་དུ་ཁྱེད་བུ་སྤུན་ནང་མི་ཚོའི་ངོས་ནས་ཀྱང་སེམས་ལ་དཀའ་ངལ་དང་གདུང་བ་ཆེན་པོ་དམིགས་བསལ་ཞིག་གིས་ནོན་བཞིན་ཡོད་པ་ངས་ཚོར་ཐུབ་ཀྱི་འདུག ཁར་རྩང་གནས་ཚུལ་རགས་རིམ་ཙམ་གོ་བྱུང་ལ། དེ་རིང་ཁྱེད་ཀྱི་རྒྱབ་ལྗོངས་སུ་བཞག་པའི་གཞུང་ཕྱོགས་གསལ་བསྒྲགས་ལས་ཡོངས་སུ་གསལ་པོ་ཆགས་སོང་།

ངས་དེ་རིང་སྤྱིར་བཏང་གི་རང་ཉིད་སྔ་འགྱུར་བསྟན་པའི་ལྷག་ཞབས་སུ་སྐྱེས་པ་ཞིག་གི་ངོས་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་སྐུ་གཤེགས་པར་འཆར་ཅན་གྱི་མྱ་ངན་ཞུ་ཚིག་འབྲི་བ་ཙམ་མིན་པར། གཙོ་བོ་ཁྱེད་ཅག་ནང་མི་དང་འབྲེལ་བའི་ཐོག་ནས་འཚམ་འདྲིའི་ཡིག་ཆུང་འདི་འབྲི་རྒྱུ་ཡིན།
ང་ལ་མཚོན་ན་དོན་དག་འདི་དང་འབྲེལ་བའི་ཐོག་ནས་བསམ་ན་ཁྱེད་ཚོ་ནི་ཧ་ཅང་གལ་ཆེན་པོ་ཡིན། དེ་དང་ཆབས་གཅིག་༧སྐྱབས་རྗེ་མཆོག་གི་གསང་གསུམ་གྱི་རྣམ་ཐར་ལ་རྗེས་སུ་དྲན་པའི་ཡིད་གདུང་གི་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན་པ་ནི་སྨྲོས་ག་ལ་དགོས།

ལར་༧སྐྱབས་རྗེ་མཆོག་དང་གུས་པ་ནི་ཁྱེད་ཀྱིས་གསུངས་ན་ཤ་རུས་ཀྱི་འབྲེལ་བའི་གཉེན་ཚན་ཞིག་ཏུ་གཏོགས་པ་ཙམ་ཡོད་སྲིད་འདུག་མོད། དེའི་ཆ་ནས་ངས་ཁོང་ལ་ཉེ་ངོ་ཤག་ངོ་སྤྲོད་པ་སོགས་ཚིག་ཟུར་ཙམ་ཡང་ཞུ་མ་མྱོང་།

འོན་ཀྱང་༧སྐྱབས་རྗེ་མཆོག་དང་གུས་པ་གཉིས་ནི་སྤྱི་ལོ་ཉིས་སྟོང་བཅུའི་ལོར་རྒྱ་གར་བྱང་ཕྱོགས་ཀྱི་ལ་དྭགས་དང་ཁད་ཉེ་བའི་མངའ་རིས་སྐོར་གསུམ་གྱི་བྱེ་བྲག་སྤི་ཏི་རུ་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་དྲུང་དུ་ཟླ་ངོ་ཧྲིལ་པོ་གཅིག་ལྷག་ལ་བདུད་འཇོམས་གཏེར་གསར་གྱི་དབང་ལུང་ཁྲིད་གསུམ་ཞུས་ནས་མཉམ་དུ་བསྡད་པའི་ཆོས་གྲོགས་ཡིན། སྐབས་དེར་ཁོང་གི་གཟིམ་ཤག་ཀྱང་ང་ཚོའི་སྡོད་གནས་ཀྱི་ཡང་ཐོག་ཏུ་ཡོད་སྟབས་སྐབས་མང་པོ་ཞིག་ལ་སྤྱིར་བཏང་གི་བཀའ་མོལ་ཞུས་མྱོང་ཡོད། ཁོང་ནི་ཧ་ཅང་འདོད་ཆུང་ཆོག་ཤེས་ངང་ཆོས་ཉམས་ལེན་གནང་ནས་བཞུགས་མཁན་ཞིག་དང་། ཕ་ཡུལ་གྱི་ལྟ་བ་ཅུང་འཁྲེགས་པོ་ཡོད་པ། བཀའ་མོལ་ཁ་རུ་ཁ་ཐུག་གསུང་མཁན། ལྷག་བསམ་རྣམ་དག་གནང་མཁན་ཞིག་འདུག་སྙམ་པའི་བག་ཆགས་ཤིག་བཞག་བྱུང་། ཉི་མ་གཅིག་ང་ཆེད་དུ་ཁོང་གི་གཟིམ་ཆུང་དུ་གཅར་སྐབས་ཁོང་གིས་ཆོས་དབྱིངས་མཛོད་ཅིག་གསུང་གིན་འདུག་ལ། དེ་ནི་ཁོང་གི་ཞལ་འདོན་རེད་འདུག ཤོག་སྣེ་ཚང་མ་ནག་པོ་ཆགས་ཆགས་བར་དུ་གསུང་འདུག་པས་ཕ་ཡུལ་གྱི་བན་རྒན་ཞིག་གི་ཁ་འདོན་ཡི་གེ་འདྲ་པོ་ཞིག་འདུག ཁོང་གིས་སྐབས་དེར་ང་ལ། གསར་སྐྱེས་བླ་ཆེན་ཞིག་གི་ནང་ནས་བཀའ་ཆོས་ཞུ་འདོད་ཆེས་ཆེར་ཡོད་ས་དེ་རྫོང་སར་མཁྱེན་བརྩེ་ཡིན་གསུངས་བྱུང་།
ཁོང་དུས་རྒྱུན་ཡང་༧གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཀྱིས་དད་དམ་ལ་ངོས་ལྐོག་རྒྱབ་མདུན་མེད་པ་གནང་མཁན་ཞིག་དང་། ༧གོང་ས་མཆོག་གིས་ཀྱང་ཐུགས་གཙིགས་ཧ་ཅང་ཆེན་པོ་གནང་ས་ཞིག་རེད། ལོ་སྔ་མ་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པའི་ཁྲིར་ཕེབས་རྗེས་ལྷག་པར་དུ་ཡང་རྒྱལ་ཕྱི་ནང་ཀུན་ཏུ་མཛད་པ་ཆེས་ཆེར་བསྐྱངས་འདུག་ན་ཡང་། ཁོང་སྐུ་སྒེར་གྱི་འཚོ་བ་ནི་ཧ་ཅང་སྟབས་བདེ་དང་དཀྱུས་མ་ཞིག་རེད་ཅེས་གོ །
ཐེངས་འདིར་དགོས་པ་རྒྱུ་མཚན་གང་ཡིན་ནི་སངས་རྒྱས་ཀྱི་དགོངས་པ་ཐེའུ་བྲང་གི་སྤར་ཚད་ཀྱིས་གཞལ་མི་ནུས་ན་ཡང་། ཕྱི་མཐའ་གཟིགས་པའི་གསུངས་དང་བཅས་ཅུང་རྒྱུན་ལྡན་མིན་པའི་མཛད་པས་སྐུ་བསྡུ་བའི་ཚུལ་བསྟན་པ་ནི་ཐ་མལ་བ་རང་རེའི་བློ་ལ་ཤིན་ཏུ་གློ་བུར་བ་ཞིག་ཏུ་གྱུར་ཀྱང་བྱ་ཐབས་བྲལ།

ལར་སྐྱེས་བུ་དམ་པ་སྐུ་གཤེགས་པ་ཡང་ངེས་པར་དུ་མལ་གྱི་ནང་ནས་དཀྱིལ་དཀྲུང་རང་བཅས་ནས་གཤེགས་དགོས་པ་ཞིག་ནི་མིན་འདུག་སྟེ། རྫོགས་པ་ཆེན་པོའི་གཞུང་དུ་རྣལ་འབྱོར་བ་རིགས་གཅིག་གིས་ཆེད་དུ་འདས་རྗེས་དང་འབྲེལ་བའི་གྲགས་འདོད་དང་ཞེན་པ་ལྡོག་པའི་ཆེད་དུ་ཤིན་ཏུ་ལྟོས་མེད་ཀྱི་མཛད་པ་གད་ཁུང་དུ་ཁྱི་ཤི་བ་ལྟ་བུའི་སྤྱོད་ཚུལ་འཛིན་རྒྱུ་ཡིན་ཚུལ་གསལ་ཞིང་རྒྱས་པར་གསུངས་ཡོད་པས་ཀྱང་ང་ཚོས་ཁོང་འདས་སྟངས་ཀྱི་ཆེད་དུ་དམིགས་བསལ་སེམས་ཁུར་གཏན་ནས་མི་དགོས་པ་ཞིག་ཡིན། དེ་ཡང་སེམས་ལ་འཇོག་པར་ཞུ།

དེ་ཡང་ཁྱེད་བུ་སྤུན་རྣམས་ནི་རུས་ཞེན་ཆེ་བ་དང་། ཕན་ཚུན་ཤ་ཉེ་བུ་སྤུན་དང་ཉེ་འབྲེལ་གྲོགས་པོ་སོགས་ཀྱི་ལར་ཞེན་དང་དམ་ཚིག་གི་ཐད་ལ་སྔོན་གྱི་གནའ་མི་དག་གི་གཤིས་ཀ་ལྟ་བུ་ཁུར་མཁན་གྱི་གླེན་པ་ཞིག་ཡིན་པ་དེར་ང་ལ་ཆ་རྒྱུས་ཡོད་སྟབས། ཁྱེད་ཅག་གི་ཆེད་དུ་ད་ཐེངས་ང་རང་ལ་ཡང་དེའི་ཐད་སེམས་ཁུར་ལྷག་མ་ཞིག་བྱུང་། ང་ཚོ་དང་པོ་ཐུག་ས་དེ་ལོ་བཅུ་ལྷག་གི་སྔོན་དེར་འཕགས་ཡུལ་ཅོན་ཏ་རའི་རྫོང་སར་བཤད་གྲྭའི་དགོན་མཐའ་ནས་རེད། དེ་དུས་ཁྱེད་བུ་སྤུན་དག་གི་གནས་སྟངས་ནི་ཉིན་རེའི་འཚོ་བ་འགྲོ་ཐུབ་ལ་མི་ཐུབ་ཙམ་ཡིན་ན་ཡང་། ང་ཐའེ་ཝན་ལ་སློབ་སྦྱོང་དུ་འགྲོ་རྒྱུར་ཉེ་སྐབས་ཤིག་ལ། ཁྱོད་རང་ཕྱི་རྒྱལ་སོགས་ལ་འགྲོ་རྒྱུར་སྒོར་མོའི་དགོས་མཁོ་ཡོད་ན་ང་ལ་ཧིན་སྒོར་འབུམ་གཅིག་ཡོད། དེ་ཁུར་ནས་རྒྱུག །ཅེས་ཟེར་མྱོང་། ངས་སྒོར་མོ་དེ་ཚོ་ཞུ་དགོས་མ་བྱུང་ན་ཡང་། ཁྱེད་རང་གི་འཕྲལ་ཐག་ཆོད་པོས་སྤུན་གྲོགས་ཀྱི་ལ་རྒྱ་ཁུར་སྟངས་དེར་སེམས་ལ་འཇགས་པོ་ཞིག་བྱུང་། རང་གིས་ཡིད་ཆེས་བྱ་སའི་མིའི་ཆེད་དུ་གང་ཡང་ཐུབ་པའི་གཤིས་ཀ་འདི་ཕ་ཡུལ་གྱི་རིག་གཞུང་རྙིང་པ་ཞིག་དང་། མང་པོ་ཞིག་གིས་དོར་ཟིན་པའི་ཅ་ལག་རྙིང་པ་ཡིན་སྐད་འདུག་སྟེ། ང་ཡང་སེམས་ཁམས་འདིར་དགའ་འདུན་ཆེན་པོ་ཡོད། དགོངས་དག ད་དོན་དག་ཡོད་ལ་མེད་མང་པོ་མི་ཞུ།

སྐད་ཆའི་གཞུང་ལ་བབ་ན། རང་རེའི་མི་ཚེ་འདི་ཡང་སྐྱིད་སྡུག་དཔྱིད་ཀའི་གནམ་ངོ་ལྟ་བུ་ཞིག་བརྒྱུད་ནས་ཡོང་བ་ཁོ་ན་ཡིན་སྟབས་གནས་ཚུལ་ག་འདྲ་ཞིག་ཡིན་ཡང་བསམ་བློ་རྦད་དེ་མི་ཐོངས་པ་དང་། གདོང་ལེན་གཏན་ནས་མི་ཐུབ་པའི་གནས་སྟངས་ཤིག་ནི་ཡོང་གི་མ་རེད། འདས་བྱས་ཀྱི་ཆོས་ཉིད་ནི་ཧ་ཅང་ཡ་ཡུད་ཆེ་བའི་ཟློས་གར་ཞིག་ཡིན་པ་འདིར་ཆོས་ཕྱོགས་ཀྱི་བློ་སྦྱོང་གི་ངོས་ནས་ཀྱང་ང་ཚོས་སེམས་གསོ་གང་ཐུབ་བྱ་བའི་འོས་སུ་ཆེ་བ་ཡིན། ད་ལྟ་དེ་ལས་ལྷག་པའི་བྱ་ཐབས་གཞན་གང་ཡང་ལྷག་མེད།

ཁྱེད་དང་ཁྱེད་ཀྱི་ནང་མིས་འདས་མཆོད་སོགས་འདས་རྗེས་ཀྱི་བྱ་བར་འབྲེལ་ཡོད་དགོན་པ་དག་དང་མཉམ་དུ་ཁུར་ཆེན་པོ་ལེན་བཞིན་ཡོད་པར་སྤོབས་པ་ཆེན་པོ་བྱུང་། སྡུག་དུས་གཉའ་མི་ཞུམ་པའི་ཆོད་སེམས་དང་བློས་གཏོང་ནི་མི་བུའི་རིན་ཐང་དང་ཕྱི་ཐག་ངོ་མ་དེ་རེད་ལགས། གང་ལྟར་གུས་པས་ཁྱེད་སྒེར་དང་ཁྱེད་ཀྱི་ཨ་མ་ལགས་དང་སྤུན་ཟླ་ནང་མི་ཡོངས་ལ་སེམས་ཀྱི་ཐོག་ནས་དམིགས་བསལ་སེམས་གསོ་ཞུ་བཞིན་ཡོད། དེ་དང་ཆབས་གཅིག་ངའི་ངོས་ནས་འབྲེལ་ཡོད་ཡིག་ཆ་རེ་འབྲི་རོགས་དང་ཞུས་དག་སོགས་རྒྱང་རིང་ནས་ཐུབ་པའི་རོགས་པ་ཆུང་ཆུང་དེ་འདྲ་ཡོད་ན་ག་དུས་ཡིན་ནའང་ངེས་པར་དུ་ལབ་གནང་རོགས། གཞན་ད་ལྟ་ཁྱེད་རང་བྲེལ་བའི་སྐབས་ཡིན་སྟབས་མང་པོ་མི་ཞུ། སེམས་ཤུགས་མ་ཆག་པ་གནང་རོགས།
འདས་མཆོད་སོགས་ཀྱིས་ལས་དོན་ཁྲོད་དུའང་། གཡས་གཡོན་ལ་བསམ་ཚུལ་མ་མཐུན་པ་དང་། བྱེད་ཕྱོགས་མ་འདྲ་བ་སོགས་བརྒྱུད་རིམ་ཁྲོད་ལྷག་སྲིད་པའི་འགལ་བ་དེ་འདྲ་མ་ཡོང་བའི་ཐོག་ནས་ཚང་མས་ཆོས་ཆོས་སུ་འགྲོ་བའི་འདས་རྗེས་ཀྱི་བྱ་བ་ཞིག་དགོས་པ་དེ་རྩ་དོན་གྱི་དང་པོ་དང་སྙིང་པོ་གཉིས་ཀ་ཡིན་པའང་ངེས་པར་དུ་མ་བརྗེད་པར་མཛོད།
རྒྱ་ཆེ་ས་ནས་དཀྱིལ་རལ་འགྲོ་བ་དེ་འདྲ་མ་ཡིན་པར་གདུང་མཆོད་དང་སྐུ་གདུང་སོགས་གང་ཅིར་ཐུན་མོང་དང་མང་མོས་ཀྱི་བསམ་ཚུལ་གཞི་ལ་བཞག་ནས་ཐག་གཅོད་གནང་རྒྱུ་དང་། ཐུན་མོང་ལས་གྲུབ་པའི་སྒྲིག་འཛུགས་ཀྱིས་ལག་ལེན་གནང་རྒྱུ་ནི་ཧ་ཅང་གལ་ཆེ་མོད། འདི་ཚོ་ངས་བཤད་འོས་པའི་སྐད་ཆ་ཡིན་མིན་མ་ཤེས་ལ། ཁྱེད་གཅིག་པུ་དང་འབྲེལ་བ་ཞིག་ཀྱང་མིན་པས་དེ་ཙམ་གྱིས་འཐུས་པར་བྱ། 
མྱུར་མཇལ་སྨོན་འདུན་བཅས།

ཤ་རུས་གཅིག་གིས་འབྲེལ་ཞིང་ཕྲན་ལ་བསམ་པ་དཀར་བའི་བལ་ཡུལ་གནས་བཞུགས་དགེ་རྩེ་རྒྱ་མཚོ་ནང་མི་ལ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་ནས་སྤྱི་ལོ་༢༠༡༨ཟླ་༡༡ཚེས་༢༢ ཀྱི་ཞོགས་པ་སེམས་ཚོར་ཆེན་པོས་འཕྲལ་སྤྲིངས།

ལྷུག་རྩོམ།

Post navigation

Previous Post: རྨི་ལམ་ནག་པོའི་བརྡ་ཡིག
Next Post: བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང།

Comments (6) on “སེམས་གཏིང་གི་འཚམས་ཕྲིན།”

  1. ལག་བརྡ། says:
    2018-11-26 at 2:39 am

    རྫ་ཚེ་རིང་ལགས་སུ་བཀྲིས་བདེ་ལེགས་ཞུ། ངས་ཁྱེད་ཀྱི་ཐུགས་གསོ་ཕྲིན་ཡིག་དྲ་རྒྱ་གཞན་ལས་བཀླགས་ཚར་ཡིན་ཏེ། ཁ་བརྡ་ནང་དུ་གང་མགྱོགས་བཀོད་ན་བསམ་ཏེ་རེ་བ་ངང་ལ་གནས་ཀྱང་ད་ལན་འདི་བཞིན་རྩོམ་ཡིག་ནི་་ཧ་ཅང་ཡག་པོ་འདུག་བཀྲིན་ཆེ་ཞུ་ཡག་ཡིན།།🙏🙏🙏 རྩོམ་ཡིག་འདི་རིགས་ལྟ་བུ་གང་མང་་གནང་ན་བསྔགས་བརྗོད་ཞུ་གིས་ཡོད། མ་ཟང་བཙུན་མིའི་ལས་འཆར་གྱི་རྩོམ་ཡིག་ངས་བཀླགས་ཡིནཡག་པོ་གསུངས་གནང་འདུག་པས་བཀྲིན་ཆེ། དགོངས་འགལ་རྩ་ནས་མེད་པ་ཞུ་ཡག་གཅིག་ནི། མཁན་ཚུལ་བློ་སྐོར་དེ་རྩོམ་ཡིག་ཡོད་ནའང་སྤྱི་ཚོགས་དྲྭ་ལམ་ནང་དུ་རྩ་ནས་མ་་བཀོད་རོག་ཞུ་ཡག་ཡིན།་ཁྱེད་ཀྱི་ངོ་ནས་ཁོང་ལ་དད་པ་དང་། གུས་ཞབས་ཡོད་་པ་ཡིད་ཆེས་ཡོད། འོན་ཏེ་དེང་སང་ ལ་ལས་ཁོང་ལ་ཕྲག་དོག་གཞན་དབང་གིས་ཁོང་ལ་ནག་ཉེས་འཛུག་རྒྱུའི་ལག་ཆ་ཞིག་ངེས་པར་ཡོང་ངེས་འདུག་ཟེར་གོ་ཐོས་སོང་བས་དེ་དོན་ཐུགས་ལ་འཇོག་པར་བཀྲིན་ཆེ།།

  2. རྫ་ཚེ་རིང་བཀྲ་ཤིས། says:
    2018-11-26 at 3:12 am

    མཁན་པོ་ཚང་གི་སྐོར་འདི་དམིགས་བསལ་ས་མཚམས་ག་འདྲ་ཞིག་ཟིན་དགོས་པ་དེ་རགས་རིམ་ཞིག་གོ་བཞིན་ཡོད། དེའི་ཐད་གཞན་ལས་མི་དམན་ཙམ་གྱི་དོ་སྣང་དང་མཐོང་ཆེན་ཞུ་བཞིན་ཡོད་ཞུ།
    ལར་མཆན་བུ་གནང་བ་བཀའ་དྲིན་ཆེ། དེང་སང་ཁ་བརྡ་བདག་མེད་དུ་ལྷག་ཉེན་འདུག ང་ཚོ་ཁ་བརྡའི་གྲྭ་འབངས་རྙིང་པ་ཚོས་བདག་པོ་མུ་མཐུད་རྒྱག་དགོས་ངེས་རེད། མཉམ་ཞུགས་མང་ཙམ་ཡིན་དཱ།

  3. སྤར་ཤད། says:
    2018-11-26 at 5:02 am

    རྫ་ཚེ་རིང་བཀྲ་ཤིས་ལགས་ནི་ནམ་རྒྱུན་ཕྱོགས་ལྷུང་གིས་མ་སྦགས་པའི་རྩོམ་པ་པོ་ཞིག་ཏུ་ངོས་འཛིན་གྱིས་གུས་བཀུར་ཞུ་འོས་པ་ཞིག་ཏུ་མཐོང་གི་ཡོད་ལ། རང་དང་ལྟ་བ་མི་མཐུན་པའི་གཞི་གང་ལའང་གུས་ཞབས་དང་ལྡན་པའི་བགྲོ་གླེང་གི་ལས་སུ་ཞུགས་མཁན་ཞིག་ཡིན་པ་དེ་ནི་དམིགས་བསལ་གྱིས་བསྔགས་འོས་པའི་གནས་འབའ་ཞིག་ཏུ་མཐོང་ངོ་།

  4. སྟོན་ཀ། says:
    2018-11-26 at 10:57 am

    ཨ་ཁ། དགེ་རྩེ་རིན་པོ་ཆེ་སྐུ་གཤེགས་པ་དེར་བློ་ཕམ་ཆེ། ཁོང་རྙིང་མའི་དབུ་ཁྲིད་པ་ཐོན་པ་དེས། སེམས་ནང་རྙིང་མ་བ་ཚོར་འཚོ་བ་རྒྱས་སྤྲོས་ལ་ཆགས་པས་མ་བཅིངས་པའི་དུས་རབས་དང་མཐུན་པའི་དབུ་ཁྲིད་གཅིག་ཐོབ་སོང་སྙམས་པའི་དགའ་བ་འཕེལ་བཞིན་པའི་སྟེང་ཁོང་་་་་་

  5. དྲི་མེད་ལྷག་བསམ། says:
    2018-12-19 at 8:59 pm

    དགེ་རྩེ་སྐུ་གཤེགས་པར་བསྔོ་བ་སྨོན་ལམ་དང་། གདུང་སེམས་མཉམ་བསྐྱེད་ཞུ།

  6. དྲི་མེད་ལྷག་བསམ། says:
    2018-12-22 at 3:40 am

    ༈ སྔ་འགྱུར་པ་སྤྱི་ཞུ་དགོས་པ་ཞིག་ལ། སྔ་འགྱུར་རྙིང་མའི་ཁྲི་རབས་བདུན་པ་ཟེར་བ་དེ་ནོར་འཁྲུལ་རེད། བོད་གཞུང་གི་གཡམ་རྒྱུགས་མཁན་ཚོས་དེ་ལྟར་བཤད་ཀྱང་བལྟ་རྒྱུ་མེད། བདུད་འཇོམས་ནས་འཁྲུལ་ཞིག་རིན་པོ་ཆེ་བར་༼སྔ་འགྱུར་རྙིང་མའི་དབུ་འཛིན་ལས༽༼གསེར་ཁྲི༽་ཞེས་ཡིག་ངག་གཉིས་ལ་གྲགས་པ་མེད། རྩེ་སྤྲུལ་རིན་པོ་ཆེའི་སྐབས་ཡིག་ཆ་རེ་གཉིས་ལ་བྲིས་ཡོད་། དེའང་རྡོ་བྲག་ཡིག་ཚང་དང་རྩེ་སྤྲུལ་ཚང་སྒེར་གྱིས་ངོས་ནས་བྲིས་པ་ཞིག་མ་རེད། དགེ་རྩེའི་སྐབས་ཡོད་ཚད་ལ་སྦྱར་འདུག བླ་མ་གོང་མ་རྣམས་གསེར་ཁྲི་མི་འགྱུར་བ་དང་ཕྱི་མ་ལ་དེ་ལས་ལྷག་པའི་གསེར་ཁྲིར་འཕར་ལྡིང་བྱེད་པ་འདི་མི་འོས་པ་ཞིག་རེད་སྙམ། རྗེས་སུའང་དེ་ལ་བསམ་བློ་ཞིབ་ཏུ་གཏོང་དགོས། རྙིང་མའི་ནང་ལ་གསེར་ཁྲི་ཞེས་པ་བོད་ཀྱི་གདན་ཐོབ་དང་བསྟུན་ནས་བརྒྱུད་རིམ་ངེས་ཅན་ཞིག་ཡོད་པ་གོ་དགོས་སྙམ། ཕྱིས་སུའང་སྔ་འགྱུར་རྙིང་མའི་དབུ་འཛིན་དེ་གཡོ་སྒྱུ་ཁྲམ་གསུམ་འཁྲབ་ནས་སྲིད་སྐྱོང་ལ་འོས་ཤོག་བླུགས་པ་ལྟར་མི་འགྲོ་བར། ཀུན་གྱིས་བཀུར་བའི་མཁས་ཤིང་དམ་ཚིག་གཙང་བ། ལྷ་གཅིག་གུ་རུ་པདྨའི་གྲུབ་མཐའ་ཁོ་ན་གཙིགས་སུ་འཛིན་ཅིང་། ཆེན་པོའི་ངོ་འཛིན་དང་། རང་གི་དགོས་མཁོ། རྒྱུ་ནོར་གྱི་ཆེད་དུ་བསྟན་པ་དང་ར་ཤ་མི་བརྗེ་མཁན་དགོས་པ་ཐུགས་ལ་འཛིན་པར་ཞུ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme