Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མོ་ཚོར་ཐོབ་ཐང་གླེང་བའི་འོས་བབ་མི་འདུག

Posted on 2010-06-052010-06-05 By ཁ་བརྡ་ 18 Comments on བོད་མོ་ཚོར་ཐོབ་ཐང་གླེང་བའི་འོས་བབ་མི་འདུག

ཨ་རིག་འགྱུར་མེད།

ཉིན་འདི་གར་ངས་སྐད་ཆ་ཚིག་འགའ་མི་བཤད་བསམ་ཡང་འགོག་ཏུ་མེད་པར་ཁ་སྣེ་ལྕེ་སྣེ་ནས་ཤོར་ཡོང་གི་འདུག དེ་ཡང་བྱེས་འབྱོར་བོད་ཀྱི་བུད་མེད་ཚོའི་ད་ལྟའི་གནས་བབ་ཐད་ནས་ཡིན། འདས་པའི་ལོ་འདི་འགར་ཁྱེད་ཚོས་བུད་མེད་ཀྱི་ཐོབ་ཐང་གླེང་བའི་སྐད་མགོ་ཇེ་མཐོ་ཡིན། བུད་མེད་ལ་ཅིག་མ་སྤྲད་དང་ཅིག་མ་བྱས་པ། བུད་མེད་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ། བུད་མེད་ལ་གདེང་འཇོག་མེད་པ་དང་བརྩི་བཀུར་མེད་པ། བུད་མེད་ལ་གནས་ལུགས་བཤད་ས་མེད་པ་དང་འདྲ་མཉམ་མ་མེད་པ་སོགས་ཀྱི་སྐོར་ནས་ཡིན། དངོས་གནས་དྲང་གནས་ཡིན། ཁྱེད་ཚོས་མང་བོ་ཞིག་གིས་མིད་པ་སྐམ་རག་བར་འདིའི་སྐོར་བཤད་ནས་ཁོམ་གི་མེད། ཕྱི་ནས་བཤད། ནང་ནས་བཤད། ཁྱོ་གའི་མདུན་ནས་བཤད། མི་མང་ཚོགས་ས་ནས་བཤད། ཉལ་སའི་ནང་ནས་བཤད། ཐབ་ཚང་ནང་ནས་བཤད། མང་བོ་མང་བོ་བཤད། ཡང་དང་བསྐྱར་དུ་བཤད།
ཡིན་ནའང་། བཤད་བཤད་མཐར་ཁྱེད་ཚོ་རང་ཉིད་ཀྱིས་རང་ཉིད་ཚོར་མཐོང་ཆུང་བྱས། ཁྱད་གསོད་བྱས། དམའ་འབེབས་བྱས། ཐ་ན་རང་གིས་རང་ལ་ཡིད་རྟོན་བརླག རང་གིས་རང་ལ་གདེང་ཚོད་བོར། ད་དུང་ཁོང་ཚོས་བུད་མེད་ཀྱི་ཐོབ་ཐང་གླེང་གི་ཡིན་ཟེར། ཁོང་ཚོར་བུད་མེད་ཀྱི་ཐོབ་ཐང་དགོས་ཟེར། ཐོབ་ཐང་མི་འདུག་ཟེར།
ཁྱེད་ཚོར་ཐོབ་ཐང་གང་དང་གང་མི་འདུག སུས་སྤྲོད་ཀི་མི་འདུག ཡང་ན་ཁྱེད་ཚོར་ཐོབ་ཐང་ཅི་ཞིག་དགོས། ཅིའི་ཕྱིར་དགོས་གལ་འདུག ངས་མིག་གཡས་ཞར་ནས་ལྟ་ཕྱོགས་དང་རྣ་གཡོན་དབོན་ནས་ཉན་ཕྱོགས་མིན་ན། ཁྱེད་ཚོས་བོད་གདོད་མའི་དུས་སུ་བུད་མེད་ཁ་ཆུང་དབང་ཆུང་དང་། གོ་གནས་དམན་སར་བཞག་སྟབས། ད་ནི་ང་ཚོས་ཀྱང་སྐྱེས་པ་ཚོར་ཆད་པ་གཅོད་ཀི་ཡིན་ཟེར། ཁོང་ཚོ་ཐབ་ཚང་དུ་བཅུག་ནས་ངེད་ཚོས་རྐུབ་སྟེགས་སྟེང་ནས་རྒྱས་འདུག་རྒྱས་འཐུང་བྱེད་ཀྱིན་ཡིན་ཟེར། སྐྱེས་པ་ཚོ་ཁྲུས་ཁང་དུ་མངགས་ནས་རང་ཉིད་ཉལ་སའི་ནང་ཕར་ལོག་ཚུར་ལོག་བྱེད་དགོས་ཟེར། ད་ནས་བཟུང་ངེད་ཚོ་ཁ་ཆེན་དབང་ཆེན་དེ་བྱེད་རྒྱུ་ཡིན་ཟེར།
ཡིན་ནའང་། དེ་ཙམ་གྱིས་ཁྱེད་ཚོར་ཐོབ་ཐང་རེག་སོང་བ་རེད་དམ། དེ་ཙམ་གྱིས་ཁྱེད་ཚོ་ཚིམས་སོང་བ་ཡིན་ནམ། སྙིང་རྗེ། དེ་ལྟར་ན་ངས་ཁྱེད་ཚོར་བུད་མེད་ཀྱི་ཐོབ་ཐང་གླེང་བའི་འོས་བབ་མི་འདུག་ཅེས་བཤད་ཆོག འཛམ་གླིང་གི་བུད་མེད་སྤྱི་མཚུངས་ལྟར་གྱི་ཐོབ་ཐང་གླེང་བའི་འོས་བབ་མི་འདུག་ཅེས་བཤད་ཆོག སྐད་མགོ་མཐོན་པོ་བྱས་ནས་བཤད་ཆོག ཚང་མས་གོ་ནི་བྱས་ནས་བཤད་ཆོག
ཟླ་གཅིག་གི་གོང་དུ་གངས་སྐྱིད་ཀྱི་ལས་བྱེད་ནང་ཁུལ་དུ་ལག་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་བྱས། རྩེད་འགྲན་དེ་ཕོ་མོ་གཉི་གར་ཁྱབ་པ་ཞིག་ཡིན། ནམ་རྒྱུན་གངས་སྐྱིད་ན་ཕོ་ལས་མོ་མང་བ་ཡོད། ལས་ཁུངས་ཁག་ན་ཕོ་ལས་མོ་མང་། ཡིན་ནའང་། རྩེད་འགྲན་དེར་ཕོའི་རུ་ཁག་བདུན་བྱུང་བ་དང་བུད་མེད་ཀྱི་རུ་ཁག་གསུམ་ལས་བྱུང་མེད། ལྡབ་གཅིག་ལྷག་གིས་བུད་མེད་ཚོ་ལྷག་ཡོད། སྐབས་དེར་ཁྱེད་ཚོ་སུས་བཀག་སོང་། གང་དུ་སོང་བ་ཡིན།
ཁ་སང་དེ་རིང་བོད་ཀྱི་མཛངས་མའི་འགྲན་བསྡུར་བྱེད་ཀྱིན་ཡོད། དེ་རུ་ཡང་བུ་མོ་བཞི་ལས་མེད། འདས་པའི་ལོ་ངོ་འདི་ཚོར་བུད་མེད་བཞི་ལྔ་རེ་ལས་བྱུང་མེད་ལ། སྐབས་རེར་གཅིག་ལས་མེད་པར་འགྲན་ཡ་མེད་པའི་མཛངས་མའང་བྱུང་མྱོང་། བཙན་བྱོལ་དུ་བོད་མི་ཆིག་འབུམ་བཞི་ཁྲི་ལྷག་ཡོད། དེའི་ནང་ནས་བུད་མེད་བདུན་ཁྲི་ཡོད་པར་ཆ་ཞོག དེའི་ནང་འཛིན་གྲྭ་བཅུ་གཉིས་མན་དང་ཆང་ས་བརྒྱབས་ཟིན་པའི་བུད་མེད་དྲུག་ཁྲི་ཡོད་པར་ཆ་ཞོག དེའི་ཤལ་དུ་ལང་ཚོ་དར་ལ་བབ་ཅིང་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་ཆོག་པའི་བུད་མེད་ཆིག་ཁྲི་ཡོད། དེའི་ནང་ནས་ད་དུང་དབྱེ་ཆོག ཁ་ངོ་སྐྱེས་འབྲས་ལེགས་པ་དང་ཤེས་བྱ་ཡོན་ཏན་མི་ལྡན་ན་མི་ཚུད་པར་ཆ་བཞག་ནའང་། ཤུལ་དུ་ཆིག་སྟོང་ཡན་ལ་སླེབས་ཀྱིན་ཡོད། བཙན་བྱོལ་དུ་ཡིག་རྨོངས་པ་ཕལ་ཆེར་མེད། དེ་ཡང་གཞོན་སྐྱེས་ཚོའི་ནང་དུ་བརྒྱ་ཆ་བརྒྱ་མེད།
དེས་ན་བུད་མེད་ཆིག་སྟོང་དེ་གང་ན་ཡོད། བཙན་བྱོལ་གྱི་སྐད་མགོ་མཐོན་པོ་ཅན་ཚོ་གང་ན་ཡོད། ཐོབ་ཐང་དགོས་མཁན་ཚོ་གང་ན་ཡོད། བུད་མེད་བུད་མེད་ཟེར་མཁན་ཚོ་གང་ན་ཡོད། ཐོབ་ཐང་ལེན་གི་ཤོག མགོ་བོ་དགྱེ་གི་ཤོག ཁ་ཡོད་ལག་ཡོད་ཅིག་འཕག་གི་ཤོག རང་རང་གི་རྣམ་དཔྱོད་དང་ལང་ཚོ་ངོམ་གི་ཤོག
ཡིན་ནའང་། ཁྱེད་ཚོས་དངོས་གནས་དྲང་གནས་འཇོན་གི་མི་འདུག ཆི་གང་ཡང་འཇོན་གི་མི་འདུག ད་རུང་ཅིག་བྱེད་རྒྱུ་ཡིན་ཟེར། ཅི་ཞིག་བྱེད་རྒྱུ། མ་གཞི་བུད་མེད་ཀྱི་ཐོབ་ཐང་ཟེར་བ་དེ་ངོས་ཟིན་ནམ། ཐབ་ཚང་གི་ཐོབ་ཐང་དེ་རེད་དམ། ཁྱིམ་ཚང་གི་དཔའ་སྐད་དེ་རེད་དམ། འདྲ་མཉམ་གྱི་འདུ་ཤེས་དགོས་ཀྱང་འདྲ་མཉམ་གྱི་འགུལ་སྐྱོད་དགོས་པ་མ་བརྗེད།
ཁྱེད་ཚོས་གཅིག་བྱས་ན་ངེད་ཚོས་བཀའ་ཁྲིའི་ཁ་ལ་ཉན་གི་ཡོད། བཀའ་ཁྲིས་ལས་གཞི་འདི་ཐོག་མར་བཙུགས་དུས་ནས་དགག་རྒྱག་སུན་འབྱེད་གནང་ཡོད་ཟེར་སྲིད། དེ་ཐུགས་དགོངས་ཆོས་ཀྱིས་བཀླུབས་པའི་བཀའ་བློན་ཁྲི་པའི་དགོངས་ཕྱོགས་ཙམ་རེད། ཁྱེད་ཚོ་ཁྱིམ་པ་བ་རེད། འཁོར་བ་སྐྱོང་མཁན་རེད། ཕྱི་ཁྲ་ཁྲ་དང་རྣམ་པ་ཟང་ཟིང་ལ་མགོ་འཁོར་མཁན་གྱི་ཁྱིམ་པ་བ་རེད། གལ་སྲིད་བཀའ་ཁྲིའི་བཀའ་ལ་བརྩི་ན་གཤིས་ཡ་རབས་དང་རྒྱུད་གཞུང་དྲང་གི་བོད་རིགས་བུད་མེད་རྣལ་མ་ཞིག་བྱོས་དང་། ཁྱིམ་ཚང་བདེ་སྐྱིད་དང་བཟའ་ཟླ་སྐྱིད་ལ་བཀུག་པའི་ཆུང་མ་ཡ་རབས་ཤིག་བྱོས་དང་། དེས་མིང་ལ་ཁ་ལ་ཉན་པ་ཟེར། གནས་ལུགས་རྟོགས་ནས་ཁ་ལ་ཉན་པ་ཟེར། ད་ཤེས་སོང་ངམ།

རྩོམ་རིག

Post navigation

Previous Post: སི་ཊ་སི་སྦག་གི་གསུང་བཤད་ལ་མགོ་འཁོར་བསྡད་ན་ནོར་བ་རེད།
Next Post: ང་མཛེས་་་ང་འདེམས་རོགས།

Comments (18) on “བོད་མོ་ཚོར་ཐོབ་ཐང་གླེང་བའི་འོས་བབ་མི་འདུག”

  1. drong says:
    2010-06-05 at 7:29 pm

    དྲ་གྲོགས་ཨ་རིག་འགྱུར་མེད་ནས་བཤད་པ་དེ་དག་ལ་བུད་མེད་རྣམས་ནས་ལན་ཞིག་འདེབ་དགོས་ངེས་རེད་ཅེས་ངོས་ཀྱི་གྲོགས་འདྲིས་བུད་མེད་ཁག་ཅིག་ལ་བཤད་པ་ཡིན།འོན་ཀྱང་ཁོ་ཚོས་བཤད་ན།་་་་་་་ང་ཚོར་ཐོབ་ཐང་ཡོད་མེད་ནི།་་་་དྷ་ང་ཚོས་གསར་འགྱུར་རྒྱུད་ལམ་ཁག་ནས་ལྟས་ན་ཤེས་ངེས་རེད།་་་་་་་་་་དཔེར་ན་བོད་ཀྱི་མཛངས་མའི་འགྲན་འདུར་ནང་དུ་བཞུགས་པའི་བུ་མོ་རྣམས་ལ་ཅི་ཞིག་དམོད་ཀྱིན་མི་འདུག་གམ་རྒྱུ་མཚན་དེ་དག་ལ་བརྟེན་ནས།་བུད་མེད་རྣམས་ཀྱི་ཕ་མ་དང་སྤུན་མཆེད་རྣམས་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདི་ཡི་ནང་དུ་ངོ་ཚ་ཁ་སྐྱེངས་ཡོང་གཞིའི་རྒྱུ་མཚན་ལ་བརྟེན་ནས་འགྲན་འདུར་ནང་འཛུལ་བཞུགས་ཉུང་ཉུང་ཆགས་པ་ལས་བོད་ཀྱི་བུད་མེད་རྣམས་ལ་ཤེས་བྱ་ཡོན་ཏན་གྱིས་མ་འདངས་པ་གང་ཡང་མ་རེད་ཅེས་ཟེར།་་་་་་ངོས་ནས་ཀྱང་དེ་དེ་བཞིན་ནོ་བཅས་གྲོས་འཆམ་བྱུང་ངོ།་

  2. རིག་བཟང་། says:
    2010-06-05 at 11:20 pm

    དངོས་ནང་བོད་སྤྱི་ཚོགས་ནང་གོམས་གཤིས་ངན་པ་ཞིག་ལ། དེང་རབས་ཀྱི་སྤྱི་ཚོགས་དང་གོམ་པ་མཉམ་བྱེད་ཐུབ་པའི་བློ་སྤོབས་ལྡན་པ་ཚོ་ཕྱོགས་ཡོངས་ནས་སྐྱོན་མང་སྣ་ཚོགས་འདོགས་ཀྱིན་འདུག་པ་དང། ལྷག་པར་བོད་མཛངས་མ་ཚོ་ལ་སྐྱོན་བརྗོད་དང་དམན་འབེབ་ངན་མང་སྣ་དགུ་བཏགས་ཡག་པ་རྩ་ནས་མ་རེད། མཛངས་མའི་འགྲན་བསྡུར་འདི་མི་རིགས་ཚང་མའི་ནང་ཡོད་པ་ཡིན་དུས་བོད་ལ་ཡོད་མི་ཆོག་པའི་རྒྱུ་མཚན་ཡང་དག་ཅི་ཡང་ཡོད་ཀྱི་མ་རེད།

  3. རིག་བཟང་། says:
    2010-06-05 at 11:22 pm

    ནོར་བཅོས། རྩ་ནས་ཡག་པོ་མ་རེད།

  4. drong says:
    2010-06-05 at 11:47 pm

    རིག་བཟང་ལགས་ནས་དགོངས་ཚུལ་གསུངས་པར་ངོས་ནས་རྒྱབ་སྐྱོར་བརྒྱ་ཐམ་པ་ཡོད་དོ།་
    སྤྱིར་བོད་ཀྱི་ཆོས་ཟེར་ནའང་མི་འདུག་བོད་ཀྱི་གོམ་གཤིས་ནང་དུ་བུད་མེད་ལ་གཉས་པའི་གཏམ་མང་པོ་ཡོད།
    འདི་ལྟབུའི་སྒོམ་གཤིས་མཐུག་པོ་ཡོད་པའི་སྤྱི་ཚོགས་སུ་བུད་མེད་གྱོན་གོས་ཕུད་ནས་ཁྲོམ་དུ་རྒྱུགས་ཚེ་ལྟས་ངན་ལོས་བརྩི།
    འོན་ཀྱང་ཀླད་རྙིང་མཁྲེགས་བཟུང་གི་གོམ་གཤིས་ངན་པ་དེ་དག་རིམ་གྱིས་འགྱུར་བའི་རེ་བ་ཡོད།་་
    དཔེར་ན།་་་བོད་ཀྱི་ཆོས་ལུགས་ཀྱི་བཟློག་སྔགས་སོགས་སུ་དགུན་དཀྱིལ་དུ་འབྲུག་སྒྲགས་པ་ལས་སོགས་ལྟས་ངན་བརྩི་རུང་ད་ཆ་རྒྱ་གར་སོགས་ས་ཆ་དམའ་བའི་ཡུལ་དུ་དགུན་པོར་འབྲུག་སྐད་སྒྲོགས་པ་ལ་བོད་པ་རྣམས་ཐོག་མར་ཧོན་འཐོར་རུང་རིམ་གྱིས་ཡ་མཚན་དུ་མི་ཆེ་བའི་གནས་སུ་གྱུར་བ་ལྟ་བུའོ།་་་

  5. Dolma says:
    2010-06-06 at 3:43 am

    Hi
    Mom….

  6. རིག་བཟང་། says:
    2010-06-06 at 6:59 am

    དངོས་ནས་ཡ་མཚན་རེད། འཛམ་གླིང་གི་མི་རིགས་ཕལ་ཆེར་ལ་ཡང། བུ་མེད་རྣམས་ཆུ་བརྐྱལ་གྱོན་གོས་སོགས་གྱོན་ནས་ཁྲོམ་སོགས་ལ་འགྲོ་བར་ལྟས་ངན་དང་། ངོ་ཚར་བརྩི་བའི་གོམ་གཤིས་དང་ཐོག་ཞིག་ལ་ཚང་མར་ཡོད་ངེས་རེད། ཡིན་ནའང་དེང་གི་དུས་རབས་འདིར་ཡང་ཕལ་མོ་དེ་འདྲའི་བག་ཆགས་ལ་རྒྱབ་ཏུ་ཞོག་མོད། རང་ཅག་བོད་རིགས་རྣམས་ད་དུང་དེ་འདྲའི་བག་ཆགས་དེ་དང་ཁ་འབྲལ་མོ་ཕོད་པའི་རྒྱུ་མཚན་ག་རེད་ཡིན་ན། དངོས་ནས་བསམ་གཞིགས་ཞིབ་མོར་བཏང་ཚེ་གདོང་ལ་ཡོད་པའི་སྣ་དེ་གཞན་ལ་སྟོན་པར་ངོ་མི་ཚ་བ་དང། ལུས་ཀྱི་གསང་གནས་གཞན་ལ་སྟོན་པར་ངོ་ཚར་བརྩི་བའི་བག་ཆགས་འདི་གང་ནས། ཇི་ལྟར་བྱུང་བ་ཡིན་ནམ། དངོས་ནས་ཡ་མཚན་རེད།

  7. norzang says:
    2010-06-06 at 10:20 am

    Hi Rigzang, If you are Tibetan please you don’t tell like this on the Khabda, i am very shy. In our country is not like Western cultures. Actually we want to bring good thing to copy for us ok. But please don’t tell this. Maybe these articles to hear H.H and Kalon Triwa possible they will cry. That why they getting fell now we everything are losing. Please. Please.

  8. drong says:
    2010-06-06 at 10:57 am

    ནོར་བཟང་ལགས་བོད་ཀྱི་བུ་ཕོས་བོད་ཡིག་མི་འབྲི་བ་དང་བོད་མོས་དེང་དུས་ཀྱི་མཛངས་མའི་འགྲན་འདུར་བྱེད་པ་གཉིས་ལ་ཁྱད་པར་ཡོད་དམ་སྙམས།
    འདི་དག་རྒྱལ་བ་རིན་པོ་ཆེ་དང་བཀའ་བློན་ཁྲི་བས་གཟིགས་ན་སྤྱན་ཆབ་ཤོར་བ་འདྲ་མཚུངས་སུ་མཐོང་ངོ།
    དགོངས་དག་གཞན་གྱི་འགན་ཁུར་བླངས་བར།

  9. མེ་ཏོག་དཀར་པོ། says:
    2010-06-06 at 11:19 am

    ཕོ་མཆོག་མོ་དམན་ལྟ་བ་ཕམ་གྱུར་ཅིག

  10. མེ་ཏོག་དཀར་པོ། says:
    2010-06-06 at 12:51 pm

    ནོར་བཟང་ལགས། ཁྱེད་རང་བོད་ཀྱི་རིག་གཞུང་ལ་དུང་ཞིང་ནུབ་ཕྱོགས་པའི་ལུགས་མི་མཉེས་ན་དང་པོ་བོད་ཡིག་ཅིག་བྲིས་དང་།
    གཞན་བཀའ་ཁྲིས་གཟིགས་ན་བཞད་མོ་ཤོར་སྲིད་པ་རེད།
    རྩེད་མོ་ཡིན་ལོ།

    སྔ་མོ་་་༡༩༥༩་སྔོན་ཙམ་ལ་ལྷ་ས་ལ་དབྱིན་ཇིའི་སྐད་ཡིག་སྦྱོང་ས་ཞིག་བཙུགས་པ་རེད། དེ་དུས་ཁྱེད་རང་གིས་ད་ལྟ་བཤད་པ་ནང་བཞིན་བཤད་མཁན་དང་དྲན་མཁན་མང་དྲག་ནས་སློབ་གྲྭ་དེ་སྒོ་རྒྱབ་དགོས་ཐུག
    བོད་གཞུང་དམངས་བཙན་བྱོལ་དུ་འབྱོར་བ་དང་སྔ་མའི་བསམ་བློ་ལྗང་གུ་ཡིན་མཁྱེན་སོང་བ་རེད།
    ད་ལྟ་ཁྱེད་ཀྱི་དྲན་པ་དང་བཤད་པ་དེ་ལོ་བཅུ་ཙམ་ནས་ཕྱིར་ཤིག་བྱས་ནས་བལྟས་ན་ཁྱེད་རང་ངོ་ཚ་ནས་ཅི་བྱེད་འདི་བྱེད་མེད་པ་ཞིག་ཆགས་སྲིད།

    ཡང་གྲོ་མོ་ནས་ལྷ་ས་བར་འཁོར་ལམ་གཟོ་རྩིས་བྱས། ཡང་དགེ་ལུགས་པའི་དགོན་ཆེན་གསུམ་གཙོར་བྱས་པའི་རྒྱུ་མཚན་རྩོད་ནས་མི་ཚེ་སྐྱེལ་མཁན་ཁག་ཅིག་གིས་བཀག་པ་རེད། རྒྱུ་མཚན་ནི་ཁོང་ཚོས་རྟ་དྲེལ་མང་པོ་ཞིག་དོས་སྐྱེལ་གྱི་ཡོང་ཁུངས་མེད་པ་འགྲོ་ཡོང་དྲན་པ་རེད། ཡིན་ནའང་རྟ་དྲེལ་བཙོང་ནས་སྣུམ་འཁོར་ཉོ་ཐུབ་པའི་རིགས་པ་བསྡུས་གྲའི་ནང་མེད་འོང་དུས་ཁོང་ཚོས་ཀྱང་མ་དྲན་པ་རེད།
    དེ་ཡིན་དུས་དེ་སྐབས་སྣུམ་འཁོར་ནང་འགྲོ་རྒྱུའི་གོ་སྐབས་འགག་པ་རེད།

  11. ཀརྡོ་རབ་འབྱམས་པ་ says:
    2010-06-06 at 4:51 pm

    ཕོ་མོ་འདྲ་མཉམ་ཡོང་བའི་བཀྲ་ཤིས་ཤོག །

  12. ཨ་རིག་འགྱུར་མེད། says:
    2010-06-07 at 12:28 am

    ཁ་བརྡ་ཚང་གིས་གུས་པའི་རྩོམ་ཆད་འདི་དྲ་ངོས་སུ་བཀོད་པར་ཐུགས་རྗེ་ཆེ་ཞུ་བ་ཡིན། ངས་ཅང་ཤོད་ཡོད་བསམ་མེད་ཀྱང་ཁ་བརྡ་ཚང་གིས་ཆེ་མཐོང་གནང་བར་སྙིང་ནས་དགའ་ཡོད། ཐུགས་རྗེ་ཆེ།

  13. ཀ་པ་ says:
    2010-06-07 at 5:19 am

    སྤྱིར་གཞིས་པ་རྣམས་ལས་བྱེས་པ་དག་བློ་རྒྱ་ཡོད་པ་དང་འཇོན་ཐང་ཆེ་བ། བློ་ཕུགས་ཡངས་པར་ཀུན་གྱིས་བརྩི་བ་ཡིན་མོད། དེར་སྡོད་ཀྱི་བོད་མི་རྣམས་ད་དུང་ཡང་བསམ་བློའི་གྲོག་ཤུར་འདི་རུ་སྦས་སྐུང་བྱས་པ་དག་ཐོས་ན་ངོ་ཚ་ནས་ཡུད་ཡུད་པོར་གྱུར་འགྲོ་བ་ཁག་ཡེ་ནས་མེད་པ་འདྲ། ངོ་མ་ཡིན། མི་རིགས་ཀྱི་རིག་གནས་ཟེར་ནས་ཆོས་ཕྱོགས་ཏག་ཏག་ལ་ཤི་འཐམ་རོ་འཐམ་མི་བྱེད་པར་གལ། དེང་སྐབས་ཕྱི་རྒྱལ་པ་དག་གི་སྣང་ངོར་བོད་ཟེར་བ་ནི་ཆོས་བསྒྲུབ་མཁན་དག་གི་འདུ་ཤེས་ཙམ་ལས་མེད་པ་འདྲ། དེ་བཞིན་འུ་ཚོས་ཀྱང་ཆོས་ཞེས་པ་དེ་རྩ་ཆེ་མདོག་དང་ཅིག་ཡིན་མདོག་གིས་ངོམ་གྱིན་འདུག་ཀྱང་། འཁོར་བ་སྐྱོང་མཁན་ཞིག་ལ་མཚོན་ན་དེ་འདྲ་གལ་ཆེན་པོ་མ་རེད།

  14. མགོན་པོ་ཕྱག་གཉིས་པ། says:
    2010-06-07 at 5:24 am

    ང་ཚོའི་སྤྱི་ཚོགས་ནང་། ད་རུང་ཕོ་མཆོག་མོ་དམན་གྱི་འདུ་ཤེས་འཐུག་པོ་རེད། དེ་འདྲའི་སྤྱི་ཚོགས་ཤིག་ནང་། ་་བུད་མེད་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ། བུད་མེད་ལ་གདེང་འཇོག་མེད་པ་དང་བརྩི་བཀུར་མེད་པ། བུད་མེད་ལ་གནས་ལུགས་བཤད་ས་མེད་པ་དང་འདྲ་མཉམ་མེད་པ་་ ནི་མ་བལྟས་ལེབ་མཐོང་དང་བཤད་མ་དགོས་པ་ཞིག་རེད།
    ཁྲིམས་ཐོག་ནས་བུད་མེད་ཚོར་འདྲ་མཉམ་གྱི་ཐོབ་ཐང་སྤྲད་ཡོད་པ་མ་ཟད་དམིགས་བསལ་སྤྲད་ཡོད་སའང་ཡོད་པ་རེད། དེ་བདེན་པ་རེད།
    ཁོང་ཚོས་ ་་འཇོན་གི་མི་འདུག ཆི་གང་ཡང་འཇོན་གི་མི་འདུག་་ ཟེར། དེ་བདེན་ན། དེ་ཡང་། ཁོང་ཚོར་སྤྱི་ཚོགས་ནང་གནོན་ཤུགས་མང་པོ་ཞིག་ཡོད་པ་དང་། འདྲ་མཉམ་མེད་པས་ཡིན་པ་གསལ་པོ་རེད།
    དངོས་གནས་བྱས་ན། བུད་མེད་ཚོས། ལས་ཀ་རྒྱ་ཆེན་པོ་ཞིག་འཇོན་པའི་ལམ་ཀ་ཁོ་རང་ཡོད་པ་མ་རེད། ནུབ་ཕྱོགས་ཁག་ཡིན་ནའང་། གཅིག་མཚུངས་རེད། མཐོ་རིམ་ལས་ཀའི་བརྒྱ་ཆ་མང་ཆེ་བ་ཁྱོ་ག་ཚོས་བཟུང་བསྡད་ཡོད་པ་རེད། དེ་ཡང་བུད་མེད་ཚོར་ཐོབ་ཐང་མ་སྤྲད་པ་མིན་པར། ཁོང་ཚོ་མངལ་སྦྲུམ་པ་དང་། བྱིས་པ་གསར་དུ་བཙས་པ་ནས་དཀའ་ངལ་འཕར་མ་ཞིག་དང་། ལས་ཀ་ཐལ་བ་ཞིག་ཡོད་པ་རེད། དེ་ཡང་ཕྱིའི་ལས་ཀ་ལས་འགན་ཆེ་བ་མིན་ནའང་ཆུང་བ་མེད་པ་རེད། དེར་མ་ཟད། སྐྱེ་ཁམས་ཀྱི་ཐོག་ནས་ཀྱང་། གཟུགས་པོའི་ཆ་ནས་ཕོ་ལས་སྙི་ཞིང་ཐང་ཆད་སླ་བ། སེམས་ཀྱི་ཐོག་ནས་ཀྱང་རང་བཞིན་གྱིས་སེམས་ཚོར་ཆེ་ཞིང་ཡིད་འགྱུ་མང་བ་ཡོད་པ་རེད། ནུབ་ཕྱོགས་ལ་མཚོན་ནའང་། ཐ་ན་སྤྱིར་བཏང་གི་ལས་ཀའི་ཐོག་ནས་ཀྱང་འདྲ་མཉམ་ངོ་མ་ཞིག་ཡོང་གི་ཡོད་པ་མ་རེད། སྦྱིན་བདག་སུ་ཞིག་ཡིན་ནའང་། ལས་ཀ་མང་ང་བྱེད་ཐུབ་མཁན། དུས་ཚོད་མང་ང་གཏོང་ཐུབ་མཁན། ལས་ཀ་ནས་ཡང་ཡང་དགོངས་པ་ཞུ་མི་དགོས་མཁན་ཞིག་ལ་ལས་ཀ་སྤྲོད་འདོད་ཡོད་པ་རེད། ད་བོད་མིའི་སྤྱི་ཚོགས་ནང་བུད་མེད་ཚོར་རྡབ་འགྱུར་གྱིས་དཀའ་ངལ་མང་ང་ཡོད་པ་དེ་བཤད་མ་དགོས་པ་ཞིག་རེད། ཕ་མའི་འཁང་ཚིག ཁྱོ་གའི་ཚོད་འཛིན། བྱིས་གཉོར་དང་ཁྱིམ་ལས་ཀྱི་ཁུར་བོ་ཐལ་བ། སྤྱི་ཚོགས་ཀྱི་གནོན་ཤུགས། ད་རུང་ཐོབ་ཐང་ཞིག་གླེང་ན། དེ་ཡང་གླེང་མ་ཆོག་པ་འདྲ་བོ་ཞིག་བཤད་ཡོང་གི་འདུག རྩོམ་འདི་རང་ལ་བལྟས་ན། བུད་མེད་ཚོར་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཅི་འདྲའི་མང་ང་ཞིག་ཡོད་པ་རེད་ཨང་།
    ཁ་བརྡས་རྩོམ་འདི་འདྲ་ཞིག་འདིར་བཀོད་དོན་ཡང་། བོད་སྤྱི་ཚོགས་ནང་། རྩོམ་མཁན་དུ་རློམ་པ་ཚོའི་ནང་ཡང་། བུད་མེད་ལ་རྒྱུས་ལོན་བྱེད་མི་ཐུབ་མཁན། བསམ་བློ་རྨོངས་ཞེན་ཅན་གྱི་རིགས་མང་པོ་ཞིག་ཡོད་པ་དང་། དེའི་སྐོར་ལ་ངེས་པར་བགྲོ་གླེང་བྱེད་དགོས་སུ་མཐོང་བ་ཡིན་རྒྱུ་རེད་སྙམ་པས། བསམ་ཚུལ་ཚིག་འགའ་ཞུ་དགོས་བྱུང་།

  15. མེ་ཏོག་དཀར་པོ། says:
    2010-06-07 at 12:28 pm

    བློ་ཕམ་མམ་ཡ་མཚན་ཞིག་ལ་དེ་རིང་བོད་མོ་ན་གཞོན་གསུམ་དང་ཕྲད། མཛངས་མའི་འགྲན་བསྡུར་སྐོར་ཤོད་སྐབས། དེའི་ནང་ནས་མཛེས་ཤོས་དེས། ༧གོང་ས་མཆོག་ང་ཚོའི་རྩ་བའི་བླ་མ་རེད། ༧གོང་ས་མཆོག་གིས་ admire གནང་གི་ཡོད་མ་རེད། བྱས་ཙང་ང་ཚོ་བུ་མོ་མང་པོ་འདི་ནང་འཛུལ་འདོད་བྱེད་ཀྱི་མེད་ཟེར།
    ང་ནི་ཅི་བཤད་འདི་བཤད་མེད་པར་ལུས།

    འདིས་ཨ་རིག་ལ་བདེན་ཁ་ཞིག་བྱིན་མ་སོང་།

  16. མེ་ཏོག་དཀར་པོ། says:
    2010-06-07 at 12:30 pm

    འདིས་ཨ་རིག་ལ་བདེན་ཁ་ཞིག་བྱིན་མ་སོང་ངམ།་་་་་་་བཅོས་རོགས

  17. མེ་ཆ་། says:
    2010-06-09 at 11:54 pm

    ཕོ་མཆོག་མོ་དམན་གྱི་ལྟ་བ་འཛིན་མཁན་ཚོ་་་ཁྲོན་པའི་ནང་གི་སྦལ་བ་ལྟ་བུ་རེད་། ཡིན་ན་ཡང་་ ཕོ་མཆོག་མོ་སྨན་ཟེར་བ་ཞིག་སྨནདཔེ་ཞིག་གམ་ཡང་ན་ཚིག་མཛོད་ཞིག་ནས་མཐོང་མྱོང་།

  18. གཞོན་ནུ་ཟླ་མེད། says:
    2010-06-10 at 6:53 am

    སྤྱིར་བུད་མེད་ཚོས་འཇིག་རྟེན་འཁོར་བའི་ཕྱོགས་ཀྱི་ཐོབ་ཐང་རྩོད་པ་ལ་ནི་རྒྱབ་བསྐྱོར་ཡོད། འོན་ཀྱང་ཁ་སང་དེ་རིང་ཚད་ལས་བརྒལ་ནས་ཆོས་ཕྱོགས་ཀྱི་ཐོབ་ཐང་འགའ་ཞིག་རྩོད་ཀྱི་ཡོད་པ། དཔེར་ན་ཕོ་མོ་གཉིས་ཀྱི་སྡོམ་ཁྲིམས་ཀྱི་གྲངས་འབོར་ཆ་མཉམ་བཟོ་དགོས་ཟེར་བ་དང་། གོང་ས་མཆོག་གི་སྤྲུལ་སྐུ་བུད་མེད་སྐྱེས་དགོས་ཟེར་བ། དགའ་ལྡན་ཁྲི་བ་བུད་མེད་བྱེད་དགོས་ཟེར་བ། འདིའི་རིགས་ཐོས་ཡོངས་དུས་ལུས་ཀྱི་བ་སྤུ་གྱེན་ལ་ཟིང་བའི་ཞེད་སྣང་སྐྱེ་ཡོང་གི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme