Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒན་ཚེ་རིང་དོན་གྲུབ་ལགས་ནི་བོད་ཡིག་གི་རང་དབང་གི་ཚགས་པར་ “དམངས་གཙོ་”གསར་འདོན་བྱེད་མཁན་གྱི་གྲས་གཅིག་ཡིན།

Posted on 2018-05-012018-05-02 By རྣམ་རྒྱལ 7 Comments on རྒན་ཚེ་རིང་དོན་གྲུབ་ལགས་ནི་བོད་ཡིག་གི་རང་དབང་གི་ཚགས་པར་ “དམངས་གཙོ་”གསར་འདོན་བྱེད་མཁན་གྱི་གྲས་གཅིག་ཡིན།

པད་མ་འབུམ་ནས།
 
ཉིན་གཉིས་ཀྱི་སྔོན་ལ་ཨོག་སི་ཧྥོར་ཌི་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་གི་དགེ་རྒན་ཚེ་རིང་དོན་གྲུབ་ལགས་མོ་ཊ་བརྡབས་སྐྱོན་གྱིས་སྐུ་ཚེ་མ་ཟིན་པའི་གཏམ་ངན་དེ་ཐོས། ཚེ་རིང་དོན་གྲུབ་ལགས་དང་ང་གཉིས་༡༩༨༩ ལོ་ནས་ངོ་ཤེས་ཡིན།   ངེད་གཉིས་གནས་ཡུལ་གཅིག་ཏུ་བསྡད་ནས་འབྲེལ་འདྲིས་བྱུང་བ་ཉུང་ན་ཡང་། རྒྱ་གར་རྡ་རམ་ས་ལར་ལོ་གཅིག་ལྷག་ཙམ་མཉམ་དུ་བསྡད་པའི་རིང་ལ་ང་ཚོ་མཉམ་རུབ་ཀྱིས་ “དམངས་གཙོ་”ཚགས་པར་བཏོན་པ་ཡིན། ད་ལྟ་ཚགས་པར་དེ་ཤེས་མཁན་མང་ན་ཡང་། ཚེ་རིང་དོན་གྲུབ་ལགས་ཚགས་པར་དེ་གསར་འདོན་གནང་མཁན་གྱི་གྲས་གཅིག་ཡིན་པ་ཤེས་མཁན་ཉུང་བ་འདྲ། འདིར་འདས་པོ་གང་རྗེས་དྲན་ཞུ་བའི་གོ་སྐབས་འདི་བཟུང་ནས། འདས་པོ་ཁོང་ནི་དམངས་གཙོ་ཚགས་པར་གསར་འདོན་གྱི་གྲས་གཅིག་ཡིན་པ་བོད་སྤྱི་ཚོགས་སུ་ཤེས་སུ་འཇུག་རྒྱུ་ནི་ང་རང་གི་འོས་འགན་ཞིག་ཏུ་ཚོར།

༡༩༨༩ ལོའི་ལོ་དཀྱིལ་ལ་བདག་རྒྱ་གར་ལ་འབྱོར་ནས་ད་དུང་ལོ་གཅིག་ཙམ་ཡང་སོང་མེད། དེ་དུས་འཇར་པན་ན་སློབ་སྦྱོང་བྱེད་བཞིན་པའི་ཀུན་བཟང་རྒྱལ་ལགས་རྒྱ་གར་ལ་སླེབས་ནས་ང་ཚོ་ཐུག་སོང་། ཀུན་བཟང་རྒྱལ་ལགས་དང་ངེད་གཉིས་ནི་རྒྱ་ནག་ལན་ཀྲོའུ་ན་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནང་ལ་ལོ་བཞི་ཡི་སློབ་གྲོགས་དང་གྲོགས་པོ་ཡིན། ཁོང་གིས་དེ་དུས་རྒྱ་གར་རྡ་རམ་ས་ལ་ལ་སྲིད་དོན་གྱི་ཚོགས་པ་ཞིག་བཙུགས་ན་དེ་ལ་འཇར་པན་ན་འགྲོ་སོང་གཏོང་འདོད་མཁན་ཞིག་འདུག་ཟེར། ངེད་གཉིས་ནས་དེའི་སྐོར་ལ་གྲོས་བསྡུར་ཞིབ་ཕྲ་བྱས་རྗེས་སྲིད་དོན་ཚོགས་པ་ལས་ཚགས་པར་ཞིག་གསར་འདོན་བྱས་ན་དེ་ནི་དོན་ཕན་ཅན་ཞིག་དང་། སྒྲུབ་ཐུབ་པའི་ལས་ཞིག་ཏུ་མཐོང་སོང་། དེ་ལས་ལྡོག་སྟེ། སྲིད་དོན་ཚོགས་པ་ནི་དོན་ཕན་ཅན་དང་ལྷག་པར་དུ་སྒྲུབ་ཐུབ་པ་ཞིག་ཏུ་མཐོང་མ་སོང་། རྒྱུ་མཚན་གཙོ་བོ་ཞིག་ནི་ང་ཚོ་རྡ་སར་འབྱོར་ནས་ལོ་ཕྱེད་ཙམ་ལས་འགོར་མེད་སྟབས། ང་ཚོ་ལ་ཡིད་ཆེས་བྱེད་མཁན་དང་ཚོགས་པ་ལ་ཞུགས་མཁན་ཡོད་ཀྱི་མ་རེད་སྙམ་པ་དེ་ཡིན། མ་གཞི་རྡ་རམ་ས་ལ་ན་རང་དབང་ཅན་གྱི་ཚགས་པར་མེད་པ་མ་གཏོགས་ཚོགས་པ་ནི་དུ་མ་ཞིག་འདུག ཚགས་པར་མེད་པའི་སྐྱོན་ནི་ཧ་ཅང་གསལ་པོ་མཐོང་། དེ་དུས་ཀུན་བཟང་བླ་མའི་རྩོད་རྙོག་དེ་ལངས་བཞིན་པའི་སྒང་རེད། བཀའ་ཤག་དང་སྤྱི་འཐུས། གཞུང་འབྲེལ་དང་གཞུང་མ་ཡིན་པའི་ཚོགས་པ་རྣམས་ཕྱོགས་གཉིས་སུ་མཆེད་ནས་ཕན་ཚུན་སྒྲོ་སྐུར་གྱི་གཏམ་ཡན་སྣ་ཚོགས་སྤེལ་བཞིན་ཡོད། གཏམ་ཡན་དེ་དག་ལ་དག་སེལ་བྱེད་མཁན་གཅིག་ཀྱང་མེད། སྤྱི་འཐུས་ཀྱི་ཚོགས་ཁང་དང་རྡ་སའི་ལས་བྱེད་ཀྱི་སྤྱི་ཐབ་གཉིས་ཀྱི་བར་ན་གོམ་པ་ཉིས་བརྒྱ་ཡང་མེད། སྤྱི་ཐབ་ཀྱི་རྩིག་ངོས་ནི་གཏམ་ཡན་སྤེལ་ས་གཙོ་བོ་ཞིག་ཡིན། སྤྱི་འཐུས་ཀྱི་ཚོགས་ཁང་དུ་བཤད་པའི་གཏམ་ཞིག་སྤྱི་ཐབ་ཀྱི་རྩིག་ངོར་སླེབས་སྐབས་གཏམ་གྱི་ནང་དོན་གཏམ་བཤད་མཁན་རང་གིས་ཀྱང་ངོ་ཟིན་དཀའ་བ་ཞིག་ཏུ་གྱུར་ཡོད། ཡིན་ན་ཡང་དེ་དག་སྤྱི་ཚོགས་སུ་དེ་བཞིན་འགྲོ་བ་མ་གཏོགས་དེ་དག་སེལ་གྱི་ཐབས་ལམ་ཅི་ཡང་མེད། གཏམ་ཡན་མང་པོ་ཉིན་མཚན་མེད་པར་སྤྱི་ཚོགས་ཀྱི་ནང་ལ་འགྲོ་བཞིན་ཡོད། དེ་འདྲའི་གནས་སྟངས་ཤིག་གི་འོག་ནས་ཀུན་བཟང་རྒྱལ་ལགས་དང་ངེད་གཉིས་ཚགས་པར་ཞིག་གསར་འདོན་ལ་གྲོས་ཁ་མཐུན་པོ་བྱུང་།

ཚགས་པར་དེའི་མིང་ལ་ “དམངས་གཙོ་”ཞེས་བཏགས་ཤིང་། ༡༩༩༠ ལོའི་དབྱར་ཀར་འདོན་འགོ་བརྩམས། དེ་དུས་ཀུན་བཟང་རྒྱལ་ལགས་ནས་འཇར་པན་དུ་དཔལ་འབྱོར་གྱི་འདུ་འགོད་བྱེད་རྒྱུ་དང་ངས་ཚགས་པར་འདོན་རྒྱུའི་འཛིན་སྐྱོང་གི་འགན་འཁུར། འདས་པོ་བསྟན་འཛིན་མགོན་པོ་ལགས་རྩོམ་སྒྲིག་པར་གདན་དྲངས། ཚགས་པར་འདོན་པའི་ལས་དང་པོ་ནི་རྡ་རམ་ས་ལའི་རྒྱ་གར་འབྲེལ་ཡོད་ལས་ཁུངས་ལ་ཐོ་འགོད་བྱེད་རྒྱུ་དེ་རེད། དེ་དུས་མི་མང་པོས་ང་ལྟ་བུའི་གསར་འབྱོར་བའི་མིང་ཐོག་ནས་ཐོ་འགོད་བྱས་ན་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་བར་ཆད་བྱེད་ཀྱི་རེད་ཟེར་ནས་གསར་འབྱོར་མ་ཡིན་པ་ཞིག་གི་མིང་ཐོག་ནས་འདོན་རྒྱུ་བྱས། དེའི་འོས་མི་ལ་རྡ་སའི་བོད་ཀྱི་སྤྱི་ཚོགས་ལ་རྒྱུས་ཡོད་དུ་མས་སྐབས་དེ་རྡ་སྟེང་བུ་གསོ་ཁང་གི་འགན་འཛིན་གནང་བཞིན་པའི་ཚེ་རིང་དོན་གྲུབ་ལགས་ངོ་སྤྲོད་གནང་བྱུང་། ཁོང་ནི་སྐབས་དེར་བོད་ཀྱི་སྤྱི་ཚོགས་དང་། ལྷག་པར་དུ་ཨ་མདོའི་མི་དམངས་ཀྱི་ཁྲོད་དུ་བོད་དབྱིན་སྐད་གཉིས་ཀྱི་ཤེས་ཚད་མཐོ་ཞིང་། སྤྱི་དོན་ལ་ལྷག་བསམ་ཅན། ལས་དོན་ལ་འགན་འཁུར་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག ཚེ་རིང་དོན་གྲུབ་ལགས་ནི་སློབ་སྦྱོང་ཡོད་མཁན་ལ་ཐུག་རྒྱུ་དགའ་མཁན་ཞིག་རེད། ཚགས་པར་གྱི་ལས་དོན་མ་བྱུང་གོང་ནས་ཁོང་གིས་ང་བཙལ་ཡོང་ནས་ཐེངས་དུ་མར་ཐུག་མྱོང་། ཚགས་པར་གྱི་ལས་དོན་བྱུང་ནས་ངས་ཁོང་ལ་ཁོང་གི་མཚན་ཐོག་ནས་ཚགས་པར་འདི་རྒྱ་གར་འབྲེལ་ཡོད་ལས་ཁུངས་ལ་ཐོ་འགོད་བྱེད་དགོས་པ་དང་། ཁྲིམས་ཐོག་གི་ཚགས་པར་འདོན་མཁན་ཁོང་གིས་གནང་དགོས་པའི་རེ་སྐུལ་ཞུས་པར། ཁོང་གིས་ཚམ་ཚོམ་ཅི་ཡང་མེད་པར་ཞལ་བཞེས་གནང་སོང་། དེ་ནས་ང་ཚོས་མཉམ་དུ་ཚགས་པར་གྱི་མིང་དང་། ཚགས་པར་གྱི་ལེ་ཚན་གཏན་འབེབས་བྱས་པ་ཡིན། དེ་ནས་ཚགས་པར་དེ་ཨ་མྱེས་རྨ་ཆེན་ཚང་ལ་ཟླ་སྒྲིལ་མ་བཏང་བར་ཏེ། ལོ་གསུམ་གྱི་ཡུན་ལ་ཚགས་པར་དེ་ཚེ་རིང་དོན་གྲུབ་ལགས་ཀྱི་མཚན་ཐོག་ནས་བཏོན་ཡོད།

ཚགས་པར་དེ་བཏོན་ནས་ཡུན་རིང་མ་སོང་བར་ཁོང་དབྱིན་ཇིའི་ཨོག་སི་ཧྥོར་ཊི་སློབ་གྲྭ་ཆེན་མོར་བོད་ཡིག་གི་དགེ་རྒན་དུ་ཕེབས་སོང་། རྡ་སའི་ཨ་མདོ་བ་རྣམས་ཀྱིས་ཚེ་རིང་དོན་གྲུབ་ལགས་ནི་འབྱུང་འགྱུར་གྱི་སྤྱི་འཐུས་དང་བཀའ་བློན་དུ་འགྲོ་རྒྱུའི་རེ་བ་བཅངས་ཡོད། ཁོང་དབྱིན་ལན་ལ་ཕེབས་ཀྱི་ཡོད་པ་ཤེས་པ་ན་དེ་ལ་བློ་ཕམ་བྱེད་མཁན་ལོས་ཡོད། ཐ་ན་ཚིག་པ་ཟ་མཁན་ཞིག་ལ་ཡང་ང་ཐུག་མྱོང་།

ང་གཉིས་བར་འབྲེལ་རྒྱུན་ཆད་ནས་ལོ་ལོ་ངོ་བཅུ་ཙམ་སོང་མཐར་ཁོང་ནེའུ་ཡོག་ན་ཡོད་པའི་ཀུན་ཕན་ཐེབས་རྩ་ཚོགས་པས་ནེའུ་ཡོག་ལ་བཀོད་སྒྲིག་བྱས་པའི་བོད་ཀྱི་སྐད་ཡིག་གི་ཚོགས་འདུ་ཞིག་ལ་ཕེབས་ནས་ང་ཁོང་ལ་མཇལ་རྒྱུའི་གོ་སྐབས་བྱུང་། ཁོང་ནི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ནང་ལ་ཟུག་ནས་བསྡད་ཡོད་པའི་ཚོར་བ་ཞིག་སྐྱེས། ཁོང་ལ་སྐད་ཡིག་གི་སྐོར་ལ་དྲི་བ་ཡང་མང་ལ་མཁྱེན་རྟོགས་ཀྱང་མང་། ཁོང་གིས་ལ་རྩེ་དཔེ་མཛོད་ཁང་གི་དུས་དེབ་ལ་དགའ་སྣང་གནང་གི་འདུག དེ་དབྱིན་བོད་སྐད་གཉིས་ཡིན་སྟབས་ཁོང་གི་འཛིན་གྲྭ་ལ་ཕན་ཐོགས་ཆེན་པོ་འདུག་ཟེར། དེའི་རྗེས་སུ་ཐོན་ལ་རྩེའི་དུས་དེབ་ཀྱི་འདོན་ཐེངས་ཚང་མ་ཁོང་ལ་སྐུར་འབུལ་ཞུས་པ་ཡིན།

ང་གཉིས་ཐེངས་མཐའ་མ་ཐུག་པ་ན་ནིང་ནོར་ཝེ་ལ་ཚོགས་པའི་སྐབས་བཅུ་བཞི་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་རེད། དེ་དུས་ཁོང་གི་སྐུ་ཟླ་སྒྲོལ་དཀར་ལགས་ཀྱང་མཉམ་དུ་ཕེབས་འདུག ནོར་ཝེ་ལ་མ་སླེབས་སྔོན་ལ་གང་ཞིག་ལ་ཡུལ་སྐོར་ལ་ཕེབས་པ་དང་། ཚོགས་འདུ་གྲོལ་ནས་ཀྱང་གང་ཞིག་ལ་ཡུལ་སྐོར་ལ་ཕེབས་ཀྱི་ཡིན་པ་འདྲ་ཞིག་གསུངས་སོང་། ང་ཚོས་ཕན་ཚུན་ལ་འཚམས་འདྲི་བྱས་ཚར་མ་ཐག་ཡང་ཁོང་གིས་བོད་ཀྱི་སྐད་ཡིག་གླེང་འགོ་ཚུགས་སོང་བར། ཨ་ལྕ་སྒྲོལ་དཀར་ལགས་ནས་ངེད་གཉིས་ལ། “ཁྱེད་ཚོས་བོད་ཀྱི་སྐད་ཡིག་ཟེར་ནས་བཤད་ཚར་རྒྱུ་མེད་པ་དང་། རྙོག་དྲ་ཚ་བོ་ཚ་བོ་ཞིག་བཤད་ཀྱི་འདུག  དེ་འདྲའི་བཤད་མི་ཚར་བ་དང་རྙོག་དྲ་ཚ་བོ་ག་རེ་རེད། ང་ཚོས་བོད་སྐད་བཤད་ཤེས་ཀྱི་ཡོད་པ་རེད། ཉན་ཤེས་ཀྱི་ཡོད་པ་རེད། ཡིན་ན་ཡང་ང་ཚོ་ལ་བོད་སྐད་དེ་འདྲའི་རྙོག་དྲ་ཚ་བོ་མ་རེད། ཁྱེད་ཚོས་རྐང་བཙུགས་ནས་རྙོག་དྲ་བཟོ་གི་ཡོད་པ་མིན་ནམ། “ཅེས་གསུངས་ནས་ང་ཚོ་གསུམ་པོ་གད་མོ་ཤོར།

དྲན་ཐོ།

Post navigation

Previous Post: ཉིང་རྡུལ་ནུས་འདོན་དང་རང་བྱུང་ནུས་འདོན་ཐད་ནས་རྒྱ་ནག་གིས་འཛམ་གླིང་ཕམ་པར་རྒྱག་གམ།                                                      
Next Post: ཡིག་ནོར་མངས་དྲགས་ན་གོ་བ་ལོན་པར་ཧ་ཅང་གནོད།

Comments (7) on “རྒན་ཚེ་རིང་དོན་གྲུབ་ལགས་ནི་བོད་ཡིག་གི་རང་དབང་གི་ཚགས་པར་ “དམངས་གཙོ་”གསར་འདོན་བྱེད་མཁན་གྱི་གྲས་གཅིག་ཡིན།”

  1. ཀརྡོ་གཉེར་ཕྱག་པ་ says:
    2018-05-02 at 3:58 am

    མྱ་ངན་གུས་དུད་ཡོད།
    ་
    ཐ་སྙད་གསར་པའི་ཐད་དགོངས་ཚུལ་གསུང་མཁན་ཡོད་ན་དགའ་བསུ་ཡོད།
    http://tibettimes.net/2018/05/01/169090/

  2. རྡོ་རྗེ་རིན་ཆེན། says:
    2018-05-02 at 6:52 am

    ཨོཾ་མ་ཎི་པདྨེ་ཧཱུཾ། འཆི་བ་མི་རྟག་པ་ནི་ཅི་འདྲའི་གློ་བུར་བ་ཞིག་ཨང་། རྒན་ཁོང་ལ་ཕྱི་སོག་ནས་གྲལ་གཅིག་ལ་ཟ་མ་བཟས་པ་ཞིག་ཡིད་ལ་དྲན། དེ་ནས་ཀྱང་ཁོང་གིས་སྐད་ཡིག་སྐོར་ལ་བཀའ་མོལ་གནང་གི་འདུག ཕྱི་ལོ་ ༢༠༡༦ ལོར་ཨོག་སི་ཧྥོར་ཌི་སློབ་གྲྭ་ཆེན་མོ་ཞིག་ཏུ་ཉིན་གསུམ་རིང་རྒྱལ་སྤྱིའི་ཚོགས་འདུ་ཞིག་ལ་མཉམ་དུ་ཞུགས་པ་ཡིན། ཚོགས་འདུའི་དབུ་འཛུགས་མཛད་སྒོའི་ཐོག་ཁོང་གིས་བོད་ཡིག་གི་གཞས་ཚིག་ཅིག་ང་ཚཽ་བོད་རིགས་ཚོར་བཀྲམས་ཏེ། མཉམ་གཞས་ཤིག་འབུལ་དགོས་སྐོར་གསུངས་པ་ལྟར། མཉམ་གཞས་ཤིག་མཉམ་དུ་བླངས་པ་ཡིན། ཚོགས་བཅར་བོད་རིགས་ཤིག་གིས་སྐབས་དེར་ཕྲན་ལ་ཤབ་ཤུབ་ངང་། རྒད་པོ་འདི་སུ་རེད། ངས་གཞས་གཏོང་མི་ཤེས། ཁོས་འདི་ལྟར་ཨུ་ཚུགས་ཀྱིས་བཀོད་སྒྲིག་བྱས་སོང་ཟེར། སྙིང་རྗེ། འདས་པོ་ཁོང་དངོས་ནས་བོད་ཀྱི་གླུ་གཞས་སྒྱུ་རྩལ་དང་སྐད་ཡིག་ལ་དམིགས་བསལ་དུང་ཞེན་ཡོད་པ་ཞིག་རེད་འདུག དེ་རིང་འདི་ལྟར་དུས་མིན་ལྔ་ལམ་གྱུར་པ་ནི་དངོས་ནས་བློ་ཕམ་ཆེན་པོ་ཞིག་རེད།

  3. ལ་དྭགས་འཇམ་དཔལ།། says:
    2018-05-02 at 10:42 am

    དཔལ། པདྨ་འབུམ་ལེགས་ཀྱི་ལས་གྲོགས་གོ་ཆོད། དཔལ། ཚེ་རིང་དོན་གྲུབ་ལེགས་ཀྱིས་བོད་སྤྱི་ཚོགས་ལ་ཕན་པ་བསྐྲུན་པའི་དགེ་བས། དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་སྐྱེ་བར་སྨོན་ནོ།
    ་
    འདིར་སོ་སོའི་མིང་སྔོན་དུ། དཔལ། ཞེས་པ་རྒྱ་གར་པས། མི་དག་གི་རང་མིང་སྔོན་དུ། ཤྲཱི། འབྲི་སྲོལ་ཡོད་པ་བཞིན་བོད་སྐད་དུའང་འབྱུང་ན། གནམ་གཤེགས་ཚེ་རིང་དོན་གྲུབ་ཀྱིས་དགའ་ལྡན་ནས་ལྟ་ངེས་ལགས།

  4. དགེ་རབ་ says:
    2018-05-02 at 1:14 pm

    རྒན་ཚེ་རིང་དོན་གྲུབ་འདས་པོའི་རྗེས་དྲན་རྩོམ་ཡིག་འགའ་མཐོང་བ་འདི་ནི་ཧ་ཅང་རྗེས་དྲན་གྱི་རྣམ་པ་དོད་ཤོས་དེ་ཆགས་སོང་། རྒན་པད་མ་འབུམ་ལགས་ལ་ཐུགས་རྗེ་ཆེ། ང་རྒན་ཁོང་ལ་རྒྱ་གར་ནས་མཇལ་སྐལ་མ་བྱུང་། འོན་ཀྱང་རྡ་ས་ནས་ “རྒན་ཚེ་རིང་དོན་གྲུབ་དབྱིན་ཡུལ་དུ་དབྱིན་ཡིག་སློབ་ཏུ་ཕྱིན་པ་རེད།”ཅེས་ཁོང་གི་སྙན་པ་བསྒྲགས་པ་ཞིག་གོ་མྱོང་། དེ་ནས་རྒན་ངེད་གཉིས་ཐོག་མར་ནམ་མཇལ་ཀྱང་མི་དྲན། ལ་རྩེ་དང་ཀུན་ཕན་གྱི་སྐད་ཡིག་ཚོགས་འདུ་དང་དེ་ནས་ཁེ་ན་ཌར་ཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ། ནོར་ཝེ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་རྣམས་ལ་མཇལ་བ་རེད། ཁོང་ནི་ནམ་རྒྱུན་ནས་འདྲིས་སླ་ཞིང་འཛུམ་འཚེར་འཚེར་དུ་ཡོད་ལ། པར་ཆས་དེ་བསྣམས་བསྣམས་འདྲ་བོ་ཞིག་བྱས་ཏེ་ཕེབས་ཀྱིན་ཡོད། ཁོང་གིས་ཚོགས་འདུ་འདི་འདྲའི་སྐབས་སུ་བོད་ཀྱི་སྐད་ཡིག་དེ་སུམ་རྟགས་ཀྱི་རྒྱ་ལས་བཀྲོལ་ཏེ་ཐབས་ལམ་གསར་པ་ཞིག་ཏུ་འཁྲིད་དགོས་པའི་དགོངས་པ་བཞེས་ཀྱི་ཡོད། ངེད་ཀྱིས་སུམ་རྟགས་རྩ་འཛིན་གྱིས་དེའི་སྒང་ལ་ཁ་སྐོང་བྱེད་དགོས་པའི་འབད་པ་བྱེད་པ་ཡིན། དེར་བརྟེན་རྒན་ལགས་དང་ངེད་གཉིས་ཕན་ཚུན་བསམ་ཚུལ་མི་མཐུན་པ་ཡོད། འོན་ཀྱང་ཡིག་འབྲེལ་བྱས་རིགས་དང་རེ་སྐུལ་བྱས་རིགས་ལ་ཁོང་གིས་ལན་ལམ་སེང་གནང་གི་རེད། དེའི་ཁོངས་སུ་ཁོང་གིས་ང་ལ་སློབ་གྲྭ་ཆེན་མོའི་ལས་ཀ་གཏན་འཇགས་ལ་རྒྱབ་གཉེར་ཡི་གེ་གནང་བའང་ཚུད་ཡོད། དེ་འདྲའི་རིགས་ལ་ཁོང་གིས་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་མཛད་ཅིང་དེ་ལ་ཐུགས་སུན་གནང་རིགས་ཁྱོན་ནས་མེད། ཕྱི་ཟླ་བཞི་པའི་ཚེས་བཞི་ཉིན་ངེད་ཀྱིས་ལོ་མང་པོའི་གོང་ལ་ཨམ་སྐད་དྲ་ཐོག་ནས་སློབ་ཐབས་ཤིག་རོགས་པ་འགའ་དང་ལྷན་དུ་བཟོས་པ་དེ་གདོང་དེབ་ཏུ་བཀོད། དེར་ཁོང་གིས་མཆན་བཏབ་ནས་བསྐྱར་བཅོས་གནང་འཆར་ཡོད་དམ་ཟེར། ངས་མ་འོངས་པར་འཆར་གཞི་ཡོད་ཅེས་ཞུས་པ་ཡིན། ཁོང་གིས་ལོ་རྗེས་མའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུའི་སྟེང་བོད་སྐད་སྐད་གཉིས་པའི་ཚུལ་དུ་སློབ་པའི་ཚོགས་ཆུང་ཞིག་འཛུགས་བཞེད་གནང་བཞིན་འདུག དེ་ནས་གློ་བུར་དུ་རྒན་ཚེ་རིང་དོན་གྲུབ་ལགས་འདི་ལྟར་ཕེབས་པ་རེད། ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་ཞུ་བཞིན་ཡོད། འདས་པོ་རྒན་དམ་པ་ཁོང་ལ་རྗེས་དྲན་ཞུ་བཞིན་ཡོད།

  5. བསྟན་འཛིན་དགེ་ལེགས། says:
    2018-05-03 at 10:09 am

    རྒན་ཚེ་རིང་དོན་གྲུབ་ལགས་འཇིག་རྟེན་ཕ་རོལ་ན། ཁོར་ཡུག་བྱམས་བརྩེས་ཁེངས་ཤིང་། གྲོགས་ལ་བརྩེ་བས་ཁེངས་པ། ལོངས་སྤྱོད་ལུས་སེམས་བདེ་བའི་གནས་ཤིག་ལ་ཕེབས་པར་སྨོན། ཁོང་སྐུ་ཚེ་འདིར་བོད་པ་གཅིག་དང་། མི་གཅིག ཤེས་ཡོན་ཅན་པ་ཞིག་གི་ངོ་བོའི་ཐོག་ནས་མི་མང་པོར་ཕན་པ་བསྒྲུབས་སོང་། ངོ་མ་ཡི་རངས་དང་དུས་ལ་མ་བབབས་པའི་མི་རྟག་པའི་ཆོས་ཉིད་དེར་ཡིད་རབ་ཏུ་གདུངས།

  6. བསྟན་འཛིན་དགེ་ལེགས། says:
    2018-05-03 at 10:23 am

    རྒན་པད་མ་འབུམ་གྱིས་དྲན་གསོའི་རྩོམ་ཡིག་དེ་ཤིན་དུ་ལེགས།

    ཕྲན་གྱི་མྱོང་ཚོར་གཅིག་ནི། རྒན་ཚེ་རིང་དོན་གྲུབ་ལགས་ནི། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དང་རྨོངས་ཞེན་ལས་ཡོངས་སུ་བརྒལ་བ་དེ་རེད། ཁོང་དང་དབྱིན་ཇིའི་དོན་གཅོད་ཟུར་པ་ཕུན་ཚོགས་དབང་རྒྱལ་ལགས་གཉིས་ཀྱིས་མཉམ་དུ་དབྱིན་ཇིའི་བོད་ཀྱི་ཐེབས་རྩ་འཛིན་སྐྱོང་གནང་ནས། བོད་ཕྱི་ནང་གི་ཆོལ་ཁ་དང་ཆོས་ལུགས་རིས་མེད་ཀྱི་ས་ཁུལ་དང་མི་དམངས་ལ་ཕན་བདེའི་བྱ་བ་མང་པོ་བསྒྲུབས་ཡོད། དབྱིན་ཇིའི་དོན་གཅོད་ཟུར་པ་ཕུན་ཚོགས་དབང་རྒྱལ་ལགས་ཁམས་པ་རེད། རྒན་ཚེ་རིང་དོན་གྲུབ་ལགས་མདོ་སྨད་ནས་རེད། ཁོང་གཉིས་ཀྱིས་མིག་སྔའི་ཆོལ་ཁའི་རྨོངས་ཞེན་གྱི་ལྕགས་ཀྱི་དྲ་བར་ཚུད་པའི་བོད་པའི་སྤྱི་ཚོགས་དེར། དམིགས་བསལ་མཐུན་སྒྲིལ་དང་བོད་མིའི་དམ་ཚིགས་གསོ་བའི་མིག་དཔེ་བཟང་པོ་ཞིག་བསྟན་པ་ནི། ང་ཚོར་དུས་བབ་ཀྱི་བག་ཆགས་བཟང་པོ་ཞིག་སྤྲད།

    དེ་བཞིན་ངའི་ཤེས་ཚོར་ལ་རྒན་ཚེ་རིང་དོན་གྲུབ་ལགས་ཀྱི་རྒྱབ་ལྗོངས་བོན་པོ་ཡིན་པ་ཡོད། འོན་ཀྱང་ཁོང་གིས་སྐུ་ཚེ་གཅིག་ལ་ཆོས་ལུགས་ཀྱི་འཐེན་འཁྱེར་བྱ་བ་ལྟ་ཅི། དེས་བས་ཆོས་ལུགས་མཐུན་སྒྲིལ་གྱི་བྱ་བ་ཤ་སྟག་བསྒྲུབས་ནས་མི་ཚེ་འབུད་སོང་སྙམས། དེ་ཡང་ཁོང་གི་ཐུན་མོང་མ་ཡིན་པའི་བྱས་རྗེས་གཅིག་ལ་མཐོང་།

  7. ནུབ་ཕྱོགས་གངས་ཕྲུག says:
    2018-05-09 at 1:07 am

    བདེ་བ་ཅན་དུ་སྐྱེ་བར་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme