Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དར་ཐང་ཚང་གི་རྒྱུ་ནོར། དར་ཐང་ཚང་གི་ཡིག་ནོར།

Posted on 2018-02-242018-02-24 By ཁ་བརྡ 33 Comments on དར་ཐང་ཚང་གི་རྒྱུ་ནོར། དར་ཐང་ཚང་གི་ཡིག་ནོར།

ལོ་ཡག

ཇི་སྐད་དུ། དོན་གྱི་རྒན་པོ་ཚིག་གི་མཁར་པ་ལ། །བརྟེན་ཕྱིར་་་་།ཞེས་དང་། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། །ཞེས་སམ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་སོགས་རང་རེའི་སྔོན་བྱུང་མཁས་གྲུབ་རྣམས་ཀྱི་ཡིག་ཚང་ན།  རྗོད་བྱེད་ཚིག་གི་དག་ཆ་དེ་ཇི་ལྟ་ཇི་ལྟར་གལ་འགེངས་ཆེ་བའི་སྐོར་ནན་ནན་ཏན་ཏན་དུ་གསུང་མོད་ཀྱི། དེ་ལྟར་ཡང་། གཟུ་ལུམ་དང་སྤྱི་བརྟོལ།ཡ་ཡུད་དང་སྣང་ཆུང་གི་བྱ་བྱེད་ལ་གོམས་པའི་ང་ཚོས། རང་གི་སྐད་ཡིག་གི་བདེ་ཐང་ལ་ཅི་མི་སྙམ་པའི་སྟེང་། སྡུག་ས་ནས་བལྟས་ན། ཆེད་གཉེར་ཞ་མཐིང་དང་དབང་སྐྱོན་ཅན་དུ་སྒྱུར་བཞིན་པའི་སྣང་བ་སྟེར།

དེ་ཡང་རང་རེའི་མེས་པོ་གོང་མ་རྣམས་ཀྱིས། བོད་ཡིག་ལ་བཀས་བཅད་རིམ་པ་གསུམ་མམ་བཞིར་མཛད། བཀའ་བསྟན་རྣམས་ལེགས་པར་བསྒྱུར་ཏེ་མེད་པ་ནས་ཡོད་པར་བྱས། ཡོད་པ་རྣམས་ནན་ཏན་ཆེན་པོས་ཞུ་དག་བགྱིས་ཏེ་ཕུན་སུམ་ཇེ་ཚོགས་སུ་བཏང་། མཐའ་མར་ཤིང་པར་དུ་བསྐོས་ཏེ་གཏན་ཆགས་ཅན་དུ་བསྒྱུར་ཟིན། ཡིན་ན་ཡང་།  ད་དུས་ཀྱི་ང་ཚོས་དེ་རྣམས་རྒྱུན་འཛིན་ཚད་ལྡན་དུ་བྱེད་པ་ལྟ་ཞོག དེ་ལས་བཟློགས་ཏེ་སྐྱོན་ཅན་དུ་བསྒྱུར་ན། ང་ཚོ་ནི་མི་རབས་ཕྱི་མ་ཕྱི་མའི་ནོར་སྐལ་འཇོམས་པའི་དགྲ་བོར་འགྱུར་རྒྱུ་མ་རེད་དམ།

དེང་སང་བོད་ཕྱི་རོལ་ཏུ།  གཏོང་ཡིག་དང་གསལ་བསྒྲགས་ལྟ་བུ་ཕྲན་ཚེགས་ཀྱི་རིགས་རྣམས་ལྟ་ཅི།  ཐ་ན་དེབ་གཟུགས་དཔེར་བསྐྲུན་གྱི་སྐབས་ནའང་། བརྡ་དག་གི་ཕྱོགས་ངོས་འདི་གལ་ཆུང་དུ་བརྩིས་པའི་ངན་འབྲས་སུ། ཞིང་བཟང་རྩྭ་ལྡུམ་གྱིས་སྦགས་པ་ལྟར།   བརྡ་ཉོག་གིས་ཁེངས་པའི་ཡིག་ཆ་དང་དཔེ་དེབ་སྣ་ཚོགས་སྤང་ལ་ཤ་མོ་ལྟར་བརྡོལ། ལྷག་པར་ཧི་མ་ལ་ཡའི་རི་རྒྱུད་དུ་དར་ཐང་རིན་པོ་ཚང་གི་ཆོས་སྦྱིན་ཕྱག་དཔེ་རྣམས་དབྱར་དུས་ཀྱི་ཆར་ལྟར་འབོབ་འབོབ་ལྷུག་ལྷུག་ཏུ་བབས་པས། རྒྱབ་ཤ་དམར་པོ་ཅན་གྱི་ཆོས་དཔེ་མང་པོས་སྒེར་པའི་མཆོད་ཁང་ཡན་ནས་སྤྱི་པའི་དཔེ་མཛོད་ཁང་མན་ཁེངས་ཡོད། འོན་ཀྱང་།ཆོས་ཀྱི་དོན་དང་སྐད་ཀྱི་དག་ལ་ཅུང་ཟད་རྒྱུས་ཡོད་ཅིག་ཡིན་ཕྱིན་དེ་དག་མཇལ་མ་ཐག དགའ་དད་སྐྱེ་རྒྱུའི་ཚབ་ཏུ། ཡི་མི་རང་བའམ་ཕངས་སེམས་སྐྱེ་རྒྱུར་གོར་མ་ཆག་གོ །ཅི་ལ་ཞེ་ན། ཡིག་ནོར་ནི་གཅིག་གཉིས་ཙམ་མ་ཡིན་པར་བགྲངས་མི་བཟོད་ཙམ་དུ་མང་བས་སོ། །

ཐེངས་ཤིག ཕྲན་གྱིས་ཕྱི་གླིང་བ་ཞིག་ལ་བོད་ཡིག་གི་ཀློག་བསླབས་པར། དར་ཐང་ཚང་གི་ཕྱག་དཔེ་རྣམས་ཤོག་བུ་གཙང་ཤིང་ངོས་འཇམ་ལ། འབྲུ་ཆེ་ཞིང་སྣུམ་པ་སོགས་ཀྱིས། ཁོང་པ་དེའི་སྟེང་ནས་སྦྱོང་བརྡར་བྱེད་རྒྱུར་མོས། ངས་ཞོར་འཕྲོས་སུ་ཁོང་ལ་དར་ཐང་ཚང་གི་དཔེ་ཆ་རྣམས་ཡིག་ནོར་གྱིས་ཁེངས་ཚུལ་གླེང་སྟེ། ཤོག་ངོས་གཅིག་ཁོ་ནའི་སྟེང་གི་དག་ནོར་རྣམས་རེ་རེ་བཞིན་བསྟན་པ་ན། ཁོ་རང་ཧང་སངས་ཏེ།འདི་ནང་བསྟན་ལ་དམའ་འབེབས་ (this is an insult to Buddhism) རེད་ཟེར།

མཆོག་སྤྲུལ་དར་ཐང་ཚང་ནི། བདུད་འཇོམས་རིན་པོ་ཆེ་ཞལ་གྱིས། ངེད་ནས་སྔགས་འཆང་རྡོ་རྗེ་འཛིན་པ་གཞན་དོན་འཕྲིན་ལས་ཀྱི་བྱེད་པོར་ལུང་ཕྱིན་པ་ཡིན། ཞེས་བཀའ་ཡིག་སྩལ་པ་བཞིན།  ཚེ་རབས་སྔ་མ་རྣམས་སུ་ཐུགས་བསྐྱེད་སྨོན་ལམ་ཤིན་ཏུ་རྒྱ་ཆེ་བ་སྔོན་དུ་སོང་བའི་སྟོབས་ཀྱིས། ལོངས་སྤྱོད་ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང་། ཆོས་ཀྱི་རྒྱལ་པོ་ཨ་ཤོ་ཀ་ལྟར་བསྟན་པའི་སྦྱིན་བདག་འགྲན་ཟླ་བྲལ་བ་གཅིག་པུར་བཞེངས་ཏེ། བོད་བརྒྱུད་ནང་བསྟན་གྱིས་གར་ཁྱབ་ལ་ཆོས་སྦྱིན་གྱིས་ཁྱབ་པར་བྱས། ཕྱི་ལུགས་ ༡༩༨༦ ལོར་རྙིང་མའི་སྨོན་ལམ་ཆེན་མོ་དབུགས་བརྙེས་ནས་བཟུང་། ད་ལྟའི་བར་ལོ་ཡི་ཉག་མ་རེར་ཐེངས་རེ་ཚོགས་པའི་རིང་། རིན་པོ་ཆེས་ཁྱོན་དཔེ་ཆ་ས་ཡ་དྲུག་ (༦༠༠༠༠༠༠ ལོ་ཤས་གོང་གི་སྡོམ་རྩིས་ཤིག་གཞིར་བཞག) ལྷག་རིན་མེད་ཆོས་སྦྱིན་དུ་གནང་ཟིན། གལ་སྲིད་བསྟན་པ་དང་སེམས་ཅན་ལ་དམིགས་པའི་ཆོས་དཔེ་དེ་དག་ཏུ་ཡིག་ནོར་འབོར་ཆེན་དེ་འདྲ་ཤོར་མེད་པའི་དབང་དུ་བྱས་ན། ཐལ་མོ་སྤྱི་བོར་མི་སྦྱོར་བའི་སྐྱེ་བོ་ཞིག་མི་སྲིད་ཙམ་ཡིན་མོད། ད་ལྟའི་དུས་ན། སུམ་རྟགས་དག་གསུམ་ལ་རྒྱུས་ཡོད་དག་གི་ཁྲོད་ན། དེའི་ཚོད་ཀྱི་དགའ་བ་མེད་པར་མ་ཟད། ཁ་ཟེར་མཁན་ཤིན་ཏུ་མང་པ་སྤྱི་ཚོགས་སྟེང་རྣ་བ་སྦྱར་ན་གསལ་བོར་ཐོས་ངེས།

གུས་པས་འདི་ལྟར་སྨྲས་པ་ནི། གཞན་གྱི་ཕུན་ཚོགས་ལ་མ་དགའ་བའམ་ཕྲག་དོག་ལངས་པས་མ་ཡིན་ཏེ། བདེན་མིན་ཕྱག་དཔེ་རྣམས་ལ་གཟིགས་དང་གསལ་བོ་ཆགས་འོང་། དེ་ཡང་ཚེག་ཁྱིམ་ནོར་བ།གཅོད་མཚམས་འཆོལ་བ། བརྡ་དག་ནོར་བ། ལྷག་ཆད་ཤོར་བ་སོགས་ཆོས་རིག་ལ་ཐུགས་ཁུར་ཆེ་བའི་མི་ཞིག་ཡིན་ན། དངངས་འཚབ་སྐྱེ་དགོས་པའི་ཚད་ཙམ་མོ། །གཤམ་དུ་ཕྱོགས་ཙམ་མཛུབ་མོས་རི་སྟོན་བྱ་སྟེ།༢༠༡༣ ལོའི་ཆོས་སྦྱིན་ཕྱག་དཔེ་༼ཞལ་འདོན་སྨོན་ལམ་དང་བཀྲ་ཤིས་ཕྱོགས་བསྡུས་སྐོར་བཞུགས་སོ༽ ཞེས་པའི་ཤོག་གྲངས་ ༥༥༡ ནང་གི་ཤོ་ལོ་ཀ་གཉིས་ཁོ་ནའི་ནང་དུ་ཡིག་ནོར་གཤམ་གསལ་ལྟར་རོ། །

རང་ངོ་རིག་༼པའི་༽(པས་)སྒོམ་རྒྱུའི་༼ཞུབས་༽(ཤུབས་)ནས་༼དོན་༽(བཏོན
གཟའ་གཏད་མེད་པས་སྤྱོད་པའི་སྒྲོག་དང་བྲལཿ
རང་བཞིན་ལྷུམས་ཞུགས་སྤྲོས་བྲལ་རྗེན་པའི་ངངཿ
ལམ་གྱི་གནད་ལ་གོལ་༼འཕྱོགས་༽(འཕྱུགས་)མེད་པར་ཤོགཿ
བཟང་༼ཅན་༽(ཞེན་)རྣམ་རྟོག་ཕྱོགས་སུ་མ་ལྷུང་ཞིང་ཿ
བཏང་སྙོམས་ལུང་མ་བསྟན་དུ་མ་འབྱམས་པརཿ
ཤར་གྲོལ་རིས་མེད་རྒྱ་ཡན་ལྷུན་འབྱམས་ཀློངཿ
སྤང་བླང་ཡེ་ཟད་རང་བཞིན་ཡོངས་ཤེས་ངངཿ
ལམ་གྱི་གནད་ལ་༼གོར་༽(གོལ་)༼འཕྱོགས་༽(འཕྱུགས་)མེད་པར་ཤོགཿ

སྨྲས་པ། ཚིག་གི་འཁར་བ་མི་ཆག་ཅིང་། །དོན་གྱི་རྒན་པོ་མི་འགྱེལ་པར། །སྡེ་སྣོད་རིན་ཆེན་བུམ་གསུམ་ལས། །བསླབ་གསུམ་བདུད་རྩི་མི་བོ་ཤོག །ཅེས་ཀྱང་ཐལ་ལོ། །སརྦ་མངྒ་ལཾ། །

བསམ་ཚུལ།, རྩོམ་རིག, སྣ་ཚོགས།

Post navigation

Previous Post: ཇོ་བོ་ཡིད་བཞིན་ནོར་བུ། རྒྱལ་བ་ཡིད་བཞིན་ནོར་བུ། རྒྱལ་དབང་ཡིད་བཞིན་ནོར་བུ། བླ་མ་ཡིད་བཞིན་ནོར་བུ།
Next Post: བརྩེ་དུང་གིས་ལོ་གསར་བསུ་སྟངས།།

Comments (33) on “དར་ཐང་ཚང་གི་རྒྱུ་ནོར། དར་ཐང་ཚང་གི་ཡིག་ནོར།”

  1. སྐལ་བཟང says:
    2018-02-24 at 2:57 pm

    ཡིད་ལ་འཁོར་བ་དང་འདིར་ལག་པས་བྲིས་པར་རྗེས་སུ་ཡི་རང་ཡོད།

  2. ཀླུ་སྨྱོན། says:
    2018-02-24 at 6:25 pm

    ཞུ་དག་པའི་ཡིག་གཟུགས་དེ་ངའི་ཡིག་གཟུགས་འདྲ་བོ་འདྲ་རྐྱང་རེད་འདུག

  3. གནམ says:
    2018-02-24 at 8:05 pm

    དག་པ་ཞུས་བ་ནི་ཡག་པོ་རེད། དཔེར་ཐེངས་གཉིས་བ་གསུམ་པ་ནི་ཇེ་དག་དུ་འགྲོ་བར་ཕན།
    འདི་ནི་ཧ་ལམ་བོད་ཕྱི་ནང་གཉིས་ཀར་རྒྱུན་ལྡན་རེད། འདིའི་ལས་ཉེས་ནི། དཔེར་ཁང་དང་དེའི་ནང་གི་ལས་མི་རྣམས་ཀྱི་བྱ་ལས་འཐུས་མ་ཚང་བ་ཙམ་ལས།
    དོན་མེད་པར། དཀར་ནག་དང་གོ་རིམ་མེད་པའི་སྐད་ཆ་ལྡོག་པ་རྐྱང་བཤད་ན་ཡག་པོ་མ་རེད་དོ།

  4. ལ་དྭགས་འཇམ་དཔལ།། says:
    2018-02-24 at 10:09 pm

    བོད་ཀྱི་གསུང་ཆོས་ཤིག་ན། ཆར་པ་ཆེན་པོར་བབས་དུས། མི་ཞིག་གིས། ཚ་ཚ་ [སཏྪཱ་ཡཱ] དེ་ཉིད་ཆར་པས་འཇིག་དོགས་ཀྱིས་ལྷམ་འགོག་ཅིག་ཚ་ཚའི་སྟེང་གཡོགས་པའི་དགེ་བ་བསགས།
    རྗེས་གནམ་ཐང་དུས། ཚ་ཚ་ཡི་སྒང་ལ་ལྷམ་འགོག་གཡོགས་པ་དེ། ལེགས་པ་མ་ཡིན། བསམས་ནས། ཚ་ཚ་ནས་ལྷམ་འགོག་དེ་འཐེན་པའི་བསོད་ནམས་བསགས།
    དེ་བཞིན་དཔེ་ཆ་མ་དག་པ་རྣམས་དག་པར་བསམས་ཏེ། ཆོས་སྦྱིན་བྱས་པའི་དགེ་བ་དང་། དེ་དག་ན་མིང་ཚིག་མ་དག་པ་མང་པོར་མཐོང་ནས། དེ་དག་ལ་ཞུས་དག་བྱས་པའི་དགེ་བ་འབྱུང་། དེ་གཉིས་ཀ་ཐ་སྙད་ཀུན་རྫོབ་ཏུ་བྱུང་། ནམ་ཞིག་ན། རྟེན་འབྱུང་རྟོགས་པ་ན། གོང་གི་གནས་ལུགས་གཉིས་ཀ་སྟོང་པ་ཉིད་དུ་ངེས་ནས་འཁོར་བ་ནས་གྲོལ་བར་གསུངས་སོ།
    བདག་ནི་རྨོངས་པ་ཞིག་པས། ནོར་འཕྲུལ་ཡོད་པ་ཀུན་སེལ་བར་མཛོད།

  5. ལ་དྭགས་འཇམ་དཔལ།། says:
    2018-02-24 at 10:37 pm

    [སཏྪཱ་ཡཱ] ཞེས་པར་[སཙྪཱ་ཡཱ] ཞེས་ཞུས་དག་བྱས། ལི་ཤི་གུར་ཁང་ན། དམ་པའི་གཟུགས་བརྙན། ཞེས་བསྒྱུར།

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-02-24 at 11:53 pm

    ཆོས་སྦྱིན་གནང་མཁན་དང་དང་ཡིག་ནོར་དག་བཅོས་གནང་མཁན་གཉིས་ཀ་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད་གང་ལགས་ཞུས་ན་བདག་གཞན་དགེ་བ་མཐུ་མོང་རེད་།

  7. དགྲ་ལས་རྣམ་རྒྱལ། says:
    2018-02-25 at 12:16 am

    ལ་དྭགས་འཇམ་དཔལ་ལགས།
    ཆར་བ་འབབ་དུས་མིན་འགྲོ།

  8. ལོ་ཡག says:
    2018-02-25 at 12:29 am

    རྒྱུ་གྲོན་ཕངས་མེད་བཏང་། ཕྱག་དཔེ་རྣམས་ཆལ་ལེ་ཆོལ་ལེ། དག་གཙང་ཞིག་གདོན་མ་ཐུབ་པའི་རྒྱུ་རྐྱེན་གང་། ཡ་མཚན། ཕངས་པ་ལ་ཨ།

  9. ལ་དྭགས་འཇམ་དཔལ།། says:
    2018-02-25 at 11:17 am

    དགྲ་ལས་རྣམ་རྒྱལ་ལེགས།
    ཆར་པ། ཞེས་བོད་རྒྱ་ཚིག་མཛོད་ན་མཆིས། ཆར་འབབ་དུས་ཞེས་་ཡོད་ཀྱང་། ས་ཡང་འཇུག་དེ་ཆད་པ་འདྲ། ་བབས་དུས། ཞེས་འདས་ཚིག་ལ་བསམ་བློ་འཁོར། དཔྱོད་མཛོད། ཆར་འབེབས། ཞེས་པ་ཡུལ་ཡོད་བྱ་ཚིག་ཏུ་བཤད་པར་གོ
    ་
    ལོ་ཡག་ལེགས།
    ལོ་ངོ་བདུན་བརྒྱད་སྔོན་དུ། དར་ཐང་སྤྲུལ་སྐུ་དང་འབྲེལ་པའི་སློབ་གྲྭ་ཞིག་ཏུ་ཨ་རིའི་སློབ་གྲ་པའམ། སློབ་གྲ་མོས་བོད་ཡིག་སྤར་ལས་བྱས་པ་ན། བོད་ཡིག་མ་དག་པ་མང་ཙམ་མཐོང་། གསུང་རབ་ཀྱི་དཔེ་ཆ་ཆོས་སྦྱིན་དུ་གཏོང་ན། བོད་སྤར་སྔོན་གྱི་དཔེ་ཆའི་རིགས་སྤར་སློག་བྱས་ཏེ། ཆོས་སྦྱིན་དུ་གཏང་ན། ལེགས་སོ་སྙམ་མོ། མིང་ཚིག་མ་དག་པ་ལ་ཞུས་དག་བྱེད་པ་གལ་ཆེ་ལགས། ཞུས་དག་བྱེད་པ་བདག་ལྟ་བུས་ཞུས་དག་བྱས་པ་དེར གཞན་གྱིས་དེ་དང་དེ་ལ་ཞུས་དག་བྱས་པ་ནོར་རོ་ཟེར་ན། དེ་ཡིས་བློ་སྐྱེད་འབྱུང་བ། རྟགས་བསལ་གཏོང་བ་དང་འདྲ་བར་སེམས་སོ།

  10. བཀྲ་ཤིས། says:
    2018-02-25 at 2:20 pm

    ཚ་ཚ་གཅིག་ལ་གླེན་པ་གསུམ་གྱི་ལོ་རྒྱུས་བཞིན་བསམ་པ་དགེ་དང་མི་དགེ་རང་ལ་རག་ལས་པ་འདྲ། ཡིན་ནའང་ཡིག་ནོར་ལ་རྟེན་ནས་དོན་ནོར་ལ་སོང་བའི་ཉེན་ཁ་ཡོད་པས་ཡི་གེ་དག་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེ།

  11. ལོ་ཡག says:
    2018-02-25 at 8:18 pm

    དགེན་བློ་བཟང་འཇམ་དཔལ་ལགས། ཕྱག་དཔེ་ཆལ་ལེ་ཆོལ་ལེ་འདོན་མཁན་དག་ལ་ཚོགས་གཏམ་ཁ་ཚ་དགོས་གཏུགས་མ་ཞིག་གནོངས་དང་། རང་རེའི་གཏམ་དཔེར། མི་རྒན་པའི་ཁ་ལ་ཉོན། །བྱ་གཞོན་པའི་སྒྲོ་ལ་ལྟོས། །ཞེས་ཟེར་སྲོལ་ཡོད་པས། རེ་བ་ཡོད། མཉན་པའི་རེ་བ་ཡོད། །

  12. ཀརྡོ་རབ་འབྱམས་པ་ says:
    2018-02-26 at 1:11 am

    ཡིག་མཁན་བསྟན་པའི་རྐུ་མ་རེད། །
    ཡིག་ནོར་བསྟན་པའི་དགྲ་བོ་རེད། །
    ་
    བཀའ་བསྟན་བསྟན་པའི་མ་དཔེ་རེད། །
    འབྲི་མཁན་བསྟན་པའི་ཞབས་ཞུ་རེད། །

  13. ཡེ་ཤེས་ says:
    2018-02-26 at 3:02 am

    དཔེ་ཆ་ཀློག་མཁན་མེད་པས། དངུལ་ཆུད་གསོད་རེད།

  14. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-02-26 at 8:54 am

    ནང་བསྟན་ཉག་ཕྲ་བའི་དུས་སྐབས་འདིར་དར་ཐང་རིན་པོ་ཆེ་ནས་བསྟན་ལ་ལྷག་བསམ་དཀར་པོའི་རླབས་ཆེན་ཆོས་སྦྱིན་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡོད་།

  15. ལོ་ཡག says:
    2018-02-26 at 9:37 am

    དཔའ་བོ་གཅན་གཟན་ཁྲོད་ནའང་ཡོད། །
    ཕྱུག་པོ་ཀླ་ཀློ་ལ་ཡང་ཡོད། །
    དོན་དང་མཐུན་པའི་གཏམ་སྨྲ་བ། །
    འཇིག་རྟེན་འདི་ན་ཤིན་ཏུ་དཀོན། །

  16. ལ་དྭགས་འཇམ་དཔལ།། says:
    2018-02-26 at 9:44 am

    ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་།
    དེའི་རྒྱུ་དེ་གཤེགས་པས་གསུངས།
    རྒྱུ་རྣམས་འགོག་པ་གང་ཡིན་པ།
    དགེ་སྦྱོང་ཆེན་པོས་དེ་སྐད་གསུང་།།
    ་
    ཚིགས་བཅད་འདི་ཉིད་ སུས་སུ་ལ་སྐྱོར་བ་ཡིན་ནམ། འདིའི་ལེགས་སྦྱྲར་དང་། རྣམ་གྲངས་པའི་སྐད་དུ། འདོན་ཤེས་མཁན་ཡོད་དམ། མཉན་པ་པོས། ཚིགས་བཅད་ཀྱི་དོན་དག་ལེགས་པར་རྟོགས་ཏེ། རངགི་དམ་བཅའ་བཞིན། གྲོགས་པོའི་གན་དུ་སོང་སྟེ། ཚིགས་བཅད་དེ་སྐྱོར་པ་ན། གྲོགས་པོ་དེས་དེ་ཉིད་ཀྱི་དོན། དེ་མ་ཐག་ཏུ་མ་གོ་བས། སྐྱར་ཟློས་བྱ་དགོས་པ་དང་། མཐར་གཉིས་ཀས་དགྲ་བཅོམ་པ་ཐོབ་ཀྱང་། ཕྱི་མ་དེ་ཉིད་སྐུ་གཤེགས་དུས་ཇི་ལྟར་བྱུང་བ་དང་། ཡིག་ནོར་དག་ལ་ཞུས་དག་མཛོད་གྲོགས་ཞུའོ།

  17. ལོ་ཡག says:
    2018-02-26 at 9:13 pm

    རྒན་ལ་དྭགས་པ་ལགས་ཀྱིས་རེ་བསྐུལ་ལྟར་ཁོང་ཉིད་ཀྱི་མཆན་ཐུང་ལ་ཞུ་དག་བགྱིས་ན་འདི་ལྟར།

    ༼མཉན་པ་པོ།༽(ཉན་པ་པོ) ༼སྐྱར་ཟློས་༽(བསྐྱར་ཟློས) ༼ཞུས་དག་༽(ཞུ་དག)་་་་་ཞུས་དག་ཅེ་ན། དེ་ལ་དོན་རྟགས་འཕར་མ་ཞིག་ཡོད་དེ། ཕབ་བཤུས་དང་དག་བཅོས་ཀྱི་བྱ་བ་གཉི་ག་ལ་འཇུག་པའོ། །དེ་ལྟར་ཡང་མཁས་པ་གོང་མའི་བསྟན་བཅོས་ཤིག་གི་མཇུག་བསྡུའི་གཏམ་དུ་གསལ་པོར་གསུངས་འདུག་སྟེ། རེ་ཞིག་མ་རྙེད་པས་སྤྱན་བསྟར་ཞུ་རྒྱུ་མེད) ༼མཛོད་གྲོགས༽(མཛད་གྲོགས་) ཞེས་སུའོ། །བཀྲ་ཤིས་ཤོག །

  18. ལ་དྭགས་འཇམ་དཔལ།། says:
    2018-02-27 at 1:12 am

    ལོ་ཡག་ལེགས། ཞུས་དག་མཛད་པར་བཀའ་དྲིན་ཆེ༐ ཞུ་དག་དང་ཞུས་དག གང་དག་པ་ཡིན། རྣམ་དཔྱོད་ལྡན་པ་རྣམས་ཀྱིས་བོད་ཡིག་དག་པར་འདོད་པ། བློ་ལྡན་ཨོ་ཡག་སོགས་ཀྱིས། ༧རྒྱལ་བ་སྐུ་འཕྲེང་༨་པའི། ཡོངས་འཛིན་རིན་པོ་ཆེ། ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་བོད་སྤར་ཤོག་གྲངས་༡༡༥་དང་། འཇུ་མི་ཕམ་རིན་པོ་ཆེས་མཛད་པའི། དབུ་མ་རྒྱན་རྩ་འགྲེལ། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ ༤༩༥་གཟིགས།

    ལོང་ཐོབ་སྐབས་རྩོད་གླེང་ཞུ་ཆོག

  19. ལོ་ཡག says:
    2018-02-27 at 3:40 am

    རྒན་ལ་དྭགས་པ་མཆོག་གིས་འབྱུང་ཁུངས་ཤོག་ངོས་དང་བཅས་པ་གསལ་ཐིངས་ཐིངས་སུ་གསུངས་པ་མིག་དཔེར་ལེགས། འདིར་རྒྱུ་མཚན་ཕྲན་ཚེགས་རེ་དབང་བཙན་དུ་བཅུག་ན། “ཞུ་” དང་ “ཞུས་” ནི་བྱ་ཚིག་ཡིན་པ་ལྟར། མིང་རྐྱང་གང་ཞིག་བྱ་ཚིག་གིས་གྲུབ་པའི་སྐབས་སུ། འགྲུབ་བྱེད་བྱ་ཚིག་དེ་ད་ལྟ་བར་ཤས་ཆེ་བ་དང་། གཞན་ཡང་བསྟན་བཅོས་ལ་ལའི་མཇུག་ཏུ། ཆེ་གེ་མོ་ཡིས་ཞུས་ཤིང་དག་པར་བགྱིས་ཞེས་པ་སོགས་འབྱུང་པས། དེའི་སྐབས་ན་ “ཞུས་” ནི་ཡི་གེར་ཕབ་པའི་དོན་དང་། “དག་པར་བགྱིས་” ནི་དག་པར་བཅོས་པའི་དོན་དུ་གོ དེ་ལྟར་མིན་པར་སྔ་ཕྱི་གཉི་ག་དག་བཅོས་ཀྱི་དོན་དུ་སོང་ན་ཟློས་སྐྱོན་དུ་ཐལ་ལོ། །གོང་དུ་ཞུས་ཟིན་ལྟར། “ཞུས་”ནི་ཡི་གེར་ཕབ་བཤུས་བྱས་པའི་དོན་དུ་བཀྲལ་པའི་གསུང་ཞིག་གུས་པས་མཇལ་མྱོང་མོད། རེ་ཞིག་རྙེད་པར་མ་གྱུར་པས་དགོད་ཐབས་བྲལ། གང་ལྟར་མུ་མཐུད་དེ་བརྟག་པར་བྱའོ། །རྒན་ལ་དྭགས་པ་མཆོག་ལ་སླར་ཡང་སྐུ་དྲིན་ཆེ་ཞུ། །

  20. ངག་དབང says:
    2018-02-27 at 11:39 am

    དར་ཐང་གི་ཆོས་སྦྱིན་དུ་གནང་པའི་འབུམ་ཀློག་མྱོང། ཡིག་ནོར་མང་པོ་ཡོད་པའི་ཚོར་བ་བྱུང།

  21. བཀྲ་ཤིས། says:
    2018-02-27 at 1:13 pm

    ཡིག་ནོར་བརྒྱ་ལས་མ་དག་པའི་འཁྲུལ་སེམས་གཅིག་པོ་འདི་སྡིག་པ་ཆེ་བར་ཡོད་པར་ཐོས།

  22. ཀརྡོ་རབ་འབྱམས་པ་ says:
    2018-02-27 at 1:36 pm

    ཞུས་དག་བྱས་ཟེར་ན། ཞུ་དག་བཏང་ཟེར་བ་ལྟར། མ་དག་པ་དེ་ཚོ། དག་པར་བཅོས་པའི་དོན་དུ་གོའོ།།

  23. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-02-27 at 7:47 pm

    ཡིག་ནོར་ཡོད་ཀྱང་དོན་ནོར་མེད་ན་དགའ་ཡིག་ནོར་མེད་ཀྱང་དོན་ནོར་ཡོད་ན་སྐྱོ་།

  24. ལ་དྭགས་འཇམ་དཔལ།། says:
    2018-02-28 at 1:32 am

    ལོ་ཡག་མཆོག་སོགས་ལ།
    བྱ་ཚིག་དག་གིས་མིང་ཆགས་ཚུལ་ཞིག་བདག་གིས་བཀླགས། དཔེ་ཆའི་མིང་མི་དྲན།དཀོན་མཆོག་གསུལ་མཚོན་ན། འདུན་ནམ་འདུས། འདས་ཚིག་དང་། ཆོས། སྐུལ་ཚིག་ལས་བྱུང་། འགྲོ་བ ཞེས་པ་ད་ལྟ་དང་།་གདོན། ཞེས་པ་མ་འོངས་པ་ལས།
    བྱ་ཚིག ད་ལྟ་འདས་མ་འོངས་སྐུལ་ཚིག་གང་ཡང་མ་ཡིན་པ་ལས་འབྱུང་བ་ཡང་ཡོད་དེ། བརྩེགས་པ། ལྟ་བུར་གསུངས་པ་ཞིག་དྲན། དག་པར་བཅོས་པ། བདག་ནི། ཞུས་དག་ ཅེས་པ་དག་པར་མཐོང་། གོང་བཀོད་གཉིས་ཙམ་མ་ཡིན་པར་གཞན་བོད་མཁས་པས་བྲིས་པའི་དཔེ་ཆ་དག་ན་མཐོང་།

    ་
    རྣམ་གྲངས་པའི་སྐད་དུ། ཞེས་པ་ནི། པཱ་ལི་སྐད་ལ་ཟེར། ལེགས་སྦྱར་སྐད་དོད། པ་རྱཱ་ཡ། བོད་འགྱུར་གླེགས་བམ་དག་ན། རྣམ་གྲངས། ཞེས་མཆིས་སོ།
    ཞིབ་མོས་མཁྱེན་འདོད་ན་འདུལ་བའི་གླེགས་བམ་རྣམས་ཀློགས་གྲོགས། སྐུ་ཚེ་རིངས་ཤིག
    ་
    ཡི་གེ་མ་དག་པ་དག་ལ་ཞུས་དག་མཛོད།

  25. བསམ་ཤེས། says:
    2018-02-28 at 4:43 pm

    ལོ་ཤས་གོང་ལ། རྡོ་རྗེ་གདན་གྱི་རྒྱབ་ལ། དཔེ་ཆ་གླེགས་བམ་མང་པོ་གད་སྙིགས་སྤུངས་སར་བཞག་འདུག ལ་ལས་བརྙན་ཐུང་བཟོས་ནས་སྐད་འཕྲིན་ནང་བཏང་སོང་། རྗེས་མ་ཤེས་པར། སྙིང་མའི་སྨོན་ལམ་ཚར་སྐབས། དགེ་འདུན་པ་ཚོས་དར་ཐང་རིན་པོ་ཆེས་རིན་མེད་ལ་བགོས་པའི་དཔེ་ཆ་རྣམས་གཡུགས་འདུག དེ་དག་ཡི་གེ་མ་དག་པས་གཡུགས་པ་ག་ལ་ཡིན། གཙོ་བོ་བེད་སྤྱོད་དང་དགོས་པ་མེད་པས་རེད། སྙིང་མའི་དགོན་པ་དེ་དག་ནང་ལ་དཔེ་ཆ་ལྟ་མཁན་ག་ཚོད་ཡོད་དམ། བལ་པོ་དང་རྒྱ་གར་གི་རི་རྒྱུད་གྲྭ་ཕྲུག་ཆུང་ངུ་དེ་ཚོར་དཔེ་ཆ་སྤྲད་ནས་དགོས་པ་ཅི།སྦྱིན་བདག་གིས་དངུལ་བཏང་བ་ལེགས་སོ་བརྗོད། ཡིན་ནའང་། ལས་ཀ་བྱེད་མ་ཤེས་པར་དེས་དངུལ་མང་པོ་ཆུད་གསོད་བཏང་སོང་སྙམ།

    ད་ལོ་དཔལ་སྤྲུལ་རིན་པོ་ཆེའི་གསུང་འབུམ་སྤར་ནས་སྤྲད་སོང་། སྙིང་མའི་དགོན་པ་མང་ཆེ་བ་དང་། དཔེ་ཆར་དོན་གཉེར་ཅན་མང་ཆེ་བར་དཔལ་སྤྲུལ་གྱི་གསུང་འབུམ་ཡོད། མང་པོ་ཞིག་གིས་ཁ་པར་ཐོག་ལའང་བལྟ་ཐུབ། ཟླ་བ་སྔོན་མ་རྡོར་གདན་སྙིང་མའི་དགོན་པ་དེ་དག་ལ་ལྟོས་དང་། དཔལ་སྤྲུལ་གསུང་འབུམ་བརྒྱ་ཕྲག་མང་པོ་གད་སྙིགས་དབོར་མཁན་གྱིས་ཊག་ནང་ལ་འཁུར་སོང་།

    ད་དེ་ལ་དགོངས་པ་བཞེས་ནས་ཚང་མས་འགན་འཁུར་བཞེས་དགོས་འདུག

  26. ཟུར་གནས། says:
    2018-03-01 at 10:07 pm

    དར་ཐང་རིན་པོ་ཆེའི་དཀར་པོ་དགེ་བའི་ལས་ལ་རྗེས་སུ་ཡི་རང་ཞུ། རིན་པོ་ཆེ་སྐུ་ཚེ་བརྟན། བསྟན་པ་ཕྱོགས་བཅུར་དར་བ་ཤོག

  27. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-03-01 at 11:32 pm

    བསྟན་པ་དར་པའི་དར་ཐང་།
    དར་ཐང་སྐུ་ཚེ་བརྟན་དང་།
    ཆོས་སྦྱིན་རླབས་ཆེན་མཛད་བཟང་།
    གོང་ནས་གོང་དུ་འཕེལ་བ་ཤོག་།

  28. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-03-02 at 1:25 am

    གཞན་གྱི་དགེ་བ་བྱེད་པ་ཐོས་པའི་ཚེ་།
    དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས་།
    སྙིང་ནས་དགའ་བས་རྗེས་སུ་ཡིད་རངས་ན་།
    དེ་ཡིའི་བསོད་ནམས་མཉམ་དུ་ཐོབ་པར་གསུང་།

  29. ལ་དྭགས་འཇམ་དཔལ།། says:
    2018-03-02 at 11:19 am

    གཞན་གྱིས་དགེ་བ་བྱེད་པར་མཐོང་ན་ཡང་།
    དགེ་བ་བྱས་པས་བོད་ལུགས་ཕུང་ལ་བསྐྱལ།
    དེ་ལ་ཁ་སྒྲོག་བསྡད་ལས་སྲོང་ཐབས་བྱེད།
    སེམས་ཡོད་དག་གིས་མངོན་པར་མི་བསྟོད་དམ།

  30. ལོ་ཡག says:
    2018-03-04 at 12:39 am

    ལགས་སོ། །དེས་ན་དར་ཐང་རིན་པོ་ཆེ་ཚང་དང་། གཞུང་པ་ཚེ་དབང་བསོད་ནམས་ལགས་གཉིས་ཀྱི་ཡིག་ནོར་ལ་རྗེས་སུ་ཡི་རང་ངོ་། །བསོད་ནམས་ཀྱང་མི་མཉམ་པ་མེད་པར་མཉམ་པ་ཉིད་དུ་འཐོབ་པར་ཤོག་ཅིག་གུ།

  31. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-03-04 at 4:17 am

    ཡིག་ཕྱེད་གོ་བས་ཀློག་ན་གོ་བརྡ་འཕྲོད་།
    གཏམ་ཕྱེད་ཚིག་ལ་ཉན་ན་གཏམ་ངོ་འཕྲོད་།

  32. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-03-04 at 7:35 am

    ཁ་བརྡ་དྲ་རྒྱའི་ནང་ལ་ཁ་དམག་ཚང་ཁ་ཤིག་ཤིག་།
    ཁ་བརྡ་དྲ་རྒྱའི་ནང་ལ་མིང་རྫུན་མཁས་པ་མང་བྱུང་།
    ཁ་བརྡ་དྲ་རྒྱའི་ནང་ལ་འགན་མེད་དྲ་གྲོགས་མང་བྱུང་།།
    ཁ་བརྡ་དྲ་རྒྱའི་དམིགས་ཡུལ་ནང་ཁུལ་བསམ་ཚུལ་བརྗེ་རེས་།

  33. ལ་དྭགས་འཇམ་དཔལ།། says:
    2018-03-04 at 11:05 am

    The Elements of Style
    ཞེས་བྱ་བའི་དེབ་ཆུང་ཞིག་ཡོད། དེར་དགོས་མེད་ཀྱི་རིགས་འབྲི་བར་མ་བྱེད། ཅེས་ཡོད། བོད་སྐད་དུ་ཡང་དེ་ལྟར་བྱེད་ཐུབ་ན་བསམས་ཀྱང་། འགའ་རེས་དགོས་མེད་བྲིས་མང་བར་གཏོང་། འགའ་རེས་དགོས་པ་དེ་དག་ཀྱང་མེད་པར་གཏོང་།
    བོད་སྐད་ལ་བྱང་ཆུབ་སེམས་དཔའི་སྐད་ཅེས་རྒྱ་གར་གི་སློབ་དཔོན་ཞི་བ་འཚོས་བསྔགས་ཤིང་བསྟོད། རང་ཉིད་ཀྱིས་བོད་སྐད་སྦྱངས་པར་མ་ཟད། རྒྱ་གར་གྱི་དགེ་སློང་བོད་དུ་བྱོན་པ་རྣམས་ལ་ཡང་། བོད་སྐད་སྦྱང་ཕྱིར་སྐུལ་བར་མཛད་ཅེས་སྦ་བཞེད་དུ་གསལ། ཞི་འཚོའི་སློབ་མ། བོད་ཀྱི་སྒྲ་སྒྱུར་པ་རྣསས་ཀྱི་བཀའ་བསྟན་གྱི་འགྱུར་རྣམས་གཟིགས་ཏེ། ཀློང་ཆེན་རབ་འབྱམས་པས་ཀྱང་ངོ་མཚར་ཆེ་བར་བཟུང་ངོ་།
    ་
    ཨ་རིའི་ཡུལ་དུ་ལོ་ངོ་མང་པོའི་སྔར་བཀླགས་པ་རྣམས་རང་་གི་ཡིད་གསལ་ཕྱིར་བྲིས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme