Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཇའི་གཏམ་རྒྱུད་ཐོར་བུ།

Posted on 2018-02-112018-02-12 By དགེ་རབ་ 17 Comments on ཇའི་གཏམ་རྒྱུད་ཐོར་བུ།

མི་ལོ་སུམ་ཅུའི་གོང་དུ་ང་རྒྱ་གར་དུ་འབྱོར་ཅིང་། ངས་རྒྱ་གར་གྱི་སྲང་ལམ་ཉུལ་ནས་རྒྱ་གར་གྱི་ཇ་འཐུངས། བོད་པ་རྣམས་ཀྱིས་རྒྱ་གར་གྱི་ཇ་འདི་ལ་ཇ་མངར་མོ་ཞེས་འབོད། ལས་ཁུངས་ཆེ་ཁག་ལ་བཅར་སྐབས་ཀྱང་ཇ་འདྲེན་ལ། སྲང་ལམ་ཁུག་ཀྱོག་ལ་བསྐྱོད་ནའང་ཇ་ཚོང་ཁང་ཡོད། མེ་འཁོར་ནང་དུ་ཞུགས་སྐབས་ “ཇའེ། ཇའེ། ཇའེ”ཞེས་བོད་ཀྱི་དབུ་མཛད་རྣམས་ཀྱི་སྐད་གདངས་ལ་འགྲན་འཛུགས་པའི་ཇ་ཚོང་པའི་སྐད་དེ་ཐོས་ཡོང་། མདོར་ན་ཇ་ཚོང་ཁང་མེད་པའི་རྒྱ་གར་གྱི་ས་ཞིག་ཡིད་ལ་འཆར་དཀའ་ལ། བསམ་བློ་ཡེ་ནས་མ་བཏང་བའི་འཆར་སྣང་ཞིག་ལ་མར་པ་ལོ་ཙ་བ་ཡང་ཇ་སྟེགས་ཤིག་ཏུ་བཞུགས་ནས་ཇ་མཆོད་བཞིན་པའི་སྣང་བ་ཞིག་ངང་གིས་ཡོང་བར་བྱེད།

༢༠༡༦ ལོའི་ཟླ་ ༧ ཚེས་ ༡༥ ཉིན་གྱི་གསར་འགྱུར་ཞིག་གི་མགོ་བརྗོད་དུ་འདི་ལྟར། “རྒྱ་གར་དང་དབྱིན་ཡུལ་གྱི་བཏུང་བ་ཕུན་ཚོགས་དེའི་རྒྱབ་ཀྱི་ལོ་རྒྱུས་ནག་པོ་”ཞེས་བྲིས་འདུག ང་ཁོམ་སྐབས་དང་བསྟུན་ནས་གསར་འགྱུར་དེ་ལན་གཅིག་བཀླགས་པ་ཡིན་ལ། དེ་ནས་དེའི་བརྗོད་བྱ་དེ་ནམ་ཡང་སེམས་ནས་ཡལ་དཀའ་བར་གྱུར། དེ་ཡང་གཙོ་བོ་ནི་རྒྱ་གར་ལ་ཇའི་ལོ་རྒྱུས་རིང་པོ་མེད་པ་དེ་ཡིན། ནུབ་ཕྱོགས་སུ་ཇ་ཇི་ལྟར་འཕེལ་བའི་གཏམ་རྒྱུད་དེ་འཆད་པའི་ཡིག་རིགས་ཧ་ཅང་མང་བར་སྣང་ལ། ཇའི་ལོ་རྒྱུས་རྒྱུ་མ་ཕུ་འདེད་བྱས་ཚེ་འཛམ་གླིང་གི་ལོ་རྒྱུས་ཀྱང་འཆད་ཐུབ་པའི་ཚོད་དུ་སྣང་། དེས་ན་འདིར་བོད་ཀྱི་ལོ་སར་ཤར་ལ་ཉེ་བའི་སྐབས་དང་བསྟུན་ནས་རྒྱ་གར་གྱི་ཇ་མངར་མོའི་ལོ་རྒྱུས་དེ་རོབ་ཙམ་ངོ་སྤྲོད་བྱེད།

རྒྱ་ནག་ཏུ་ལོ་ངོ་སྟོང་ཕྲག་རིང་ཇ་འཐུང་བཞིན་ཡོད་པ་དང་། འཛམ་གླིང་གི་སྐད་མང་པོའི་ཇའི་སྐད་དོད་ཀྱང་རྒྱ་ནག་གི་སྐད་ལས་མཆེད་པར་གྲགས། དུས་རབས་བཅུ་བདུན་པའི་ནང་དབྱིན་ཇི་གཙོ་བའི་ཡུ་རོབ་པའི་ཚོང་པ་དང་ཆོས་པ་རྣམས་རྒྱ་ནག་ཕྱོགས་ལ་ཕྱིན་ནས་ཚུར་འཁོར་སྐབས་ལག་སྐྱེས་ཀྱི་ཚུལ་དུ་ཇ་དབོར་འདྲེན་བྱེད་མགོ་བཙུགས། དེ་ནས་ཡུ་རོབ་པ་རྣམས་ཀྱིས་ཇ་དེ་ཐོག་མར་སྨན་སྣ་ལྟ་བུ་ཞིག་དང་དེ་ནས་བཏུང་བའི་ཚུལ་དུ་སྤྱད་ཅིང་། ཇའི་བཏུང་བ་ཞེས་སྙན་པ་རྒྱས་ནས། ཇའང་འཚིག་ཇ་ཁང་གི་ཟས་ཐོའི་གྲས་སུ་སླེབས། རིམ་གྱིས་ཡུ་རོབ་ཀྱི་རྒྱལ་ས་དག་དང་། བྱང་ཨ་མི་རི་ཀའི་ནིའུ་ཡོག་གྲོང་ཁྱེར་(སྐབས་དེ་དུས་ནིའུ་ཨམ་སི་ཊར་ཌམ་ཟེར་)ལའང་སླེབས་ཏེ་བཏུང་བ་གྲགས་ཆེན་ཞིག་ཏུ་གྱུར། ཡུ་རོབ་པ་རྣམས་ཀྱིས་ཇ་ཚོང་བྱེད་པའི་ཐོག་མའི་དུས་སྐབས་སུ་ ཌ་ཆིའི་ཚོང་པ་རྣམས་གྲགས་ཆེ་བ་བྱུང་ཡོད་འདུག ཕྱི་ལོ་ ༡༦༥༧ ལོར་སྐུ་ཞབས་ཐོ་མ་སི་ གྷེ་ར་ཝེ་ཞུ་བ་ཞིག་གིས་དབྱིན་ཡུལ་དུ་ཇ་ཁང་ཐོག་མ་དེ་སྒོ་ཕྱེས་ཡོད་འདུག་ལ། ཁོའི་ཇ་རྣམས་ནི་ཌ་ཆི་པ་རྣམས་ཀྱིས་ནང་འདྲེན་བྱས་པ་ལས་བྱུང་བ་ཡིན་འདུག

ད་དུང་སྐབས་འདི་ཙམ་ལ་པོར་ཅུ་གྷལ་གྱི་རྒྱལ་པོའི་སྲས་མོ་མཚན་ལ་ Catherine of Braganza ཞུ་བ་ཞིག་དབྱིན་ཇིའི་རྒྱལ་པོ་ Charles IIལ་གཉེན་བསྒྲིགས་པ་དང་། སྲས་མོ་འདི་ཉིད་ཇ་ལ་མཉེས་པའི་རྐྱེན་ལ་བརྟེན་ནས་ཀྱང་དབྱིན་ཡུལ་དུ་ཇའི་བཏུང་བ་འཕེལ་བ་དང་ཕྱི་དྲོའི་ཇ་ཞེས་པའང་སྲས་མོ་འདིས་སྲོལ་བཏོད་པའི་གཏམ་རྒྱུད་ཅིག་ཀྱང་འདུག འོན་ཀྱང་རྒྱལ་པོ་འདིའི་སྐབས་སུ་དབྱིན་ཡུལ་དུ་ཇ་ནང་འདྲེན་གྱིས་བཙོང་རྒྱུ་ལ་དགག་བྱ་བྱས་ཤིང་ཇ་ལ་ཁྲལ་ཆེན་པོ་སྤྲོད་དགོས་པ་བཟོས་ཤིང་། རྒྱ་གར་དབྱིན་གཞུང་གིས་ཇའི་ཚོང་ལ་སྟངས་འཛིན་བྱས་འདུག་པ་བཅས་ཀྱི་རྐྱེན་ལས་ཇ་ནག་ཚོང་བྱེད་རྒྱུའང་འཕེལ་ཡོད་འདུག དུས་རབས་བཅོ་བརྒྱད་པའི་ནང་ཇའི་བཏུང་བ་འདི་ནི་ཡུ་རོབ་པ་རྣམས་ལ་མུ་མཐུད་ནས་གྲགས་ཆེ་ནའང་ཇའི་གོང་ཚད་འཕར་བ་དང་ཇ་དཀོན་པོར་གྱུར་ཏེ་མཐོ་རིམ་མི་སྣ་ཁོ་ནས་ལོངས་སྤྱོད་པ་ཞིག་ཏུ་གྱུར་པ་རེད།

སྐབས་འདི་ཙམ་ལ་ སི་པཱན་རྒྱལ་ཁབ་དང་། པོར་ཅུ་གྷལ་རྒྱལ་ཁབ་ཀྱིས་ བུ་རམ་ཤིང་དེ་འཛམ་གླིང་ལ་ངོ་སྤྲོད་བྱས་མེད་པ་ཡིན་ན་བཏུང་བ་དེ་ལའང་འགྱུར་བ་ཆེན་པོ་བྱུང་མེད་ཚོད་རེད། རྒྱ་གར་བ་རྣམས་ནི་སྟོན་པ་ཡེ་ཤུའི་དུས་སྐབས་ཙམ་ནས་བུ་རམ་ཤིང་གི་ཁུ་བ་བཙིར་ནས་ཀ་ར་བཟོ་མཁན་དང་པོའི་གྲས་རེད་ལ། བུ་རམ་ཤིང་དེ་དག་ནི་ལྷོ་ཨེ་ཤ་ཡའི་ཁུལ་དུ་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་ཡོད་པའི་ས་གནས་ཀྱི་སྐྱེ་དངོས་ཤིག་རེད། འོན་ཀྱང་ཡུ་རོབ་པ་རྣམས་ཀྱིས་ཨ་ཧྥི་རི་ཀའི་ཡུལ་ནས་ཡུལ་མི་གཡོག་ཏུ་འཁྱེར་ཏེ་བྱང་ཨ་མི་རི་ཀ་སོགས་སུ་བུ་རམ་ཤིང་འདེབས་པའི་ཞིང་ས་གཞི་རྒྱ་ཆེན་པོ་བཙུགས་པའི་རྗེས་ནས་ཀ་ར་དེ་ཡུ་རོབ་ཁུལ་དུ་ཁྱབ་ཆེ་བ་དང་གོང་ཁེ་པོ་བྱུང་པ་རེད། (བུ་རམ་ཤིང་ Sugarcane གི་འཕེལ་རིམ་ལ་བརྟེན་པའི་ཀ་རའི་ལོ་རྒྱུས་ཀྱང་དོ་སྣང་འདྲེན་པ་ཞིག་འདུག)

རྒྱ་གར་ནི་ཟས་རིགས་སྨན་སྣ་སྡེབ་སྦྱོར་བྱེད་མཁན་གྲགས་ཆེན་ཞིག་ཡིན་སྟབས། ས་ཆ་གང་ཞིག་ནས་མི་ཞིག་གིས་ཇའི་ནང་དུ་ཀ་ར་ཁེམ་བུ་གང་ངམ་དོ་འདེབས་པའི་བསམ་བློ་འཁོར་བ་རེད། དེའི་རྗེས་ཞིག་ལ་འོ་མ་ཡང་བསྲེས་ནས་འོ་མ་དང་ཀ་ར་ཅན་གྱི་ཇ་མངར་མོའི་བཏུང་བ་དེ་བྱུང་པ་རེད། ད་དུང་སྒ་སེར་རློན་པ་དང་སྨན་སྣ་གཞན་ཡང་བསྲེས་ནས་ཇ་བསྐོལ་བའི་ལུགས་སྲོལ་དེ་འཕེལ་བར་གྱུར་ཅིང་། དེ་ནས་གློ་བུར་དུ་ རྒྱ་གར་གྱི་ཀ་ར་དང་རྒྱ་ནག་གི་ཇ་བསྲེས་ནས་ཇ་མངར་མོ་ཞེས་པའི་ཡིད་འོང་གི་ལོངས་སྤྱོད་འདི་བྱུང་བ་རེད།

རྒྱ་ནག་གི་དུད་ནག་གམ་ཉལ་ཐའི་འཐབ་འཁྲུག་ཅེས་པ་དེ་ལ་ཕལ་ཆེར་ཇའི་དམག་འཁྲུག་ཅེས་ཀྱང་བརྗོད་རུང་བ་ཞིག་རེད། གང་ཡིན་ཟེར་ན། དུས་རབས་བཅོ་བརྒྱད་པའི་ནང་དུ་ཇའི་ཐོན་སྐྱེད་ནི་རྒྱ་ནག་ཁོ་ནའི་ནང་དུ་ཡོད་པ་དང་། དབྱིན་ཇིས་རྒྱ་ནག་ནས་ཉོ་བའི་ཅ་དངོས་ཀྱི་འབོར་ཆེ་ཤོས་དེ་ནི་ཇ་ཡིན་པ་རེད། ཇའི་ཚོང་ཟོག་གི་གྲངས་འབོར་ནི་རྒྱ་ནག་གི་དཀར་ཡོལ་དང་དར་གོས་ལས་ཀྱང་ཆེ་བ་རེད། འོན་ཀྱང་རྙོག་དྲ་ཞིག་ནི་རྒྱ་ནག་གིས་ཇའི་དོད་དུ་དངུལ་རྐྱང་འདོད་པ་དང་། དབྱིན་ཇི་བའི་ལག་པར་དངུལ་ཐོབ་དཀའ་བར་གྱུར།

དེ་ནས་དབྱིན་ཇིས་ཇ་ཚོང་སྐོར་ལ་སྟངས་འཛིན་བྱས་པ་དེར་རང་གི་དབང་འོག་ན་ཡོད་པའི་ཨ་མི་རི་ཀ་སོགས་མ་དགའ་བ་དང་། དེའི་རྐྱེན་ལ་བརྟེན་ནས་ཇའི་དོ་པོ་མང་པོ་རྒྱ་མཚོར་གཡུགས་ཏེ་དབྱིན་ཇིའི་དབང་བསྒྱུར་ནས་ཁ་གྱེས་པའི་ ༡༧༧༣ལོའི་ཨ་མི་རི་ཀ་རུ་ཇའི་ཁྲལ་ལ་ངོ་རྒོལ་བྱེད་པའི་ལས་འགུལ་གྲགས་ཅན་ “Boston Tea Party”ཅེས་པ་དེའང་བྱུང་བ་རེད། སྐབས་འདི་ཙམ་ལ་ཇའི་ཚོང་ཟོག་དཀོན་པོ་དེས་དབྱིན་ཇིའི་དབང་འོག་གི་རྒྱལ་ཁབ་རྣམས་བློ་ཕམ་པ་ཙམ་མ་ཡིན་པར། དབྱིན་ཇིའི་རྒྱལ་ཁབ་རང་ཉིད་ཀྱང་ཇའི་ཚོང་ལ་བརྟེན་ནས་ཉམས་ཉེས་སུ་འགྲོ་ཉེན་ཡོད་པ་རེད།

དེ་ནས་རྒྱ་གར་གྱི་དབྱིན་གཞུང་གིས་རྒྱ་ནག་ལ་མཁོ་བའི་ཚོང་ཟོག་ཅིག་རྙེད་པ་ནི་ཉལ་ཐ་རེད། རྒྱ་གར་དབྱིན་གཞུང་གིས་ཉལ་ཐའི་ཚོང་རྭ་བདག་འཛིན་བྱས་ཏེ་བྷལ་གྷལ་ཁུལ་དུ་ཉལ་ཐ་བཏབ་པ་དང་དེའི་འདེབས་ལས་ཀྱི་ཐབས་བྱུས་གསར་པ་ཚོད་ལྟ་བྱས་པ་རེད། རྒྱ་ནག་གིས་ཉལ་ཐའི་ཚོང་དེ་ཁྲིམས་འགལ་ཡིན་པར་བརྩིས་ནས་བཀག་འགོག་བྱས་སྐབས་རྒྱ་གར་དབྱིན་གཞུང་གིས་ཁྲིམས་དེ་ལ་གཡོལ་ཐབས་བྱས་ཏེ་ནག་ཚོང་བྱེད་པའི་ཐབས་ལམ་བསྟེན་པ་རེད། རྒྱ་ནག་གོང་མས་ཉལ་ཐ་ལ་བརྟེན་ནས་མི་ས་ཡ་མང་པོར་ལང་ཤོར་གྱི་ན་ཚ་ཡོད་སྐོར་བརྗོད་སྐབས་རྒྱ་གར་དབྱིན་གཞུང་གིས་དེ་ལ་ཡ་མེད་བྱས་པ་རེད། དེ་ནས་ ༡༨༣༩ ལོར་རྒྱ་ནག་གོང་མས་ཉལ་ཐའི་སྒམ་ཁྲི་གཉིས་གཞུང་བཞེས་བྱས་སྐབས་དབྱིན་ཇིས་ཐེ་ཚོམ་དང་འགོར་འགྱངས་མེད་པར་དམག་གྲུ་རྒྱ་ནག་ཕྱོགས་ལ་བཏང་ནས་དཀའ་ངལ་སེལ་ཐབས་བྱས་པའི་འབྲས་བུར་རྒྱ་ནག་གི་མཚོ་འགག་རྣམས་སུ་དབྱིན་ཇིའི་ཚོང་སྒོ་འབྱེད་རྒྱུ་དང་ཧོང་ཀོང་རྩིས་ལེན་བྱེད་རྒྱུ་སོགས་ཀྱི་གྲོས་མཐུན་བྱེད་དགོས་བྱུང་བ་རེད།

སྐབས་འདི་ཙམ་ལ་དབྱིན་ཇིའི་རྒྱ་གར་གཞུང་གི་དཔོན་རིགས་སྤྱང་པོ་རྣམས་ཀྱིས་མ་འོངས་པའི་ཇ་ཚོང་ལ་བརྡབ་གསིག་མི་ཡོང་བའི་འཆར་གཞི་བཟོས་པ་དང་། དེ་ཡང་རྒྱ་གར་ནི་ས་ཆ་འོས་ཤོས་དེ་ཡིན་པར་ཐག་གཅོད་བྱས་པ་རེད། མིང་ལ་ Robert Fortune ཟེར་བའི་དབྱིན་ཇི་བ་ཞིག་གིས་ ༡༨༤༨ ལོར་རྒྱ་ནག་ནས་ཇ་ཤིང་རྐུ་ཁྱེར་བྱས་ཤིང་། ཇ་ཤིང་སྤྱད་དེ་སྐབས་འདི་ཙམ་ལ་རྒྱ་གར་གྱི་ཨ་སཱམ་ས་ཁུལ་དུ་ཇ་ཤིང་གི་ཞིང་ལས་མགོ་བརྩམས་པ་རེད། འོན་ཀྱང་ཇའི་ཞིང་ཁ་ལ་ངལ་རྩོལ་པ་དགོས་མཁོ་ཆེ་བ་དང་། དབྱིན་ཇིའི་གོང་མས་ ༡༨༣༣ ལོར་བྲན་གཡོག་བཀོལ་རྒྱུ་རྩ་འགོག་བྱས་བརྟེན། དབྱིན་ཇིའི་རྒྱ་གར་གཞུང་གིས་ལས་མི་རྣམས་ལ་གན་རྒྱའི་ཐོག་ནས་ཇའི་ཞིང་ཁ་རྣམས་ལ་ལས་ཀ་བྱེད་པའི་མགོ་བརྩམས་མོད་དེ་དག་ཀྱང་གཡོག་པོ་དང་ཁྱད་པར་ཆེན་པོ་མེད་པ་རེད། དེ་ནས་ཅང་མ་འགོར་བར་རྒྱ་གར་ནི་ཡུ་རོབ་པ་རྣམས་ལ་ཇའི་ཚོང་ཟོག་ཐོན་སྐྱེད་བྱེད་མཁན་གྱི་ལྟེ་བ་ཞིག་ཆགས་པ་རེད་ལ། རྒྱ་གར་དུ་ཇ་ཤིང་འདེབས་པའི་ཚོང་ལས་ཀྱི་རྐྱེན་བྱས་ཏེ་རྒྱ་གར་བ་ཚོ་ཡང་ཇ་ལ་ལོབས་པར་གྱུར་ཅིང་། དབྱིན་ཇིའི་བྱེད་སྲོལ་ལ་དཔེར་ལེན་གྱིས་རྒྱ་གར་བ་རྣམས་ནི་འོ་མ་དང་ཀ་ར་བསྲེས་པའི་ཇ་མངར་མོ་འཐུང་མཁན་ཞིག་ཏུ་གྱུར་པ་རེད།

ད་ལྟ་དྲ་ཐོག་ནས་ཇའི་ལོ་རྒྱུས་འཚོལ་སྐབས་ཇ་དེ་རྒྱ་ནག་ནས་མཆེད་དེ་འཛམ་གླིང་ལ་ཇི་ལྟར་ཁྱབ་པའི་ལོ་རྒྱུས་རིང་ཐུང་ཅི་རིགས་པ་རྙེད་ཅིང་། བོད་ལ་དུས་རབས་དགུ་པ་ཙམ་ནས་ཇ་དར་པའི་ལོ་རྒྱུས་ཀྱང་ཞོར་ལ་འབྱུང་ངོ་།། གང་ལྟར་ཡུ་རོབ་པ་རྣམས་ཀྱིས་རྒྱ་ནག་དང་ཉི་ཧོང་ལ་ཚོང་འབྲེལ་བྱས་པའི་བརྒྱུད་རིམ་ནང་དུ་ཇའི་བཏུང་བ་འདི་ཉིད་ཡུ་རོབ་ལ་དར་པ་དང་། དབྱིན་ཇིའི་གོང་མའི་སྟོབས་ཤུགས་འཛམ་གླིང་ལ་བཀྱེད་པའི་བརྒྱུད་རིམ་དུ་ཇའི་ཚོང་འབྲེལ་དང་། ཇའི་ཚོང་ཁྲལ་སོགས་ལ་བརྟེན་ནས་ཇ་དེ་འཛམ་གླིང་ལ་ཁྱབ་པར་གྱུར་པའི་ཇའི་ལོ་རྒྱུས་དང་ཚོང་གི་འགྲན་བསྡུར་སོགས་བྱུང་འདུག་གོ།

༡༩༩༠ གོ་གྲངས་ཤིག་ལ་གུས་པ་ཝ་ར་ན་སིར་སྡོད་སྐབས་ཆུ་མོ་གང་གཱའི་འཁྲིས་ན་ཡོད་པའི་དཔེ་སྐྲུན་ཁང་ཞིག་ལ་ཕྱིན་པ་ཡིན། སྐབས་དེར་སྦྱིན་བདག་ཕ་བུ་གཉིས་དང་ལྷན་དུ་བོད་ཡིག་གི་དེབ་ཅིག་པར་སྐྲུན་བྱེད་པའི་སྟ་གོན་བྱེད་ཀྱིན་ཡོད། ཁོང་ཚོས་ཤེལ་ཕོར་ཆུང་ཆུང་ཞིག་གི་ནང་དུ་ངུར་སྨྲིག་གི་མདོག་དང་ལྡན་པའི་བཏུང་བ་ཞིག་འཁྱེར་ཡོང་ཞིང་། དེ་ནི་ཇ་མངར་མོ་རེད། འདི་འདྲའི་ཇ་ཞིམ་པོ་ཞིག་ཡུལ་གཞན་ན་དཀོན་སེ་སྣང་ལ། ལོ་ཤས་གོང་ལ་ཧོང་ཀོང་དུ་བསྐྱོད་སྐབས་ཀྱང་ཧོང་ཀོང་གི་ཟ་ཁང་རྣམས་སུ་ངུར་སྨྲིག་མདོག་གི་ཇ་མངར་མོ་དེ་དག་དར་སྲོལ་ཆེན་པོ་འདུག

དེས་ན་རྒྱ་གར་གྱི་ཇའི་ལོ་རྒྱུས་འདི་ལ་བརྟགས་སྐབས་མར་པ་ལོ་ཙ་བས་མཆོད་རྒྱུ་བྱུང་མེད་པ་རེད་ལ། ཆག་ལོས་ཀྱང་ཇ་མངར་མོ་མཆོད་རྒྱུ་བྱུང་མེད་པ་མ་ཟད། ཁོང་ཚོ་རྒྱ་གར་ན་བཞུགས་སྐབས་ཕ་ཡུལ་གྱི་ཚྭ་ཁུ་ཅན་གྱི་བོད་ཇ་དེ་དྲན་གྱིན་ཡོད་ཚོད་རེད།

ཇའི་གཏམ་རྒྱུད་དུམ་བུ་འདི་ནི་དེ་རིང་རེས་གཟའ་ཉི་མའི་དུས་ཚོད་སྤྱད་དེ་བཏུས་པ་དགེའོ།།

ངོ་སྤྲོད།

Post navigation

Previous Post: སྐུ་ངོ་སྤེན་ཚེ། མི་ཕོ་གསེར་གྱི་ཀ་བ།
Next Post: བཙན་བྱོལ་བོད་མིའི་གྲོས་ཚོགས། སྟོབས་ཀྱིས་སད་དགོས་པའི་ཁྱེད་ཚོ།

Comments (17) on “ཇའི་གཏམ་རྒྱུད་ཐོར་བུ།”

  1. Abharu Jigwang says:
    2018-02-11 at 10:46 pm

    ༄༅། ཁྱོད་ཀྱི་རྒྱ་གར་གྱི་་ཇ་མངར་་་མོའི་ལོ་རྒྱུས་མེད་པ་ལྟ་བུ་བྲིས་འདུག་པ་ནི་་་བདེན་པ་
    མ་རེད། རྒྱ་གར་ལ་ཇའི་ལོ་རྒྱུས་འདྲ་མིན་རིང་པོ་དང་རྒྱས་པ་ཞེ་དྲག་ཡོད་པ་རེད།
    ཁྱོད་ཀྱི་ཉམ་ཞིབ་ཡག་པོ་བྱས་མེད་པ་རེད་འདུག།
    གཉིས་པ་དེ་ནི་་་རྗེ་བཙུན་མི་ལས་་་ཇ་འདི་མ་མྱོང་བ་ཞེས་བྲིས་པ་ནི་་་ཆབ་ཆུང་རེད།
    རྣལ་འབྱོར་བ་ཚེ་གཅིག་ལ་་སངས་རྒྱས་ཐོབ་པ་ཁོང་ཉིད་གཅིག་པུ་ཡིན་གྱི་རེད། དེ་ལ་ཟུར་ཟ་
    བྱས་པ་ནི་ཀླད་ཆུང་གི་སྐད་ཆ་རེད།

  2. གཡུ་སྒང་དགེ་འདུན། says:
    2018-02-12 at 1:28 am

    བྱ་རོག་སོ་བརྟག་གི་གཏམ་རྒྱུད་དང་གཅིག་པ་རེད།

  3. འཕྲུལ་གྱི་བཙན་པོ། says:
    2018-02-12 at 2:50 am

    མཁྱེན་ཡངས་དགེ་འདུན་རབ་གསལ་ལགས།
    བོད་ལ་ཇ་དུས་རབས་ག་དུས་ནང་བྱུང་བ་དང་ཚྭ་ཡང་དེ་བཞིན་དུ་ག་དུས་དར་མིན་ཞིབ་བརྗོད་ཅིག་འབྲི་ཐུབ་ན་ཀུན་ལ་ཕན་པར་ངེས།

  4. མི་ཆུང་། says:
    2018-02-12 at 4:23 am

    དགེ་རབ་ལགས།

    དྲི་བར། ཉིད་ཀྱིས་རྒྱ་གར་ནང་། ཇ་འཐུང་སྲོལ་དང་ཇ་ལ་ལབ་པའི་དུས་ཚོད་དེ། དུས་རབས་བཅུ་དགུ་པའི་འགོ་སྟོད་ནས་དར་བར་གསུངས་ཀྱི་འདུག་ཀྱང་། རྒྱ་གར་ལོ་རྒྱུས་ནང་རྒྱ་གར་དུ་ཇ་འཐུང་སྲོལ་མ་མཐར་ཡང་། སྤྱི་ལོའི་སྔོན་གྱི་ལོ་༧༥༠ ཙམ་ནས་བྱུང་བར་འདོད་འདུག་ན། ཉིད་ཀྱིས་གསུངས་པ་དང་རྒྱ་གར་ཁོ་པ་ཚོའི་ལོ་རྒྱུས་གཉིས་ཀྱི་བར་ཁྱད་ཆེན་པོ་འདི་འདྲ་ཇི་ལྟར་བྱུང་བ་རེད་དམ།

    ཉིད་ཀྱིས་ཇའི་སྐད་དོད་རྒྱ་ནག་ནས་མཆེད་པར་གསུངས། འོན་ཀྱང་རྒྱ་གར་དུ་
    (chai)ཇའི་སྐད་དོད་བྱུང་ནས། ལོ་ངོ་སྟོང་ཕྲང་མང་པོ་འགྲོ་གི་འདུག་ན། ཇའི་སྐད་དོད་རྒྱ་ནག་ནས་བྱུང་ཚུལ་ཇི་ལྟར་ཡིན། ཟུར་ཆགས་ཚུལ་འདི་འདྲ་འདི་འདྲ་རེད་ཅེས་ལན་ཞིག་གནང་རོགས།

    ད་དུང་ཉིད་ཀྱིས་ཐ་སྙད་ཆེས་གསར་པ་ཞིག་ཁྱེར་ཡོང་གི་འདུག དཔེར་ན། མངར་ཤིང་། ཐ་སྙད་འདི་བོད་དུ་ག་དུས་དར་བ་རེད་དམ། མནའ་སྔ་མོ་སྔ་མོ་ནས་བོད་དུ་དར་བའི་ཐ་སྙད། བུར་ཤིང་། ཞེས་པའི་སྐད་དོད་འདི་བེད་མ་སྤྱད་པའི་རྒྱུ་མཚན་གང་ཡིན་ནམ།

  5. ས་ཐོ། says:
    2018-02-12 at 7:28 am

    ཇའི་སྒྲུང་འདི་སྙན་པོ་འདུག བཀའ་དྲིན་ཆེ།
    -མཆན་འབྲི་མཁན་གྱི་གྲོགས་པོ་ལགས་ལ་ཞུ་རྒྱུར། ཡག་པོ་མི་འདུག་གཅིག་པོ་མ་ལབ་པར། ཁུངས་ལུང་ལྡན་པའི་གཏམ་དང་ཡིག་ཆ་ཡོད་ན། འདིར་འབྲི་རོགས་ཞུ། ཀུན་ལ་ཕན་པར་བསམ། བཀའ་དྲིན་ཆེ།

  6. དགེ་རབ་ says:
    2018-02-12 at 8:36 am

    མི་ཆུང་ལགས།

    ངས་བུར་ཤིང་དེ་སེམས་ལ་མ་འཁོར་ནས་མངར་ཤིང་བྲིས་འདུག ད་སླར་ཡང་བུར་ཤིང་ལ་བཅོས་ཡོད། ཐུགས་རྗེ་ཆེ། རྒྱ་གར་གྱི་ལོ་རྒྱུས་ནང་ཇའི་ལོ་རྒྱུས་སྐོར་གསུངས་པ་དེ་སླར་ཡང་གསུངས་རོགས་གནང་། ངས་འདི་ནི་ཞིབ་འཇུག་གི་རྩོམ་མིན། ཇའི་གཏམ་རྒྱུད་འདི་ཟིན་ཐོར་བཏབ་པ་ཞིག་ཡིན། ཐུགས་རྗེ་ཆེ

  7. དགེ་རབ་ says:
    2018-02-12 at 8:37 am

    གཞན་རྣམས་ལ་ཞུ་རྒྱུར། ཇའི་གཏམ་རྒྱུད་ཀྱི་བརྙན་འཕྲིན་ལ་གཟིགས་རྒྱུ་བྱུང་སོང་ངམ། དེར་ཅིག་གཟིགས་དང་།

  8. ཀརྡོ་རབ་འབྱམས་པ་ says:
    2018-02-12 at 9:27 am

    ་་་་་་་་་་་ རྒྱ་ནག་ཏུ་ལོ་ངོ་སྟོང་ཕྲག་རིང་ཇ་འཐུང་བཞིན་ཡོད་པ་དང་། འཛམ་གླིང་གི་སྐད་མང་པོའི་ཇའི་སྐད་དོད་ཀྱང་རྒྱ་ནག་གི་སྐད་ལས་མཆེད་པར་གྲགས། ་་་་་་་་་ ཟེར།

  9. ཀརྡོ་རབ་འབྱམས་པ་ says:
    2018-02-12 at 9:46 am

    རྒྱལ་རབས་ཞེ་གཅིག་པ་དང་། ཞེ་གཉིས་པ་བཀྲོང་ནས་བོད་བསིལ་བུར་ཐོར་བའི་སྟེང་། ཇ་དང་། དར་གོས་གཉིས་རྒྱ་ལ་རེ་ནས། བོད་རྒྱ་ལག་ཏུ་ཕོངས་པ་རེད་སྙམ་མོ།།

  10. ཀརྡོ་རབ་འབྱམས་པ་ says:
    2018-02-12 at 10:53 am

    ངས་གོ་ཡ་ལ། ཨུ་རུ་སུས། ཇ་ལ། ཙ་དང་། བོད་ཇ་ལ་ཇ། རྒྱ་གར་བས། ཇ་ལ་ཅཡེ་ཟེར་ཡང་། རྒྱ་ནག་པས། ཇ་ལ་ཅི་ཟེར་བ་དེ་ནི། ངས་མི་ཤེས་སོ།།

  11. ས་ཐོ། says:
    2018-02-13 at 6:16 am

    གོང་གི་མཆན་དེར་[ཆབ་ཆུང་]ཞེས་པ་ཞིག་བྲིས་འདུག དེ་ལ་གཅིན་པ་མ་ཡི་པའི་དོན་དག་ཅིག་ཡོད་རེད་པས། དོན་ཧ་གོ་མ་སོང་།

  12. ལ་དྭགས་འཇམ་དཔལ།། says:
    2018-02-13 at 7:35 am

    རྒྱ་ནག་པའི་སྐད་དོད་དུ། ཇ་ཞེས་པ་དེ་ལ་ཊ་ཡང་འབོད་སྲོལ་ཡོད་པས། བོད་དང་རྒྱ་གར་དུ། ཇ་ཞེས་འབོད་ཚུལ་དང་། ཨ་རི་དང་། ཨིན་ཇི་སོགས་ནུབ་ཕྱོགས་སུ། ཊ། ཞེས་འབོད་ཚུལ་བྱུང་། རྒྱ་ནག་སྐད་དུ། ཇ་དང་ཊ་གཉིས་གང་འདོན་ཡང་དོན་གཅིག་དུ་འདོད་དོ་སྙམ། ཕལ་ཆེར་ལོ་དྲུག་ཅུ་སྔོན་གྱི་བསམ་བློ་འཁོར་ཚུལ་་ཡིན། དེ་ཡང་ཇི་ལྟར་ཤེས་ཤེ་ན། ངས་བོད་དུ། རྒྱ་ནག་དམར་ལུགས་ཀྱི་སྲིད་བློན་དང་པོ་དེ་ལ། ཊོན་ལ་ཡི། ཞེས་པ་ཐོས། དེའི་རྗེས་སུ་རྒྱ་གར་དུ། ཇོན་ལ་ཡི། ཞེས་པ་ཐོས་སོ།

  13. ལ་དྭགས་འཇམ་དཔལ།། says:
    2018-02-13 at 10:28 am

    ཊ།་ཞེས་པ། ཊཱི། ཞེས་བཅོས་སོ།

  14. ཀརྡོ་རབ་འབྱམས་པ་ says:
    2018-02-13 at 11:42 am

    #11 ས་ཐོ། ་ལགས་ཀྱིས་སྤེལ་དོན།:
    February 13th, 2018 at 6:16 am
    གོང་གི་མཆན་དེར་[ཆབ་ཆུང་]ཞེས་པ་ཞིག་བྲིས་འདུག དེ་ལ་གཅིན་པ་མ་ཡི་པའི་དོན་དག་ཅིག་ཡོད་རེད་པས། དོན་ཧ་གོ་མ་སོང་།
    ་
    ལན་དུ།
    ཆབ་ཆུང་མ་རེད། བྱབ་ཆུང་རེད། བྱབ་ཆུང་ཟེར་ན། བྱབ་མེད་པའམ། ཆོ་མེད་པའམ། གོ་དོན་མེད་པ་ལ། བྱབ་ཆུང་ཞེས་ཟེར་སྲོལ་ཡོད་རེད།

  15. ལ་དྭགས་འཇམ་དཔལ།། says:
    2018-02-14 at 6:38 am

    བྱབ་ཁྲུས་ཀྱི་བྱབ་དང་། བྱབ་ཆུང་གི་བྱབ་གཉིས་ལ་ཁྱད་པར་ཡོད་དམ།

  16. ལ་དྭགས་འཇམ་དཔལ།། says:
    2018-02-14 at 6:49 am

    ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་མཆོག་ལ་གསོལ་ཇ་འདེགས་པ་ན།
    ་
    རིན་ཆེན་འབྲུག་བརྒྱབས་སྲང་ལྔ་རི་བ་འདིར།
    [བླུགས་པར་བྱས་ཏེ་]རྒྱ་ཇའི་བཏུང་བ་ནི།
    ལྕེ་བདེ་བློ་གས༏ལ་འགྲོ་ན་མགྱོགས་པ་འདི།
    དཔག་བསམ་ཤིང་གི་བཅུད་དུ་རབ་དམིགས་ནས།
    བླ་མ་ཁྱེད་ལ་མཆོད་པར་དབུལ་བར་བགྱི།།
    ་
    དེ་ནས་ཇོ་བོ་རྗེས་ཕྱག་ཏུ་བསྣམས་ཏེ་སྣོད་འདི་དང་བཅུད་འདི་འཛོམས། ཞེས་ཐུགས་མཉེས་པོ་མཛད་པའི་ལོ་རྒྱུས་ལགས། དྲུག་ཅུ་རེ་གྲངས་སྔོན་དུ་ཐོས་པ་ཞིག་ཡིན། ཞུས་དག་མཛད་མཁན་ལ་དགའ་སྙིང་པ་ནས་ཞུ་ངེས།

  17. ལ་དྭགས་འཇམ་དཔལ།། says:
    2018-02-14 at 11:11 am

    དགའ་སྙིང་པ་ནས་ཞུ་ངེས། ཞེས་པར་དགའ་བསུ་སྙིང་ནས་ཞུ་ངེས། ཞེས་ཞུས་དག་བྱས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme