Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅།། སངས་རྒྱས། ཞེས་པའི་བོད་བསྒྱུར་མུ་འབྲེལ་བརྙན་འཕྲིན་ཟློས་གར་ངོ་སྤྲོད་མདོར་བསྡུས།

Posted on 2018-01-232018-01-23 By ཁ་བརྡ 8 Comments on ༄༅།། སངས་རྒྱས། ཞེས་པའི་བོད་བསྒྱུར་མུ་འབྲེལ་བརྙན་འཕྲིན་ཟློས་གར་ངོ་སྤྲོད་མདོར་བསྡུས།

ཆབ་ཚང་འཇམ་དཔལ།

 

བདག་ཅག་གི་སྟོན་པ་སྐུ་འཁྲུངས་ས་རྒྱ་གར་ཡིན་ནའང་ཁོང་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཆ་ཚང་བ་ང་ཚོ་བོད་མི་རིགས་ཀྱི་བགོ་སྐལ་དུ་ཤར་བ་རེད། འཇིག་རྟེན་འདིར་རྒྱ་ཆེ་ཆུང་ལ་མ་ལྟོས་པར་ཆོས་ལུགས་མི་འདྲ་བ་ཧ་ཅང་མང་པོ་ཡོད་པར་མ་ཟད། དེ་མཚུངས་ཀྱི་སྟོན་པ་ཡང་ཧ་ཅང་མང་པོ་ཡོད། དེ་ལྟར་ཡང་ང་ཚོ་ནང་པ་སངས་རྒྱས་པའི་སྟོན་པ་ནི་ཆེས་མཆོག་ཏུ་གྱུར་པའི་སྟོན་པ་ཞིག་རེད། དེ་ཡང་རྒྱུ་མཚན་མེད་པ་དང་། ཕྱོགས་ཞེན། རྨོངས་དད་རྐྱང་པའི་ཐོག་ནས་བཤད་པ་ཞིག་རྩ་བ་ནས་མིན། ངས་འདིར་བདག་ཅག་གི་སྟོན་པའི་ཐུན་མོང་སྣང་ངོའི་རྣམ་ཐར་གྱི་ཆ་ཤས་འགའ་ཞིག་བརྗོད་ནས་བདག་ཅག་གི་སྟོན་པ་གང་ཉིད་སྟོན་པ་གཞན་གང་ལས་ཀྱང་ཁྱད་པར་དུ་འཕགས་པ་ཞིག་ཡིན་པ་སྟོན་ཐབས་བྱེད་ཀྱི་ཡིན།

གཅིག ནང་པ་སངས་རྒྱས་པའི་སྟོན་པ་ནི་ཆོས་ལུགས་གཞན་པ་ཚོའི་སྟོན་པ་ལྟར་མི་མངོན་པའི་དབྱིངས་ཤིག་ནས་དཀོན་མཆོག་གཞན་པ་ཞིག་གིས་ཁོང་གི་སྐུ་ཚབ་ཏུ་མངགས་པའི་ཕོ་ཉ་ལྟ་བུ་ཞིག་མ་ཡིན་པར། ཁོང་སྐུ་དངོས་སུ་འཇིག་རྟེན་འདིར་ཕེབས་ནས་སྐུ་ཚེ་ཧྲིལ་པོ་གཞན་དོན་དུ་བཏང་བའི་སྐྱེས་བུ་དམ་པ་ཞིག་རེད།

གཉིས། ཁོང་གིས་སྐབས་དེའི་རྒྱ་གར་གྱི་རིགས་རུས་མཐོ་དམན་དང་། ཕོ་མཆོག་མོ་དམན། དབུལ་ཕྱུག་གི་དབྱེ་འབྱེད་ཀྱི་ལམ་ལུགས་སོགས་ལ་དགག་པ་ཤུགས་ཆེས་གནང་ཡོད་པར་མ་ཟད། དངོས་སུ་རྒྱ་གར་གྱི་ས་གནས་འདྲ་མིན་ནས་རིགས་རུས་ཧ་ཅང་དམན་པའི་ཕོ་མོ་མང་པོ་བསྡུ་རུབ་ཀྱིས་ཁོང་ཚོར་རིགས་རུས་མཐོན་པོ་ཚོ་ལྟར་ནང་ཆོས་སློབ་སྦྱོང་དང་ཉམས་ལེན་བྱེད་པའི་གོ་སྐབས་གཅིག་མཚུངས་སུ་ཕུལ་བ་དེས་འགྲོ་བ་མིའི་རིགས་ཧྲིལ་པོར་མིག་དཔེ་བཟང་པོ་བཞག་ཡོད།

གསུམ། འགྲོ་བ་མིའི་རིགས་ཙམ་མ་ཡིན་པར་ཐ་ན་སེམས་ཅན་འབུ་སྲིན་ཚུན་ཆད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན་པ་གཅིག་མཚུངས་སུ་གཟིགས་ནས།
སེམས་ཅན་སུ་གཅིག་ལའང་འཚེ་བ་བྱེད་མི་རུང་བའི་འཚེ་བ་མེད་པའི་ལྟ་སྤྱོད་ཤུགས་ཆེས་དར་སྤེལ་བྱས་པ་དེས། སྐབས་དེའི་རྒྱ་གར་ཙམ་མ་ཡིན་པར་ཡེ་ཤུ་ཡ་དང་།
འཛམ་གླིང་ཧྲིལ་པོའི་སེམས་ཅན་དཔག་ཏུ་མེད་པར་ཕན་བདེ་བླ་ན་མེད་པ་བྱིན་དང་སྦྱིན་བཞིན་ཡོད།

བཞི། གང་ཉིད་གོ་ལ་འདིའི་གཙུག་རྒྱན་དམ་པར་སྐུ་འཚོ་བཞུགས་སྐབས་རྒྱ་གར་དུ་ལྟ་སྤྱོད་མི་མཐུན་པའི་ཆོས་ལུགས་དང་གྲུབ་མཐའ་མི་འདྲ་བ་ཧ་ཅང་མང་པོ་ཡོད་པར་མ་ཟད།
དུས་ནས་དུས་སུ་ཆོས་ལུགས་དང་གྲུབ་མཐའ་ཁག་གི་དབར་འཁྲུག་རྩོད་ཀྱི་གནས་ཚུལ་མི་ལེགས་པ་ཡང་ཡང་འབྱུང་གི་ཡོད། གནས་སྟངས་དེའི་འོག་ཁོང་གིས་ཆོས་ལུགས་གྲུབ་མཐའ་ཁག་མཐུན་སྒྲིལ་དམ་ཟབ་ཡོང་ཆེད་རྩོད་པ་ཆོས་ཕྱོགས་སུ་ཞུ་ཐབས་དང་། ལྷག་པར་དུ་སེམས་ཅན་རྣམས་ཁམས་དང་མོས་པ་སྣ་ཚོགས་པས་གྲུབ་པ་ཤ་སྟག་ཡིན་སྟབས། དེ་མཚུངས་ཀྱི་ཆོས་ལུགས་དང་གྲུབ་མཐའ་མི་འདྲ་བ་སྣ་ཚོགས་ཤིག་དགོས་པར་གཟིགས་ནས། ཆོས་ལུགས་དང་གྲུབ་མཐའ་ཕན་ཚུན་བར་གཅིག་གིས་གཅིག་ལ་གུས་བརྩི་དགོས་པའི་ལམ་སྟོན་ཤུགས་ཆེས་གནང་ཡོད།

ལྔ་། གང་ཉིད་ཀྱིས་རྒྱུན་དུ། ང་ཁྱེད་ཅག་གི་སྟོན་པ་ཡིན་པ་རྒྱུ་མཚན་དུ་བྱས་ནས་ངའི་གསུང་བརྩི་མི་དགོས་པར། ངས་གསུངས་པའི་ཆོས་ཚུལ་ཕྲ་ཞིང་ཕྲ་བར་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་བརྟག་དཔྱད་ཡང་དག་པ་བྱས་ནས་ངེས་པ་རྙེད་པ་བྱུང་ཚེ། གཞི་ནས་ཁས་བླང་ཆོག་པའི་ལམ་སྟོན་མཛད་ཀྱི་ཡོད་པ་མ་གཏོགས། ང་ཁྱེད་ཅག་གི་སྟོན་པ་ཡིན་སྟབས། ངའི་གསུང་ངེས་པར་དུ་བརྩི་དགོས་ཞེས་བཙན་བཀའ་ལྟ་བུ་ནམ་ཡང་བཏང་མྱོང་མེད།

དྲུག ངའི་ཆོས་ལུགས་ནི་ཟློས་གར་འཁྲབ་པ་ལྟར་ཕྱིའི་རྣམ་འགྱུར་ཙམ་གྱིས་བྱེད་རྒྱུ་ཞིག་རྩ་བ་ནས་མིན་པར། ངས་ལམ་སྟོན་མཛད་པ་དག་ལ་ངེས་པ་རྙེད་ཚེ། དེ་ལྟར་རང་རང་གི་སེམས་རྒྱུད་ལ་སྦྱར་ཏེ་རང་ཉིད་ཀྱིས་རང་ཉིད་ངན་འགྲོའི་འཇིགས་པ་ཐམས་ཅད་ལས་ཐར་ཐབས་བྱེད་དགོས་པ་མ་གཏོགས། ཁྱེད་ཅག་གིས་ཆོས་ཉམས་ལེན་གང་ཡང་མ་བྱས་བཞིན་དུ་ངར་ཁྱེད་ཅག་ཐར་པའི་ས་ལ་འཁྲིད་ཐུབ་པའི་ནུས་པ་གང་ཡང་མེད་པར་གསུངས་ཡོད།

བདུན། ལྷག་པར་དུ་འགྲོ་བ་རྣམས་ཀྱི་སྡུག་བསྔལ་ཆུ་ཡིས་དག་པར་བྱེད་པ་དང་། ཕྱག་དབང་བཞག་ནས་སེལ་མི་ནུས་པར་མ་ཟད། གང་ཟག་གཞན་རྒྱུད་ཀྱི་རྟོགས་པ་རང་རྒྱུད་ལ་འཕོ་བ་སོགས་ཀྱང་ནམ་ཡང་མི་སྲིད་སྟབས། རང་ཉིད་སྡུག་བསྔལ་ཐམས་ཅད་ལས་ཐར་མིན་དེ་གཙོ་བོ་སོ་སོ་རང་ཉིད་འབའ་ཞིག་ལ་རག་ལས་པ་ཞིག་རེད་གསུང་མཁན་གྱི་སྟོན་པ་ཐོག་མ་དེ་ཡིན། དེར་བརྟེན་གང་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་ལུང་ལས་རིགས་པ་གཙོ་བོར་བཟུང་བ་དང་། རང་ལས་གཞན་གཙོ་བོར་བཟུང་ནས་སྲོག་དབུགས་ཐོགས་ཚད་ཀྱི་སེམས་ཅན་རྣམས་ཀྱི་བདེ་བ་སྒྲུབ་ཐབས་དང་སྡུག་བསྔལ་སེལ་ཐབས་ཆེད་ཆེས་བླ་ན་མེད་པའི་མཛད་པ་བསྐྱངས་ཡོད།

བརྒྱད། དེ་མིན་གང་ཉིད་ཀྱིས་མི་ལོ་ཧྲིལ་པོ་བཞི་བཅུ་ལྷག་གི་རིང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལྷག་གསུངས་ཡོད་པར་མ་ཟད། དེ་དག་ཚུར་མདོར་བསྡུས་ནས་བཤད་ན། ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་གཉིས་དང་མ་འབྲེལ་བ་གཅིག་ཀྱང་མེད། དེ་ཡང་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་གཉིས་ནི་རང་གཞན་གཉིས་ཀ་སྡུག་བསྔལ་རྒྱུ་དང་བཅས་པ་ལས་གྲོལ་བའི་ལམ་ཉག་གཅིག་ཡིན་པར་གསུངས་པ་རེད།

གོང་གསལ་གྱི་རྒྱུ་མཚན་དེ་དག་ཙམ་མ་ཟད། ཐ་ན་སྐུ་བཞུགས་སྟངས་དང་། ནབ་ཟ་མཆོད་སྟངས། ཕེབས་སྟངས་སོགས་ཀྱང་སྟོན་པ་བཞན་གང་ལས་ཀྱང་ཁྱད་པར་དུ་འཕགས་པ་ཞིག་ཡིན་པ་ཁོང་གི་རྩོད་མེད་ཡོངས་གྲགས་ཀྱི་རྣམ་ཐར་སོགས་ལས་ལེགས་པར་གཟིགས་ཐུབ་པ་ཞིག་རེད། འདི་ལྟ་བུའི་སྟོན་པ་ཁྱད་པར་ཅན་ཞིག་ང་ཚོ་བོད་མི་རིགས་ཀྱི་མགོན་སྐྱབས་དམ་པར་ཤར་བར་མ་ཟད། ང་ཚོ་བོད་མིའི་བརྒྱ་ཆའི་དགུ་བཅུ་ཙམ་ཁོང་གི་རྗེས་འཇུག་པ་ཤ་སྟག་ཡིན། འོན་ཀྱང་བློ་ཕམ་པ་ཞིག་ལ་འདས་པའི་ལོ་རྒྱུས་ནང་གྲྭ་བཙུན་སྔགས་གསུམ་ཙམ་མ་གཏོགས། བོད་མི་དཀྱུས་མ་ཕལ་མོ་ཆེའི་ཁྲོད་སྟོན་པ་བཀའ་དྲིན་ཅན་གྱི་རྣམ་ཐར་དང་ཆོས་ལ་སློབ་སྦྱོང་བྱེད་པའི་ལམ་སྲོལ་རྦད་དེ་མ་དར་བར་མ་ཟད། དགོན་སྡེ་ཁག་གི་སློབ་དཔོན་དང་དགེ་བའི་བཤེས་གཉེན་རྣམ་པས་ཀྱང་མི་མང་དཀྱུས་མར་ནང་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ངོ་སྤྲོད་ཀྱི་མཛད་པ་མ་བསྐྱངས་སྟབས། བསྟན་དང་སྟོན་པར་ཤེས་ནས་དད་པ་ཐོབ་པའི་བོད་མིའི་གྲངས་འབོར་ནི་བསམ་ཡུལ་འདས་པའི་ཉུང་ཉུང་རེད། ལྷག་པར་དུ་ད་ལྟའི་ཆར་འཛམ་གླིང་འདིར་ཁྱབ་རྒྱ་ཆེ་བའི་སྐད་ཡིག་མི་འདྲ་བ་ཧ་ཅང་མང་པོའི་ནང་བདག་ཅག་གི་སྟོན་པའི་མཛད་རྣམ་བརྒྱ་ཕྲག་སུམ་ཅུར་ཉེ་བ་མཇལ་རྒྱུ་ཡོད་པས། དེ་ནི་ཧང་སང་དགོས་པའི་གནས་ཚུལ་ཞིག་རེད། གྲངས་འབོར་འདི་ལྟ་བུ་ནི་མིའི་རིགས་ཀྱི་ལོ་རྒྱུས་ནང་དེ་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་རེད། འདི་ལྟ་བུའི་སྐྱེས་བུ་དམ་པ་ཞིག་གི་ཆོས་དང་རྣམ་ཐར་ལ་བོད་མི་ཕལ་མོ་ཆེས་རྨོངས་དད་རྐྱང་རྐྱང་བྱས་ནས་བསྡད་ན་དེ་ནི་ང་ཚོའི་གྱོང་གུད་ཆེན་པོ་ཞིག་རེད།

ཕྱོགས་གཅིག་ནས་བཤད་ན་བོད་རིགས་རྒན་པ་མང་ཆེ་བ་ཞིག་ཡིག་རྨོངས་ཅན་ཤ་སྟག་ཡིན་པ་དང་། ཕྱོགས་གཞན་པ་ཞིག་ནས་བཤད་ན། ཡི་གེ་ཀློག་ཐུབ་ཙམ་ཡོད་མཁན་གྱི་བོད་མི་ཚོས་ཀྱང་བོད་ཀྱི་སྐད་ཡིག་ཐོག་བཞུགས་པའི་སྟོན་པའི་རྣམ་ཐར་ཁག་རྒྱ་ཆེ་བ་དང་ནང་དོན་གཏིང་ཟབ་པ་ཤ་སྟག་ཡིན་སྟབས། གོ་བ་ཇི་བཞིན་ལེན་ཐུབ་རྒྱུ་ཧ་ཅང་གིས་ཁག་པོ་རེད། རྒྱུ་མཚན་འདི་དག་ལ་བརྟེན་ནས་ད་ལྟའི་ཆར་འཛམ་གླིང་གི་སྐད་ཡིག་འདྲ་མིན་ཐོག་བཞུགས་པའི་རྩོད་མེད་ཡོངས་གྲགས་ཀྱི་སྟོན་པའི་རྣམ་ཐར་ཕལ་མོ་ཆེར་ཞིབ་འཇུག་གཏིང་ཟབ་ཀྱིས་བསྒྲིགས་པའི་སྟོན་པ་བཀའ་དྲིན་ཅན་གྱི་ཐེག་པ་ཐུན་མོང་གི་མཛད་རྣམ་ཞིག་གཞི་རྩར་བཟུང་ནས་ཕབ་སྐྲུན་བྱས་པའི་རྒྱ་གར་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ (སངས་རྒྱས།) ཞེས་པའི་ལེའུ་ང་ལྔའི་བདག་ཉིད་ཅན། འཛམ་གླིང་གི་ས་ཕྱོགས་གང་ས་ནས་བསྟོད་བསྔགས་ཤུགས་ཆེ་བྱེད་བཞིན་པ་འདི་རང་རེའི་བོད་སྐད་ཐོག་བསྒྱུར་ཐུབ་ན། དེས་བོད་སྐད་མ་གཏོགས་སྐད་ཡིག་གཞན་མི་ཤེས་པ་དང་། ལྷག་པར་དུ་ཡིག་རྨོངས་ཅན་གྱི་བོད་མི་རྒན་གཞོན་ཧ་ཅང་མང་པོའི་སེམས་ནང་དད་པའི་ས་བོན་བླ་ན་མེད་པ་ཞིག་བསྐྲུན་ཐུབ་ངེས་རེད་བསམས་ནས། ཨ་མདོ་རྔ་བའི་ཚོང་བ་སྐུ་ཞབས་བློ་གསལ་སོགས་ཀྱིས་འགྲོ་གྲོན་ཡོངས་རྫོགས་བཏང་བ་བཞིན་ཨ་མདོ་བོད་སྐད་བརྙན་འཕྲིན་གྱི་སྐད་སྒྱུར་ཚན་པ་བརྒྱུད་དངོས་སུ་གློག་བརྙན་དེ་བོད་སྒྱུར་ལེགས་འགྲུབ་ཀྱིས་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ས་གནས་སོ་སོར་འགྲེམ་སྤེལ་བྱས་དང་བྱེད་བཞིན་ཡོད་འདུག

གློག་བརྙན་འདིའི་ཁྱད་ཆོས་གཙོ་བོ་འགའ་ཞིག་ཟུར་དུ་བརྗོད་ན།

གཅིག གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་ནི་རྒྱ་གར་བ་ཞིག་ཡིན་པར་མ་ཟད། རྒྱ་གར་གྱི་ཆོས་རིག་གོམས་གཤིས་གང་ལའང་རྒྱུས་མངའ་ཆེན་པོ་ཡོད་པའི་ཉམས་ཞིབ་པ་གྲགས་ཅན་ཞིག་རེད། འཁྲབ་གཞུང་འདི་སྒྲིག་སྐབས་རྒྱ་གར་གྱི་སྐད་ཡིག་ཐོག་ཏུ་བཞུགས་པའི་སྟོན་པ་བཀའ་དྲིན་ཅན་གྱི་རྣམ་ཐར་ཙམ་མ་ཡིན་པར། འཛམ་གླིང་གི་སྐད་ཡིག་འདྲ་མིན་ཐོག་བཞུགས་པའི་བདག་ཅག་གི་སྟོན་པའི་རྣམ་ཐར་ཁག་དཔྱད་གཞིར་བཟུང་ནས་བསྒྲིགས་པ་ཞིག་ཡིན་སྟབས། འཁྲབ་གཞུང་འདི་བདག་ཅག་གི་སྟོན་པའི་རྣམ་ཐར་འཁྲབ་གཞུང་ཚད་འཛིན་འོས་པ་ཞིག་ཏུ་བརྩི་ཆོག

གཉིས། ལྷག་དོན་རྣམ་ཐར་འཁྲབ་གཞུང་འདི་བདག་ཅག་གི་སྟོན་པས་ཐུན་མོང་དང་ཐེག་པ་ཐུན་མོང་གི་སྣང་ངོར་མཛད་པ་གང་བསྟན་དག་གཞི་རྩར་བཟུང་ནས་བསྒྲིགས་པ་ཞིག་ཡིན་སྟབས།ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྣམ་ཐར་ཞིག་ཡིན་པར་མ་ཟད། འཛམ་གླིང་འདིའི་སྟེང་གི་ནང་པའི་ཐེག་པ་ཆེ་ཆུང་གི་རྗེས་འབྲངས་པ་ཡོངས་རྫོགས་ཀྱིས་ཁས་ལེན་རུང་བའི་རྣམ་ཐར་འཁྲབ་གཞུང་ཞིག་རེད།

གསུམ། རྣམ་ཐར་འཁྲབ་གཞུང་འདིས་བདག་ཅག་གི་སྟོན་པའི་ཐེག་པ་ཐུན་མོང་གི་རྣམ་ཐར་གྱི་གཙོ་གནད་ཟིན་ཡོད་པར་མ་ཟད། རྣམ་ཐར་འཁྲབ་ཡུལ་གྱི་འཁོར་ཡུག་དང་། འཁྲབ་སྟོན་པ། ཆས་གོས་སོགས་རྣམ་ཐར་འཁྲབ་གཞུང་གི་སྤྱི་ཁོག་དང་ཡོངས་སུ་མཐུན་པར་མ་ཟད། རྣམ་ཐར་འཁྲབ་སྟོན་པ་ཚོའི་ངག་གི་སྨྲ་བརྗོད་དང་། ལུས་ཀྱི་རྣམ་འགྱུར།
གཟིགས་དབྱིབས། བཞིན་གྱི་མདངས་སོགས་ཕུལ་དུ་བྱུང་བ་ཤ་སྟག་རེད།

བཞི། རྣམ་ཐར་འཁྲབ་གཞུང་འདིའི་ནང་འཛམ་གླིང་འདིའི་ས་གནས་གང་སར་བཞུགས་པའི་ནང་པ་ཡོངས་ཀྱི་གཙུག་རྒྱན་དམ་པར་གྱུར་པའི་སྐྱེས་བུ་མང་པོའི་ལམ་སྟོན་ཡོད་སྟབས། རྣམ་ཐར་འཁྲབ་གཞུང་འདི་དེ་སྔར་བདག་ཅག་གི་སྟོན་པའི་རྣམ་ཐར་འཁྲབ་གཞུང་ཡོད་ཚད་ལས་ཁྱད་པར་དུ་འཕགས་པའི་རྣམ་ཐར་འཁྲབ་གཞུང་ཞིག་རེད།
ཅི་ཙམ་གྱིས་བདག་ཅག་གི་སྟོན་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་སྐྱོངསྟངས་ཐད་མཁྱེན་རྟོགས་ཡོད་ན། དེ་ཙམ་གྱིས་བདག་གི་སྟོན་པར་དད་པ་ཡང་དག་པ་དང་།
བརྟན་པོ་ཞིག་སྐྱེ་ཐུབ་པར་ཕན་ཐོགས་ཆེན་པོ་བཤད་མ་དགོས་པ་ཞིག་རེད་ཞུ་རྒྱུ་ཡིན།

མཇུག་ཏུ་བསྟན་པ་སྤྱི་དང་ལྷག་དོན་ཚང་ལ་མ་ནོར་བའི་བོད་བརྒྱུད་སངས་རྒྱས་ཀྱི་བསྟན་པ་འདི་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།
དེ་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བསྐལ་བ་རྒྱ་མཚོའི་བར་དུ་བརྟན་པ་དང་། དེ་ལ་བརྟེན་ནས་འཛམ་གླིང་འདིར་ནད་མུག་འཁྲུག་རྩོད་ཀྱི་འཇིགས་པ་ཀུན་མྱུར་ནས་མྱུར་དུ་ཞི་བའི་སྨོན་པ་གྲངས་མེད་ཞུ་རྒྱུ་ཡིན།

ཐུགས་རྗེ་ཆེ།

ངོ་སྤྲོད།

Post navigation

Previous Post: ཤེས་པར་བྱོས།
Next Post: སྟོད་འགག་དང་སྟོད་འགག་སེར་པོ།

Comments (8) on “༄༅།། སངས་རྒྱས། ཞེས་པའི་བོད་བསྒྱུར་མུ་འབྲེལ་བརྙན་འཕྲིན་ཟློས་གར་ངོ་སྤྲོད་མདོར་བསྡུས།”

  1. ཆབ་ཚང་འཇམ་དཔལ། says:
    2018-01-23 at 10:12 am

    ངོ་སྤྲོད་ཁ་བྱང་ནང་ཡོད་པའི་(ཐུང་)ཞེས་པ་ལྷག་སྐྱོན་ཡིན་སྟབས། ངོ་སྤྲོད་མདོར་བསྡུས་ཞེས་པར་བཅོས་ནས་བཀླག་རོགས་གནོངས།

  2. ཀརྡོ་རབ་འབྱམས་པ་ says:
    2018-01-23 at 11:35 am

    ་་་་་་་་་ ཨ་མདོ་རྔ་བའི་ཚོང་བ་སྐུ་ཞབས་བློ་གསལ་སོགས་ཀྱིས་འགྲོ་གྲོན་ཡོངས་རྫོགས་བཏང་བ་བཞིན་ཨ་མདོ་བོད་སྐད་བརྙན་འཕྲིན་གྱི་སྐད་སྒྱུར་ཚན་པ་བརྒྱུད་དངོས་སུ་གློག་བརྙན་དེ་བོད་སྒྱུར་ལེགས་འགྲུབ་ཀྱིས་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ས་གནས་སོ་སོར་འགྲེམ་སྤེལ་བྱས་དང་བྱེད་བཞིན་ཡོད་འདུག ་་་་་་་་་

  3. ཀརྡོ་རབ་འབྱམས་པ་ says:
    2018-01-23 at 11:38 am

    སྟོན་པའི་ རྣམ་ཐར་ འདི་ལས་ ཁུངས་ དག་པ་ཞིག་ བོད་པས་ བཟོ་ཐུབ་ན་ ཅི་མ་རུང་ སྙམ་ལ། དེ་ཡང་རེ་བ་ ཆེ་ཤོས་ དེ་ནི་། རྫོང་གསར་ མཁྱེན་བརྩེའི་ རྨི་ལམ་ཡང་ དེ་ཉིད་ ཡིན་པར་ ཁུམས་སོ།།

  4. ཨ་འབར་འཇིགས་དབང། says:
    2018-01-23 at 11:57 pm

    ༄༅། ཆབ་ཚང་འཇམ་དཔལ་ལགས་ནས་དཔེ་ཡག་པོ་བྲིས་གནང་འདུག་པ་
    ཐུགས་རྗེ་ཆེ། འདི་འདྲ་བའི་རྩོམ་འདྲ་འབྲི་གནང་དང། མི་ཤེས་པ་ཚོ་ཤེས་རྒྱུ་དང།
    ཤེས་མཁན་ཚོར་དྲན་བསྐུལ་ངེས་པར་ཡོང་ས་རེད།

  5. ལ་དྭགས་འཇམ་དཔལ།། says:
    2018-01-24 at 10:32 am

    སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐོར་ལ་འབྲི་བར་མཛད་པ་དང་། བོད་ཡིག་་ལེགས་པར་སྦྱངས་པར་མཛད་པ་ལ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་བྱིན་རླབས་འཇུག་པར་ཤོག་ཅིག།
    རྒྱ་གར་དང་བོད་ཀྱི་མཁས་པ་རྣམས་ཀྱིས་བོད་ཡུལ་ལ་ཆོས་ཀྱི་སྒྲོན་མ་སྤར་བར་མཛད། དེ་ཡིས་བོད་ཀྱི་མི་མངས་ལ་ཆོས་ཀྱི་མིག་ཐོབ། བོད་ཀྱི་སྐད་དེ་ཉིད་སྐད་རིགས་བཞིའི་གྲས་སུ་ཚུད། འདི་ཡང་རྒྱ་གར་གྱི་སློབ་དཔོན་ཞི་བ་འཚོ་ཞབས་ཀྱི་བཀའ་དྲིན་ཁོ་ན་ཡིན་པར་སེམས།
    གནས་བརྟན་སྡེ་པའི་ཡུལ་གྲུ་རྣམས་སུ་སྐྱེ་བོ་ཐ་མལ་ཞིག་སངས་རྒྱས་ཀྱི་གཟུགས་སུ་འོང་བ་ལ་ངོ་རྒོལ་བྱས་དང་བྱེད་བཞིན་པ་ཡིན་འདུག སྔོན་སོར་མོའི་འཕྲེང་བའི་སྐོར་ལ་གློག་བརྙན་བཟོས་པ་ན། སོར་འཕྲེང་ཅན་འདུལ་་བ་ལ་སངས་རྒྱས་ཀྱི་ཆོས་གསུང་བ་ཐོས་ཀྱང་། སངས་རྒྱས་ཀྱི་སྐུ་དངོས་དེ་ཉིད་འོད་ཟེར་འཕྲོས་པས་བསྐོར་ནས་དངོས་སུ་མཇལ་མི་ཐུབ་པ་བཟོས་འདུག
    འདི་ལ་རྒྱུ་མཚན་ཡོད་འདུག ཁོ་བོ་གཞོན་པའི་སྐབས་སུ། ཧིནྡུའི་ཆོས་ལུགས་པས། སོ་སོའི་ལྷར་རཱ་མ་དགའ་བྱེད་ཀྱི་གློག་བརྙན་བཟོས། དེའི་ནང་དུ། དགའ་བྱེད་ཁྲབ་པ་པོ་མི་ཞིག་ཡོད། དེ་ཡི་གཟུགས་བརྙན་དེ་ཉིད། ལྷ་དགའ་བྱེད་་ཀྱི་ངོ་བོར་ཤར་བ་ཞིག་བྱུང་ངོ་།

  6. ཀརྡོ་རབ་འབྱམས་པ་ says:
    2018-01-26 at 8:10 pm

    བླ་སྨན་ཡེ་ཤེས་དོན་ལྡན་ལགས་སུ་པདྨ་ཤྲིའི་གཟེངས་རྟགས་གནང་།

    http://tibettimes.net/2018/01/26/166473/

  7. ཀརྡོ་རབ་འབྱམས་པ་ says:
    2018-01-26 at 8:27 pm

    བོད་རིགས་དགེ་རྒན་གསུམ་ལ་བྱ་དགའ་ཐོབ།

    http://tibettimes.net/2018/01/24/166446

  8. ཀརྡོ་རབ་འབྱམས་པ་ says:
    2018-01-26 at 8:30 pm

    བློ་བཟང་སེང་གེ་ལགས་ལ། དིང་སང་ངོ་རྒོལ་གྱི་བྱ་ག་ཐོབ་བཞིན་ཡོད་རེད་དོ། ཧ་ཧ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme