Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནམ་ས་གོ་འབྱེད་ཅེས་པའི་དོན་ཅི་ཞིག་ཡིན་ནམ།

Posted on 2010-05-302010-05-30 By ཁ་བརྡ་ 20 Comments on གནམ་ས་གོ་འབྱེད་ཅེས་པའི་དོན་ཅི་ཞིག་ཡིན་ནམ།

ཟླ་བ་གཞོན་ནུ།

ཉེ་འཆར་དགྱ་ནག་གིས་ཉེས་མེད་ཉེས་འགེལ་གྱིས་བཙོན་དུ་བཅུག་པའི་རྩོམ་པ་པོ་བཀྲ་རྒྱལ་ལམ་ཞོགས་དུང་མཆོག་གི་《གནམ་ས་གོ་འབྱེད》་ཅེས་པའི་དེབ་འདི་བོད་ཕྱི་ལོགས་སུ་བཏོན་ནས་ཟླ་གཅིག་ལྷག་འགོར་བའི་དེ་རིང་གི་ཉིན་མོ་འདི་ལའང་གནམ་ས་གོ་འབྱེད་ཅེས་པའི་དེབ་མིང་འདིའི་གོ་བརྡའང་ཏག་ཏག་ཅིག་འཕྲོད་མེད་པ་ནི་དངོས་གནས་སེམས་པ་སྐྱོ་དགོས་པའི་དོན་དག་ཅིག་ཏུ་གྱུར།

གནམ་ས་གོ་འབྱེད་ཅེས་པའི་དོན་ལ་འགྲེལ་ཚུལ་མི་འདྲ་གང་མང་ཞིག་ཐོན་པ་ལས་ཧོར་གཙང་འཇིགས་མེད་ལགས་ནས་བོད་གནམ་ལ་དགའ་བ་དང་དགྱ་ས་ལ་དགའ་བའི་གཏམ་རྒྱུད་དེ་《གནམ་ས་གོ་འབྱེད》་དུ་འགྲེལ་བ་ལ་བོད་ནས་ཟི་ལིང་གི་ཆེ་གེ་མོ་ཞིག་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་དང་བཅས་ཏེ། དེ་ནི་ཆབ་སྲིད་ཀྱི་གོ་རྟོགས་དམན་པའི་རྟགས་ཡིན་ཚུལ་གྱི་སྐྱོན་བརྗོད་ཕྲན་བུ་དང་བཅས་ཏེ་ཡིག་ལམ་ནས་གསལ་བཤད་བྱས་ཡོད་པ་དང་སྦྲགས་ནས་༼དགྱ་ནག་གི་གཡོ་ཇུས་ཀྱིས་སོག་པོ་དང་མན་ཇིའི་གཉིས་ཕམ་པར་བྱས་པའི་རྗེས་སུ་བོད་ཡུལ་དེ་རང་བཞིན་གྱིས་ཁོ་ཚོའི་ལག་ཏུ་སླེབས་འོང་བས་དུས་ད་ལྟ་བར་དུ་བོད་མིས་འཚོ་བ་རོལ་པའི་བདག་དབང་ལས་གཞན་ཅི་ཡང་མེད་སོང་བས་བོད་མི་ནམ་ཡང་ས་ལྟ་བུའི་གནས་རིམ་དམའ་ཤོས་སུ་གནས་དགོས་བྱུང་བ་དང་། དགྱ་ནག་གིས་བོད་མི་རྐང་འོག་ཏུ་མནན་ཏེ་རང་ཉིད་ནམ་མཁའི་དབྱིངས་ན་ཤུགས་ཀྱིས་འགྱིངས་པར་གནས་ཡོད་པ་དང་། བོད་དགྱ་གཉིས་ནི་གནམ་ས་ལྟ་བུའི་ཁྱད་པར་བྱུང་ཡོད་སྟབས། ས་བྱི་ཞི་རྒོལ་ཆེན་མོ་དེས་བོད་མིའི་མགོ་ཐོག་གི་རྐང་བ་དེའི་ཐོག་ཏུ་སྟ་རེས་ཀྱིས་གཞུས་པའི་དཔའ་བོའི་སྙིང་སྟོབས་དེས་བོད་རྒྱ་གཉིས་ཐ་དད་དུ་ཕྱེས་ཏེ་གནམ་ས་གཉིས་ཀྱི་ཁྱད་པར་དང་གོ་རིམ་གཏོར་སོང་བ་རེད།༽ཅེས་དགྱ་ནག་གིས་བོད་མི་རྡོག་འོག་ཏུ་མནན་ནས་རང་ཉིད་ནམ་མཁའི་དབྱིངས་སུ་ཤུགས་ཀྱིས་འགྱིངས་པར་གནས་ཤིང་། བོད་མི་ནམ་ཡང་ས་ལྟ་བུའི་གནས་རིམ་དམའ་ཤོས་སུ་གནས་དགོས་བྱུང་བ་ལ་ས་བྱི་ལོའི་ཞི་རྒོལ་ཆེན་མོ་འདིས་བོད་མིའི་མགོ་ཐོག་གི་རྐང་བ་དེའི་སྒང་ལ་སྟ་རེས་གཞུས་པའི་དཔའ་བོའི་སྙིང་སྟོབས་དེས་བོད་རྒྱ་གཉིས་ཐ་དད་དུ་ཕྱེ་སྟེ་གནམ་ས་གཉིས་ཀྱི་ཁྱད་པར་དང་གོ་རིམ་གཏོར་སོང་བ་ཞིག་ཏུ་བཤད་ཅིང་། ཞི་རྒོལ་ཆེན་མོ་དེས་གྲོང་ཁྱེར་ཁག་ཏུ་བསྡད་དེ་ཡུན་རིང་དགྱ་འདྲེས་སུ་སོང་བའི་བོད་པ་ཚོ་དགྱ་རིགས་དག་གིས་གློ་བུར་དུ་ཁོ་ཚོའི་གྲལ་ནས་རྒྱང་ཕུད་བྱེད་དུ་བཅུག་ཡོད་པ་དང་། དེ་ནས་བཟུང་སྟེ་བོད་སྐད་མི་ཤེས་པའི་བོད་མི་ཚོས་ཀྱང་བོད་ཟེར་བ་ངོ་ཤེས་ཏེ་དེ་ལ་དོ་སྣང་གསར་བ་བྱུང་ཞིང་དེ་ནི་མདོར་དེད་ན་ས་བྱི་ཞི་རྒོལ་ཆེན་མོའི་སྙིང་སྟོབས་ཡིན་ཚུལ། ད་དུང་དེས་བོད་དགྱ་གཉིས་ལ་གནམ་དང་ས་ཡི་གོ་རིམ་མེད་པར་དགྱ་ནི་དགྱ་ཡིན་ལ་བོད་ནི་བོད་ཡིན་ཞེས་པ་གསལ་བརྗོད་དང་འབྲེལ་ཏེ་གནམ་ས་གཉིས་ཀྱི་བར་ཁྱད་དེ་ཕྱེ་བྱུང་བར་བརྗོད་ཡོད་པ་རེད།

དེ་ཙམ་དུ་མ་ཟད་ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་ནས་《གནམ་ས་གོ་འབྱེད》ཅེས་པའི་དོན་གནད་གཙོ་བོ་གོ་འབྱེད་ཀྱི་སྒང་ལ་ཡོད་ཚུལ་མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་དང་མདོ་སྨད་ས་གནས་རྒྱུན་ལས་གཉིས་ཀྱིས་བསྐྱར་དུ་དཔར་བསྐྲུན་བྱས་པའི་《གནམ་ས་གོ་འབྱེད》ཀྱི་སྔོན་གླེང་དུ་བྲིས་གནང་ཡོད་པ་དེ་དང་ན་ག་སངས་རྒྱས་བསྟན་དར་མཆོག་ནས་ཀྱང་དེ་རིང་གི་དཔེ་དེབ་དབུ་འབྱེད་མཛད་སྒོའི་བགྲོ་གླེང་དང་སྟབས་བསྟུན་ནས་དེ་འབྲེལ་གྱི་དགོངས་ཚུལ་བརྗོད་པ་དག་ཀྱང་དོན་ཐོག་ལ་འཁེལ་ཡོད་མེད་ད་དུང་ཐེ་ཚོམ་གྱི་གཞི་རུ་གྱུར་བ་ཁོ་ནའོ༎

བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་དཀྲུགས་འོ་མའི་མར་ལོ་ཞེས་པ་ལྟར་འདིར་དངོས་སུ་བཤད་འདོད་ཞིག་ནི། དེ་སྔོན་མཛངས་མ་འོད་ཟེར་ལགས་ཀྱི་རྒྱ་ཡིག་གི་ཟིན་བྲིས་སུ་《གནམ་ས་གོ་འབྱེད》་ཅེས་པའི་དེབ་མིང་རྒྱ་ཡིག་ཏུ་༼天翻地覆༽ཞེས་པར་རྩོམ་པ་པོ་རང་ཉིད་ཀྱིས་བསྒྱུར་བར་བཤད་པས། ད་ང་ཚོར་འཇུ་ས་ཞིག་རྙེད་ཡོད་པར་འདོད།

ད་ང་ཚོས་༼天翻地覆༽ཞེས་པ་དོན་གང་འདྲ་ཞིག་ལ་འཇུག་གིན་ཡོད་མེད་བརྟག་ན་ད་གཟོད་རྩོམ་པ་པོས་དེབ་མིང་དེ་ལྟར་འདོགས་དགོས་པའི་རྒྱུ་མཚན་དང་དེའི་དོན་ཅི་ཞིག་སྟོན་གྱིན་ཡོད་མེད་རྟོགས་ཐུབ་པར་འདོད། སྤྱིར་༼天翻地覆༽ཞེས་པའི་དོན་ནི་འགྱུར་བའམ་འགྱུར་ལྡོག་ཆེས་ཆེ་བ་མཚོན་བྱེད་དུ་འགྲེལ་འདུག་ལ། དེ་ནི་འགྱུར་ལྡོག་ཆེ་བའི་དཔེ་རུ་བཀོད་པར་བྱེད།

གོ་སླ་བར་འགྲེལ་ན་གནམ་ས་བླ་འོག་བརྗེ་བའམ་འགྱུར་བ་ལྟ་བུའི་འགྱུར་ལྡོག་སྟེ། འགྱུར་ལྡོག་གམ་འགྱུར་བ་ཤུགས་ཆེན་པོ་ཞིག་ལ་གོ་བས།

ང་རང་གི་བསམ་ཚུལ་ལྟར་ན་གནམ་ས་གོ་འབྱེད་ཅེས་པ་གནམ་སའི་མཚོན་དོན་ཆོས་སྲིད་དང་། བོད་དགྱ་གཉིས་ཡིན་ཚུལ་གྱི་འགྲེལ་བ་དེ་དག་ཟུར་དུ་གཡུག་ནས་འགྱུར་ལྡོག་ཆེན་པོ་ཞིག་གམ་གནམ་ས་བླ་འོག་བརྗེ་བའམ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཅིག་ལ་གོ་ན་འགྲིག་པར་འདོད་དོ༎

༢༠༡༠ལོའི་ཟླ་༥ཚེས་༣༠ཉིན་གྱི་ཕྱི་དྲོ་དྷ་སར་དྲ་ཁང་ནས་སྦྱར་བ་དགེའོ༎

རྩོམ་རིག

Post navigation

Previous Post: ཤར་པ་ཚོ་བོད་མི་རེད་དམ།
Next Post: དྲི་བ་ཐུང་ཐུང་དྲིས། བསམ་ཚུལ་ཉུང་ཉུང་ཤོད།

Comments (20) on “གནམ་ས་གོ་འབྱེད་ཅེས་པའི་དོན་ཅི་ཞིག་ཡིན་ནམ།”

  1. མགོ་རུལ། says:
    2010-05-30 at 8:56 pm

    གནམ་ས་གོ་བརྗེས་ཞེས་བཏགས་ཡོད་ན་ང་ཚོ་མགོ་དེ་ཙམ་ཞིག་རྨོངས་དགོས་ས་མ་རེད་དྲན། དེ་མིན་གནམ་ས་གོ་འབྱེད་ཅེས་པ་འདིས་གནམ་ས་གོ་འབྱེད་མ་བྱས་པའི་སྔོན་དུ་གནམ་ས་གཉིས་ཀྱི་གོ་ས་གཞི་གཅིག་ཏུ་འདྲེས་བསྡད་ཡོད་པ་འདྲ་བོ་ཞིག་སྟོན་གིན་འདུག་ཅིང་། དེ་ནི་ཡོང་ཐབས་མེད་པ་ཞིག་སྟེ་གནམ་ནི་སྟོང་བའི་རང་བཞིན་ཞིག་དང་ས་ནི་མཁྲེགས་གཟུགས་ཀྱི་དངོས་པོ་ཞིག་ཡིན་པས། སྟོང་མཁྲེགས་ཀྱི་ཆོས་གཉིས་གོ་ས་གཅིག་ཏུ་འདྲེས་པ་ནི་སོ་སྐྱེའི་སྣང་ངོར་ཡོང་ཐབས་མེད་པ་ཞིག་རེད། འཕགས་པ་ཚོར་འཁོར་འདས་དབྱེར་མེད་ཟེར་བ་འདྲ་བོ། བདེན་གཉིས་ཟུང་འཇུག་ཟེར་བ་ལྟ་བུ་ཕལ་བའི་བློ་ངོར་མི་ཤོང་བ་མང་པོ་ཞིག་ཡོད་ཀྱང་དེ་ཚོ་སྐུ་ཞབས་ཞོགས་དུང་གིས་ཁས་ལེན་གི་མ་རེད།

  2. གཅན་བཟོད་རྒྱམ། says:
    2010-05-30 at 10:46 pm

    གནམ་ས་གོ་འབྱེད་ཟེར་ན་གནམ་གནམ་དང་ས་ས་ཡིན་པར་ཁ་ཁར་དབྱེ་བ་བཀར་བའམ་མཚམས་ཕྱེས་པའི་དོན་རེད། མདོར་དེད་ན་བཙན་པོའི་སྐབས་ཀྱི་ཚིག་རྡོག་རྡོག་པོ། “རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད།”ཅེས་པ་ཅུང་ཟད་ཀྱང་མ་འདས་པས་ན། བླ་འོག་བརྗེས་པ་དང་གནམ་ས་གོ་བརྗེས་བཏགས་ན་འོས་མིན་སོགས་གླེང་བྱ་མ་རེད། དེ་ལྟར་ན་དོན་མེད་ནང་གི་ཡང་མེད་དུ་འགྱུར་གྱི་རེད།

  3. བུ་རམ། says:
    2010-05-30 at 11:13 pm

    རྗེས་མ་ང་ཚོ་ཚང་མས་འདིའི་སྐོར་ལ་བསམ་བློ་བཏང་ནས། གོ་སླའི་རྣམ་གཞག་ཅེས་པ་འདི་སེམས་ལ་བཞག་དགོས་ཀྱི་འདུག 

    ག་ཚོད་མི་རྣམས་ཀྱིས་གོ་བདེ་བར་འབད་བརྩོན་བྱ་རྒྱུ་འདི་ངོ་མ་མཁས་པའི་རྟགས་རེད་སྙམས།

     

  4. བཟོད་པ་ལྷ་རྩེ་ says:
    2010-05-31 at 12:53 am

    དེ་སྔོན་ཞོགས་དུང་གི་༼དཔྱོད་ཤེས་རྒྱང་འབོད་༽དང་༼བག་ཆགས་གདོང་སྤྲུག༽སོགས་བྲིས་ནས་ཞོགས་དུང་སྤྱི་ཚོགས་སྟེང་ལོག་ལྟ་ཅན་ནག་པོ་ཞིག་ལ་འགྱུར་ཡོད་པ་དང༌། ༼གནམ་ས་གོ་འབྱེད་༽སྟོན་ནས་ཞོགས་དུང་བོད་ཀྱི་ཤེས་ཡོན་ཅན་གྱི་དཔའ་བོ་ཞིག་ཏུ་གྱུར་སོང་དེ་ན་ཞོགས་དུང་ནི་དཀར་ནག་སྦྲེལ་མའི་ཁྲ་ཁྲ་ཞིག་ཆགས་པ་མ་ཡིན་ནམ།

  5. བཟོད་པ་ལྷ་རྩེ་ says:
    2010-05-31 at 12:53 am

    དེ་སྔོན་ཞོགས་དུང་གིས་༼དཔྱོད་ཤེས་རྒྱང་འབོད་༽དང་༼བག་ཆགས་གདོང་སྤྲུག༽སོགས་བྲིས་ནས་ཞོགས་དུང་སྤྱི་ཚོགས་སྟེང་ལོག་ལྟ་ཅན་ནག་པོ་ཞིག་ལ་འགྱུར་ཡོད་པ་དང༌། ༼གནམ་ས་གོ་འབྱེད་༽སྟོན་ནས་ཞོགས་དུང་བོད་ཀྱི་ཤེས་ཡོན་ཅན་གྱི་དཔའ་བོ་ཞིག་ཏུ་གྱུར་སོང་དེ་ན་ཞོགས་དུང་ནི་དཀར་ནག་སྦྲེལ་མའི་ཁྲ་ཁྲ་ཞིག་ཆགས་པ་མ་ཡིན་ནམ།

  6. ཁ་ཕྱོགས་མེད says:
    2010-05-31 at 1:45 am

    གནམ་ས་གོ་འབྱེད་ཅེས་པའི་དོན་བཀྲལ་སྟངས་མང་བོ་ཞིག་ཡོད་སྲིད་ཀྱང། སྐབས་འདིར་ཁོ་བོས་འདི་ལྟར་གོ་ན་བདེ་བར་འདོད། ༢༠༠༨་གྱི་བོད་ནང་གི་ལས་འགུལ་དེབ་དེའི་བརྗོད་བྱ་གཙོ་བོ་ཡིན་པས། དེ་ལ་རྒྱ་ཕྱོགས་འགྲེལ་བཤད་བྱེད་སྟངས་དངོས་ཡོད་གནས་ཚུལ་གཉིས་གནམ་ས་ལྟ་བུའི་ཁྱད་པར་ཤོར་ཡོད་སྟབས་བདེ་འདིས་དེའི་སྐོར་ཁྱད་པར་འབྱེད་ནས་དངོས་ཡོད་གང་ཡིན་པ་དེ་བསྟན་པའི་ཆ་ནས་གནམ་ས་གོ་འབྱེད་ཅེས་དཔེའི་སྒོ་ནས་མིང་བཏགས་ནི་རེད་སྙམ

    སྤྱིར་མིང་འདོགས་སྟངས་མང་བོ་ཡོད་པ་ལས་འདིར་དཔེའི་སྒོར་ནས་མིང་དེ་ལྟར་བཏགས་པ་ཡིན་རྒྱུ་རེད་ཡ།

  7. ཁ་ཕྱོགས་མེད says:
    2010-05-31 at 1:48 am

    ནོར་བཅོས རྒྱ་ཕྱོགས་ཀྱིས་

  8. ཟླ་བ་གཞོན་ནུ། says:
    2010-05-31 at 3:16 am

    མགོ་རུལ་ལགས།
    ཚིག་ངོས་ནས་གོ་བ་བླངས་ན་ཅིག་འགྲིག་གི་མེད་པའི་བཟོ་ཞིག་འདུག

  9. ཟླ་བ་གཞོན་ནུ། says:
    2010-05-31 at 3:25 am

    བཟོད་རྒྱམ་ལགས།
    གནམ་ས་གོ་འབྱེད་ཟེར་བ་གནམ་གནམ་དང་ས་ས་ཡིན་པར་ཁ་ཁར་དབྱེ་བ་བཀར་བའམ་མཚམས་ཕྱེད་པའི་དོན་རེད་ཅེ་ན་འགྲིག་མིན་མི་ཤེས། གོང་དུ་མགོ་རུལ་ལགས་ནས་གསུངས་པ་བཞིན་གནམ་ས་གཉིས་གོ་འབྱེད་དགོས་དོན་ཡང་མི་འདུག་སྟེ།
    དེ་གཉིས་མ་གཞི་ནས་ཁག་ཁག་སོ་སོ་རེད་ཅེས་པ་ལྟར་རེད།

    ངས་འདིར་དེ་ལྟར་ཡིན་ཚུལ་གདེང་སྤོེབས་ཆེན་པོས་བཤད་དོན་ནི། བཀྲ་རྒྱལ་ཁོ་རང་ཉིད་ཀྱིས་གནམ་ས་གོ་འབྱེད་ཅེས་པ་རྒྱ་ཡིག་ཏུ་༼天翻地覆༽ཞེས་བསྒྱུར་ཡོད་པ་རེད་ཅེས་ཨ་ཅག་འོད་ཟེར་ལགས་ཀྱིས་གསུངས་པ་བཞིན་བཤད་ཀྱིན་ཡོད།
    ང་རང་གིས་བསམས་ན་གནམ་ས་གོ་འབྱེད་ཅེས་པ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་གསར་བརྗེ་ཞིག་གམ་འགྱུར་བ་ཞིག་ཏུ་ངོས་བཟུང་ན་མི་འགྲིག་རྒྱུ་ཅང་མི་འདུག་སྙམ།

  10. ཟླ་བ་གཞོན་ནུ། says:
    2010-05-31 at 3:27 am

    བུ་རམ་ལགས་ཀྱི་དེའང་སྒེར་གྱི་བསམ་ཚུལ་ཞིག་རེད།
    མི་གཞན་ལ་བསམ་ཚུལ་དེ་ལྟ་བུ་ཡོང་སྲིད་ལ། ཡོང་མི་སྲིད་པའང་ཡོད་རེད།

  11. ཟླ་བ་གཞོན་ནུ། says:
    2010-05-31 at 4:09 am

    དགོངས་དག
    གོང་གི་རྩོམ་དུ་དཔེ་རུ་བཀོད་པར་བྱེད་ཅེས་པ་དེ་འགོད་པར་བྱེད་ཅེས་པར་ཀློག་རོགས།

  12. རྡོར་དབང་། says:
    2010-05-31 at 6:27 am

    ངས་ཞོགས་དུང་གི་དེབ་གནམ་ས་གོ་འབྱེད་ཀྱི་སྐོར་དེའི་ནང་དེབ་ཀྱི་ཁ བྱང་ལ་གོ་བ་ལེན་སྟངས་གང་བྲིས་ཡོད་པ་ནི་གཤམ་གྱི་འདི་ཡིན།

    ༼ངས་དེབ་འདིའི་སྐོར་མ་གླེང་གོང་། དེབ་ཀྱི་མཚན་བྱང་སྐོར་གླེང་འདོད་བྱུང་། དྲི་བ་འདྲི་མཁན་མང་པོ་ཞིག་གིས། གནམ་ས་གོ་འབྱེད་ཀྱི་དེབ་དེའི་ནང་དོན་ག་རེ་རེད་ཅེས་ཟེར། མ་གཞི་ཡིག་འབྲུ་འདི་བཞིས་དོན་ཅི་སྟོན་ནམ། གནམ་ས་གོ་འབྱེད་ཅེས་པ་རིག་གནས་དང་སེམས་ཁམས་མི་འདྲ་བ་གཉིས་སྟོན་བྱེད་དུ་འགྲེལ་བ་ནི། རྒྱུ་མཚན་གྱི་རྒྱ་མར་བཏེགས་ན་གནས་ལུགས་ཀྱི་གྲངས་ཀ་བརྩི་རྒྱུ་ཡོད་པ་ཞིག་མ་རེད་ལ། དེབ་འདིའི་ཁ་བྱང་གི་གབ་དོན་ཡང་དེ་འདྲ་ཞིག་མ་རེད། བསྟན་དོན་ལྟེ་བ་ནི་གོ་འབྱེད་ཅེས་པ་འདིས་འཁུར་ཡོད། ཅི་ཞིག་ལ་གོ་འབྱེད་ཟེར་རམ། གནད་འགག་གི་ཐུག་སྣེ་འདི་ན་ཡོད། འདི་ནི་གོ་འབྱེད་ཀྱི་གཟས་ས་རེད། གཞན་དུ་ན། ཇི་སྐད་དུ། གསོ་རིག་རྒྱུས་བཞིའི་ཚིག་ལ། ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས།། མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར།། ནམ་མཁའ་མེད་པར་འཕེལ་བའི་གོ་མི་ཕྱེད།། ཅེས་བསྟན་ཏེ་འདུག་པ་དག་ལ་བསམས་ན། དོན་གང་ཞིག་གི་གོ་བ་བདེ་བླག་ཏུ་སྟེར་བའང་ཡིན།༽

    ཞར་ལ་ཞུ་བ།

    རྒྱ་ཡིག་ལ་ 天翻地覆 ཞེས་པའི་དོན་ནི། གནམ་ས་མགོ་རྟིང་སློག་པ་ཞེས་པའི་དོན་རེད། དེ་ནི་རྒྱ་ཡིག་གི་ཡིག་འབྲུ་འདི་བཞིའི་བསྟན་དོན་ཡིན་པ་བདེན་ནའང་། ད་ལྟ་ང་ཚོས་གླེང་བཞིན་པའི་བོད་ཡིག་གི་༼གནམ་ས་གོ་འབྱེད༽ཡིག་འབྲུ་བཞིའི་དོན་ནི་འདི་རེད་ལབ་ན། དེ་ནི་གོ་དཀའ་བ་ཞིག་ཏུ་འདུག གཅིག་བྱས་ན་རིག་གཞུང་མི་འདྲ་བ་གཉིས་དང་སེམས་ཁམས་མི་འདྲ་བ་གཉིས་ཀྱི་ཁྱད་ཙམ་ལས། རང་རང་གི་སྐད་དུ་གོ་རྒྱུའི་དོན་ལ་འདི་ག་རང་དུ་ཡོད་མ་ཆོག་པའང་མ་རེད་འདོད། དཔེར་ན། 红太阳 ལབ་ན། རྒྱ་ནག་གི་རིག་གཞུང་དང་སེམས་ཁམས་ཀྱི་ངོས་ན་བཀྲ་ཤིས་པའི་མཚོན་རྟགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ནའང་། འདི་བོད་སྐད་དུ་བསྒྱུར་བ་ཡིན་ན། ༼ཉི་མ་དམར་པོ༽་ཞེས་པ་སྟེ། ཉི་མ་དམར་པོ་ལབ་ན། བོད་ཀྱི་རིག་གཞུང་དང་སེམས་ཁམས་ཀྱི་ངོས་ནས། བཀྲ་མི་ཤིས་པ་དང་ཆག་སྒོ གོད་ཆག བྱུར་སོགས་ཀྱི་དོན་སྟོན་པ་ཞིག་ལས། བཀྲ་ཤིས་པའི་ཚིག་ཏུ་ངོས་མི་འཛིན་པ་ནང་བཞིན་རེད། རྒན་རབས་པ་དག་གིས་ཤོད་རྒྱུན་ལ། ང་བརྒྱད་ལོར་མགོ་ཐོག་ལ་ཉི་མ་དམར་པོ་ཤར་བ་རེད་ཅེས་ཤོད་སྲོལ་ཡོད། དེས། སྐབས་དེར་རྒྱ་དམར་བོད་ལ་ལྷགས་ནས་དམག་འཁྲུག་དང་མུ་གེ གཅར་རྡུང། བཙོན་འཇུག་སོགས་བཀྲ་མི་ཤིས་པ་མང་པོ་ཞིག་བརྩམས་པ་དེ་སྟོན་པར་བྱེད། འདི་ལྟར་བསམས་པས། ད་གཟོད་ང་ཚོས་༼གནམ་ས་གོ་འབྱེད༽ཀྱི་དེབ་བྱང་འདིར་ཡང་སྙིང་གོ་བ་ཇི་འདྲ་ཞིག་ལེན་དགོས་པའི་མཐིལ་དེ་མཐོང་ཐུབ་པར་འདོད། མདོར་ན། རང་ས་གོར་མོ་ནས་རང་དབང་གི་མགོ་བོ་འདེགས་དགོས་ན། འདེགས་སའི་ནམ་མཁའ་ཞིག་ངེས་པར་དགོས་པ་དེ་སྟོན་པར་འདུག་པར་འདོད་ཀྱི་ཡོད།

  13. མི་ནག་མདུང་ཐུང་། says:
    2010-05-31 at 6:46 am

    བཙན་བྱོལ་བ་བོད་ཡིག་ཀློག་མཁན་ཚོ།

    དེབ་བཀླགས་ཚར་ཡོད་དམ། ཚར་ཡོད་ན་ཡང་བསྐྱར་དེབ་ཀྱི་ཁ་བྱང་གིས་ཅི་བསྟན་ལ་བསམ་བློ་ཐོངས། དེ་ནས་ཆུ་ཕྱེད་ཀ་བརྒལ་ན་ཧ་ཕྱེད་ཀ་གོ་གི་རེད།

  14. མི་ནག་མདུང་ཐུང་། says:
    2010-05-31 at 6:48 am

    བཙན་བྱོལ་བ་བོད་ཡིག་ཀློག་མཁན་ཚོ།

    དེབ་བཀླགས་ཚར་ཡོད་དམ། ཚར་ཡོད་ན་ཡང་བསྐྱར་དེབ་ཀྱི་ཁ་བྱང་གིས་ཅི་བསྟན་ལ་བསམ་བློ་ཐོངས། དེ་ནས་ཆུ་ཕྱེད་ཀ་བརྒལ་ན་ཧ་ཕྱེད་ཀ་གོ་གི་རེད། བོད་གནམ་ལ་དགའ། རྒྱ་ས་ལ་དགའ། འདི་འདྲའི་འགྲེལ་བཤད་ཀྱིས་ཁུངས་འཁྱོལ་རྒྱུ་དཀའ། ཞིབ་ནན་གྱིས་ལྟོས། ཞིབ་ནན་གྱིས་སོམས། ངེས་ཚིག་གིས་བཀྲལ་ན་དེ་ནས་ཧ་གོ་ཡ།

  15. chime in italy says:
    2010-05-31 at 9:59 am

    we dont think about sky and earth.
    its difficult understant. we must to read complete this book.may be .we have to convince this words. for me. we belive heaven .where is the heaven?
    we called heaven is on sky.Tibetan very much hard work for heaven.not too much work this life. so that .we lost our fatherland tibet.the world and heaven.
    thank you all readers.i am sorry for english. i am very proud of tibetan langauge. but. how can use i dont know. I TRY NEXT.

  16. ཀརྡོ་རབ་འབྱམས་པ་ says:
    2010-05-31 at 2:21 pm

    ཞོགས་དུང་ལགས་ཀྱི་རྩོམ་དེབ་ཀྱི་མིང་”གནམ་ས་གོ་འབྱེད་”ཀྱི་དོན་དག་ནི། དེབ་ནང་གི་”བརྗོད་བྱ་”ལས་ཤེས་དགོས་ཀྱིས་སྒྲོ་བཏགས་བྱས་པའི་ཅི་ལ་ཕན།

  17. མདོ་ལྷ་ཁམས་པ། says:
    2010-05-31 at 8:34 pm

    གནམ་ས་གོ་འབྱེད་དང་གནམ་ས་གོ་འབྱེད་རྩོམ་པ་པོ་ཞོགས་དུང་གཉིས་གསར་ལམ་ཁག་ཏུ་གླེང་མགོ་བཙུགས་ནས་དུས་ཡུན་གང་ཙམ་སོང་ན་ཡང་། ངེད་ནི་ད་དུང་ཡང་དེབ་དེ་བཀླགས་རྒྱུ་མ་བྱུང་བ་མ་ཟད་དེབ་གཟུགས་ཙམ་ཡང་མིག་གིས་མ་མཐོང་བས་འོལ་ཚོད་ཀྱིས་འགྲེལ་རྒྱག་རྒྱུ་ཁེག་ཙམ་གདའ། ཡིན་ན་ཡང་། ཁ་བྱང་གི་ཚིག་གི་ངོ་གདོང་ནས་ཐད་ཀར་ལས་སླ་བའི་གོ་བ་བླངས་ན་འདི་ལྟར་སྙམ་སྟེ། གནམ་ས་གཉིས་ནི་བོད་རྒྱ་གཉིས། གོ་འབྱེད་པ་ནི་སོ་སོར་ཕྱེས་པའི་དོན།
    མདོར་དྲིལ་ནས་བཤད་ན། བོད་རྒྱ་མི་རིགས་གཉིས་ནི་རྦད་དེ་ཁག་ཁག་སོ་སོ་རུ་དབྱེས་སོ་ཞེས་པའི་དོན་མིན་ནམ།

  18. མདའ་ཚན་པ། says:
    2010-05-31 at 10:11 pm

    གནམ་ས་གཉིས་ཀ་མགོ་རྟིང་སློག་འདུག།
    དཀར་ནག་གཉིས་ཀ་གོ་ལྡོག་བྱུང་འདུག།
    བཟང་ངན་གཉིས་ལས་ངན་པ་ལྷག་འདུག།
    བདེན་རྫུན་གཉིས་ལས་རྫུན་མ་རྒྱལ་འདུག
    ངན་པ་ཁྱི་འདྲ་དཔོན་པོ་ཆགས་འདུག།
    བཟང་པོ་གསེར་འདྲ་བཙོན་ལ་ཚུད་འདུག།
    ཨ་ཕས་བདེན་པ་བརྡར་ས་མེད་གི།
    ཨ་མས་ངུ་ངག་འདོན་ས་མེད་གི།
    གཞོན་ནུས་གླུ་གཞས་ལེན་ས་མེད་གི།
    བུ་མོར་བུ་ཕྲུག་སྐྱེ་ས་མེད་གི
    བྱེས་པ་གཞིས་ལ་འགྲོ་ས་མེད་གི།
    གཞིས་པ་བྱེས་ལ་ཡོང་ས་མེད་གི།
    སློབ་མས་སྨོན་ལམ་འདོན་ས་མེད་གི།
    བླ་མའི་ཞབས་བརྟན་བསྒྲུབ་ས་མེད་གི
    མེད་པ་མང་པོས་མནར་ས་འདི་ན།།
    ཡར་ལ་ཞུ་སའི་དཔོན་པོ་མེད་གི།
    གནམ་ས་གོ་འབྱེད་བྱེད་རན་འདུག་ག
    དཀར་ས་ནག་འདེད་བྱེད་དགོས་འདུག་ག

  19. ཀ་པ། says:
    2010-06-03 at 10:30 am

    བྱེས་སུ་བཞུགས་པའི་བོད་མི་ཤེས་ཡོན་ཅན་དག་གིས་༼གནམ་ས་གོ་འབྱེད་༽ཅེས་པའི་དེབ་མིང་ཇི་ལྟར་བཏགས་ལུགས་དང་། དེའི་ཁུངས་གང་འཚོལ་དགོས་པའི་ངལ་བ་ལྷག་མ་དེ་ཡེ་ནས་མྱངས་དགོས་མེད་པར། དེབ་དེའི་ཕུགས་བསྔོགས་ན་རང་བཞིན་གྱིས་གོ་བ་རེ་ལེན་ཐུབ་པ་འདྲ། དེ་མིན་ངེས་པར་འགྲེལ་བ་རེ་དགོས་སྙམ་ན་དཀར་པོ་གྱེན་འདེད་དང་། ནག་པོ་ཐུར་འདེད་ལ་གོ་ནའང་ཆོག་སྙམ།

  20. ཁ་བ་ནག་པོ། says:
    2010-06-15 at 11:07 am

    གནམ་ས་གོ་འབྱེད་ཟེར་བ་ནི།
    ༡ རྒྱ་ནག་གི་བཤད་བཞིན་པའི་བོད་ལ་རང་དབང་དང་དམངས་གཙོ་། འདྲ་མཉམ་དང་ཐོབ་ཐང་སོགས་ཡོད་ཟེར་བ་ནི། དངོས་ཡོད་བོད་ནང་གི་གནས་ཚུལ་དང་བསྡུར་ན་གནམ་དང་ས་ནང་བཞིན་གྱི་ཧེ་བག་དང་ཁྱད་པར་ཆེན་པོ་ཤོར་ཡོད་ཚུལ་གོ་འབྱེད་པ་དང་གཅིག
    ༢ ༢༠༠༨ལོའི་བོད་མིའི་ཞི་བའི་གསར་བརྗེ་སྐབས་སུ་བོད་མི་ཚོར་རྒྱ་ནག་གིས་བརྡུང་གཅོག་འཕྲོག་གསུམ་གྱི་ལས་འགུལ་སྤེལ་མཁན་ཞེས་ཉེས་མིང་བཏགས་ཏེ་རྒྱལ་སྤྱིའི་སྟེང་དུ་བསྒྲགས་པ་རེད། བརྡུང་གཅོག་འཕྲོག་གསུམ་དངོས་གནས་བྱེད་མཁན་དེ་རྒྱ་ནག་གུང་ཁྲན་ཏང་ཡིན། ༥༨དང་རིག་གནས་གསར་བརྗེ་ཡི་སྐབས་སུ་རྒྱ་ནག་གིས་བོད་ལ་བརྡུང་གཅོག་འཕྲོག་གསུམ་བྱེད་སྟངས་དང་བོད་མིའི་ཞི་བའི་འོས་ལངས་བྱས་པ་གཉིས་ཀྱི་ཁྱད་པར་ས་དང་གནམ་ལྟ་བུ་ཡོད་ཚུལ་གོ་འབྱེད་པ་གཉིས།
    ༣ སྒེར་གཅོད་རང་ལུགས་པས་ལས་སྟངས་བཅའ་སྟངས་དང་རང་དབང་ལྡན་པའི་དམངས་གཙོའི་ལམ་ལུགས་གཉིས་ལ་གནམ་དང་ས་ཡི་ཁྱད་པར་ཆེན་པོ་ཤོར་ཡོད་ཚུལ་གོ་འབྱེད་པ་དང་གསུམ།
       ༤ གྷན་ངྷི་རྗེ་ཡི་ལྟ་གྲུབ་སྟེ་འཚེ་མེད་ཞི་བའི་ཐབས་ལམ་དང་དམར་ཕྱོགས་པའི་ལངས་ཕྱོགས་ཏེ་དྲག་པོའི་མཚོན་ཆའི་དབང་བསྒྱར་བ་གཉིས་ཀྱི་འོག་ནས་དམངས་ལ་བདེ་སྐྱིད་དང་སྡུག་བསྔལ་འབྱུང་སྟངས་གནམ་དང་ས་ལྟར་གོ་འབྱེད་པ་སོགས་གནམ་ས་གོ་འབྱེད་ཀྱི་བརྗོད་སྙིང་དང་ཁ་བྱང་གཉིས་ཀྱི་བར་གྱི་འབྲེལ་ཐག་རེད།
    ༥

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme