Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄།།མཁའ་སྤྱོད་སྤྲུལ་བའི་ཕོ་བྲང་དཔལ་འབྲས་མོ་ལྗོངས་ཀྱི་སྣོད་བཅུད།

Posted on 2017-12-022017-12-02 By ཁ་བརྡ 4 Comments on ༄།།མཁའ་སྤྱོད་སྤྲུལ་བའི་ཕོ་བྲང་དཔལ་འབྲས་མོ་ལྗོངས་ཀྱི་སྣོད་བཅུད།

འབྲས་སྒོ་མང་ཐེ་བོ་ཁང་ཚན་སོག་ཚང་བློ་བཟང་ཟླ་བས་བྲིས།

མཁའ་སྤྱོད་སྤྲུལ་བའི་ཕོ་བྲང་དཔལ་འབྲས་མོ་གཤོངས་ནི།  བོད་ཀྱི་གྲོ་མོ་དང་རྒྱ་གར་སོགས་སུ་འདབ་འབྲེལ་བའི་ཧི་མ་ལའི་ལྷོ་རྒྱུད་ཀྱི་རི་སུལ་དག་ཏུ། ནགས་ཚལ་སྣ་ཚོགས་ཀྱིས་བཀང་བའི་གནས་དག་ན་སྦས་པའི་ཚུལ་གྱིས་ཆགས་ཤིང་། ས་མཐོ་ལ་ཆུ་དང་མཁའ་དབུགས་གཙང་བའི་ཡུལ་དེའི་རི་ལུང་ཀུན་ལྗོན་པ་སྣ་ཚོགས་ཀྱིས་བཀང་ཞིང་དུས་བཞིར་གནམ་གཤིས་ཀྱི་དྲོ་གྲང་སྙོམ་པ་ལ། དབྱར་ཀར་ཅུང་ཙམ་ཆར་ཤོད་ཆེ་ཞིང་། སྟོན་དང་དགུན་གྱི་དུས་རྣམས་སུའང་ཆར་བ་འབབ་ཀྱིན་ཡོད་པས་དུས་བཞིར་

ཡུལ་འདིའི་བཀོད་པ་ཀུན་ལྗང་མདོག་གིས་མངོན་པར་མཛེས་པ་ཞིག་རེད།

སྤྱིར་ན་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་ཡུལ་ཀུན་སློབ་དཔོན་པདྨས་སྦས་ཡུལ་དུ་བྱིན་གྱིས་བརླབས་པ། རྣལ་འབྱོར་བའི་ཉམས་དང་རྟོགས་པ་འཕེལ་ཞིང་ཉམས་ལེན་སྒྲུབ་པ་འབྱོངས་པའི་གནས་ཡིན་པ། ཡུལ་འདི་ནས་སྐྱེ་བོ་རྣམས་ལ་རང་བཞིན་གྱིས་ཉོན་མོངས་དུག་གསུམ་ཆུང་བ། སྦས་ཡུལ་འབྲས་མོ་ལྗོངས་འདིའི་མཚན་ཐོས་ཙམ་གྱིས་བྱིན་རླབས་འབྱུང་ཞིང་བསོད་ནམས་དཔག་མེད་བསོག་པ་སོགས་ཧ་ཅང་གི་གནས་བྱིན་རླབས་ཅན་ཞིག་ཡིན་པར་གསུངས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་སློབ་དཔོན་རིན་པོ་ཆེ་འཁོར་རྗེ་འབངས་དང་བཅས་པ་གནས་འདིར་ཞབས་ཀྱིས་བཅགས་ཏེ། མ་འོངས་སེམས་ཅན་རྣམས་ཀྱི་དོན་དུ་ཆོས་ནོར་དམ་རྫས་དཔག་ཏུ་མེད་པ་གཏེར་དུ་སྦས་པར་མཛད་ནས། ཕུའི་གཞི་བདག་གངས་ཆེ་མཛོད་ལྔ། བར་གྱི་གཞི་བདག་བདུད་བཙན་དཔའ་བོ་ཧཱུཾ་རི། མདའི་གཞི་བདག་མ་བདུད་ལྕམ་དྲལ་མཚོ་སྨན་སོགས་ལ་གཉེར་དུ་གཏད།  ཡུལ་འདིའི་གནས་ཀྱི་གཙོ་བོ་ཁག་ནི། སྦས་ཡུལ་འབྲས་མོ་ལྗོངས་ཀྱི་གནས་ཀྱི་ལྟེ་བ་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་བླ་མ་དགོངས་འདུས་ཀྱི་ཕོ་བྲང་དུ། སློབ་དཔོན་པདྨས་བྱིན་གྱིས་བརླབས་པའི་གནས་བྲག་དཀར་བཀྲ་ཤིས་སྡིངས་དང་། སློབ་དཔོན་རིན་པོ་ཆེ་སྐུ་མཚམས་ལ་བཞུགས་ཤིང་བྱིན་གྱིས་བརླབས་པའི་ཕྱོགས་བཞིའི་ཕུག་པ་བཞི། ནད་སྣ་ཚོགས་སེལ་བའི་རང་བྱུང་གི་ཆུ་ཚན་མང་བོ།མཆོད་རྟེན་མཐོང་བ་རང་གྲོལ། པདྨ་ཡང་རྩེའི་ནང་རྟེན་བུམ་ཆུ་རིན་པོ་ཆེ། དུར་ཁྲོད་བསིལ་བ་ཚལ་སོགས་གནས་བྱིན་ཅན་ཧ་ཅང་མང་ངོ་།།

དེས་ན། འབྲས་ལྗོངས་ནི་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་རྒྱལ་ཁབ་ཅིག་ཏུ་གྲུབ་པ་ནི།འདི་ལྟར། བོད་བཙན་པོའི་གདུང་རྒྱུད་དུ་གཏོགས་པའི་གུ་གེ་རྒྱལ་པོ་བཀྲ་ཤིས་ཁྲི་བཙན་གྱི་སྲས་སུ་༡༥༩༢/ ལོར་སྐུ་འཁྲུངས་པ་སྦས་པའི་རྣལ་འབྱོར་བ་ཆེན་པོ་མངའ་བདག་སེམས་དཔའ་ཆེན་པོས་བོད་མི་ཉག་རྒྱལ་པོའི་སྲས་གྱད་འབུམ་བསགས་ཀྱི་གདུང་ལས་བྱོན་པ། ཞལ་ངོ་ཨ་ཕ་རྡོ་རྗེ་དེ་ཉིད་ལ་མཚན་ཕུན་ཚོགས་རྣམ་རྒྱལ་ཞེས་གསོལ་ཏེ། ༡༦༤༢/ ལོར། འབྲས་མོ་ལྗོངས་ཀྱི་ཆོས་སྲིད་ལུགས་གཉིས་ལ་མངའ་དབང་བསྒྱུར་བའི་རྒྱལ་བོར་བསྐོས་པ་ནས་འབྲས་ལྗོངས་རྒྱལ་ཁབ་དབུ་བརྙེས་ཤིང་།རྒྱལ་ཐོག་དང་པོ་ཕུན་ཚོགས་རྣམ་རྒྱལ་གྱིས་རྒྱལ་སྲིད་བཟུང་བ་ནས་ཆོས་རྒྱལ་དཔལ་ལྡན་དོན་གྲུབ་ཀྱི་བར་རྒྱལ་ཐོག་བཅུ་གཉིས་བྱུང་། ཐོག་མའི་རྒྱལ་ས་ཡུག་བསམ་བཀྲ་ཤིས་སྟེང་ཁ་རུ་བཅས། དེ་ནས་རྒྱལ་བོ་རིམ་བྱོན་སྐབས་ས་གནས་མི་འདྲ་བ་དྲུག་ཏུ་རྒྱལ་ས་རིམ་པར་གནས་སྤོས་མཛད། ༡༨༩༡/ ལོར་རྒྱལ་ས་སྒང་ཏོག་ཏུ་གནས་སྤར་བ་ནས་ད་ལྟའི་བར་རོ།། འབྲས་ལྗོངས་རྒྱལ་ཐོག་བཅུ་གཉིས་པ། དཔལ་ལྡན་དོན་གྲུབ་རྣམ་རྒྱལ་གྱི་རྒྱལ་སྲིད་སྐྱོང་སྐབས་ནང་འཁྲུག་ངོ་རྒོལ་བྱུང་སྟེ་རྒྱལ་ཁབ་སྲ་བརྟན་དུ་མ་གྱུར་བར་བརྟེན། ༡༩༧༥/ ལོར་རྒྱ་གར་རྒྱལ་ཁོངས་སུ་ཚུད་དོ།།

དེང་སྐབས་ཀྱི་འབྲས་ལྗོངས་རང་སྐྱོང་མངའ་སྡེ་ནི། འབྲས་ལྗོངས་པ་དང་། མི་རིག བལ་མི། འབྲུག་པ། མོན་པ། རྒྱ་གར་སོགས་མི་རིགས་དུ་མས་གྲུབ་ཅིང་། མང་ཆེ་བ་བལ་བོའི་མི་རིགས་ཡིན་པའི་ཤུགས་ཀྱིས། ཡུལ་དེའི་མི་ཕལ་མོ་ཆེས་བལ་བོའི་སྐད་བཤད་ཀྱིན་གདའ། རང་སྐྱོང་ལྗོངས་འདིའི་ཁྱོན་ཡོངས་ཀྱི་མི་གྲངས་འབུམ་བདུན་ལྷག་ཅིག་ཡིན་ཞིང་། དེ་ལས། བྷོ་ཊི་དང་ལེབ་ཅཱ་གཉིས་ལ་འབུམ་གཉིས་ལྷག་དང་བལ་བོའི་རིགས་འབུམ་ལྔ་ལྷག་ཅིག་ཡོད་ཟེར། རང་སྐྱོང་མངའ་སྡེ་འདིར། ཕྱི་ནས་གསར་དུ་ཡོང་བ་རྣམས་གཞུང་གི་ཆོག་མཆན་ནང་ལྟར་གྱི་ཉིན་གྲངས་མ་གཏོགས་གཏན་སྡོད་མི་ཆོག་ཅིང་། བྷོ་ཊ་དང་ལེབ་ཅཱ་གཉིས་ཀྱིས་རང་གི་བདག་དབང་ས་ཆ་ཁོ་གཉིས་ནང་ཁུལ་མ་གཏོགས་མི་རིགས་གཞན་དེ་གའི་བལ་བོ་རྣམས་ལའང་བཙོང་མི་ཆོག་མོད། གཞན་པའི་ས་ཆ་ཚུར་ཉོ་ཆོག་པའི་གཞུང་ཁྲིམས་ཡོད་འདུག  དེ་ནི། བྷོ་ཊ་དང་ལེབ་ཅཱ་གཉིས་ཡུལ་འདིའི་གཉུག་མར་གནས་པའི་མི་རིགས་ཡིན་པས་ས་ཆའི་བདག་དབང་གཞན་འགྱུར་གྱི་ཉེན་ཁ་འགོག་བྱེད་ཡིན་པར་སྐད། གད་སྙིགས་དང་མི་གཙང་བ་སོགས་གང་སར་འདོར་མི་ཆོག་པར་གད་སྣོད་དུ་བསགས་ནས་སྙིགས་འདོར་ས་ཚུགས་སུ་འབྱོ་བཞིན་ཡོད་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཀུན་ཧ་ཅང་གཙང་ངོ་།། ཡུལ་འདིའི་གདོད་མའི་མི་རིགས་ནི། འབྲས་ལྗོངས་སམ་ལྷོ་བའི་སྐད་དུ་མི་རིག་ཅེས་འབོད་པའི་རིགས་དེ་རེད་ཅེས་ཡུལ་མི་ཚོས་བཤད་ཀྱིན་འདུག  ཡུལ་དེའི་བལ་བོའི་སྐད་དུ་འབྲས་ལྗོངས་པ་ལ་བྷོ་ཊ་དང་མི་རིག་ལ་ལེབ་ཅཱ་ཟེར། འབྲས་ལྗོངས་པའི་ཆས་གོས་ནི་བོད་དབུས་ཁུལ་གྱི་ཆས་གོས་དང་གཅིག་པ་ཡིན་ཞིང་། ཁ་སྐད་ནི་ཚིག་རིས་ཅུང་ཙམ་འགྱུར་བ་མ་གཏོགས་བོད་མངའ་རིས་ཕྱོགས་ཀྱི་ཁ་སྐད་དང་ཧ་ལམ་གཅིག་འདྲར་སྣང་།

ཡུལ་འདིའི་ལྷོ་མོན་བཙང་གསུམ་དང་འབྲུག་པ་ནེ་བལ་སོགས་ཀྱི་མི་རིགས་རྒན་དར་གཞོན་གསུམ་པོ་སྤྱི་བབ་ནས། སྐད་ཆ་བཤད་བདེ་ལ་འགྲོགས་བཟང་བ། ངག་འཇམ་ལ་གུས་ལུགས་ཡོད་པ། རོགས་བྱེད་ཅིང་དྲིས་ལན་ལེགས་པ། ཞི་འཇམ་བག་ལྷོད།སྙོམ་ཆུང་ཚུལ་མཐུན་སོགས་ཡ་རབས་བཟང་བོའི་གཤིས་སྤྱོད་ལྡན་པ་ཞེ་གཅིག་ཏུ་མཐོང་། ཡུལ་འདིའི་མི་རྣམས་ལ་ཆོས་སེམས་ལྡན་ཞིང་དཀོན་མཆོག་དང་སྤྲུལ་སྐུ་ལ་དད་ཞེན་ཟབ་པ། དགོན་པ་དང་གྲྭ་བར་གུས་བརྩི་ཆེ་བ་ཞིག་རེད། གཞི་བདག་དང་སྲུང་མ་ལའང་ཡིད་ཆེས་བྱེད་ཅིང་རེ་བ་བཅོལ་ནས་བསང་གསོལ་གཏོང་བ། ནང་མི་གྲོངས་ན་བདུན་ཚིགས་འདེད་པ། བཅའ་བ་རིམ་གྲོ་བགྱི་བ་སོགས་ནི་བོད་མི་བྱིངས་དང་གཅིག་པ་རེད།

འབྲས་གཞུང་གི་སློོབ་གྲྭ་དག་ན་བོད་ཡིག་སློབ་ཀྱིན་ཡོད་མོད། འབྲས་ལྗོངས་པའི་ཁ་སྐད་དང་བསྟུན་ནས་བྲི་སྟངས་མི་འདྲ་བ་འགའ་ཤས་གསར་སྣོན་བྱས་འདུག  འབྲས་ལྗོངས་མངའ་སྡེའི་གཞུང་ཐམ་ག་ནི་སྔོན་གྱི་རྒྱལ་བོའི་སྐབས་ཀྱི་ཐམ་ག་དེ་རེད་ཟེར།ཐམ་གའི་ངོར་བོད་ཡིག་གི་(ཁམས་གསུམ་དབང་བསྡུས་)ཞེས་པའི་ཡི་གེ་བྲིས་འདུག འབྲས་གཞུང་མངའ་སྡེའི་བློན་ཆེན་(པ་བན་ཙམ་ལིང་)ནི་ལྷོ་མོན་རོང་གསུམ་གྱི་རོང་བའམ་ནེ་བལ་ཡིན་པའི་ནང་བ་ཞིག་རེད་ཟེར། ཁོང་ལོ་ངོ་སུམ་ཅུ་ལྷག་ལ་འོས་ཤོག་ལམ་ནས་འབྲས་གཞུང་མངའ་སྡེའི་བློན་ཆེན་ལ་བཞུགས་ཡོད་ཅིང་ཐེངས་རྗེས་མའི་བློན་ཆེན་དུ་འོས་འཐོབ་པ་ན། མི་ཚེ་གང་བོར་འབྲས་གཞུང་བློན་ཆེན་དུ་བསྡད་ཆོག་པའི་ཁྲིམས་ལུགས་ཡོད་པར་སྐད། ཁོང་ནི་འབྲས་ལྗོངས་རྒྱ་གར་འོག་ཚུད་རྗེས་ཀྱི་མངའ་སྡེ་འདིའི་བློན་ཆེན་གཉིས་པ་རེད་འདུག  ཁོས་མངའ་སྡེ་གཞུང་ངོས་ནས་མི་མང་གི་དད་རྟེན་དུ། བྱང་འབྲས་ལྗོངས་རྭ་བོང་ལར། ཐུབ་པའི་སྐུ་ཆེན་པོ་མཐོ་ཚད་ཁྲུ་feet) ༡༣༠/ ཅན་ཞིག་དང་། ནུབ་འབྲས་ལྗོངས་ཀྱི་གནམ་རྩེ་རུ། སློབ་དཔོན་རིན་པོ་ཆེའི་སྐུ་ཆེན་པོ་མཐོ་ཚད་ཁྲུ་(feet)༡༣༥/ ཅན། ལྷ་དབང་ཕྱུག་གི་སྐུ་མཐོ་ཚད་ཁྲུ་(feet )༡༠༨/ ཅན་ཞིག་བཅས་བཞེངས་ཡོད་པས། མི་མང་ཚོས་དགའ་གུས་ཆེན་པོ་བྱེད་ཀྱིན་འདུག

འབྲས་ལྗོངས་ལ་དགོན་ཁག་ཅི་ཡོད།

ཤར་འབྲས་ལྗོངས་དང་། ལྷོ་འབྲས་ལྗོངས། ནུབ་འབྲས་ལྗོངས། བྱང་འབྲས་ལྗོངས་རྣམས་སུ་སྤྱིར་ན་དགོན་པ་བརྒྱ་དང་ལྔ་ཙམ་ཡོད་ལ། དེ་དག་ལས་ཆོས་བརྒྱུད་རྙིང་མ་ཡིན་པའི་དགོན་པ་དོན་བདུན། བཀའ་རྒྱུད་དགོན་པ་ཉེར་ལྔ། ས་སྐྱའི་དགོན་པ་གཅིག  དགེ་ལུགས་དགོན་པ་གཅིག  བོན་པོའི་དགོན་པ་གཅིག   མཚམས་ཁང་དང་སྒྲུབ་ཁང་ཉེར་དྲུག  རྒྱལ་ཁང་དང་ལྷ་ཁང་གྲངས་སོ་དྲུག   མ་ཎི་ལྷ་ཁང་བརྒྱ་དང་ཉེར་དྲུག་བཅས་ཡོད། དགོན་པ་མང་བོ་ཞིག་ན་ཆོ་ག་ཕྱག་ལེན་དང་། རྒྱན་གཏོར་བཟོ། འབུད་རྡུང་དཀྲོལ་གསུམ། གསུང་རབས་ཀྱི་བརྡ་ཆད་དང་མཐུན་པའི་ཐ་སྙད་སྐད་ཡིག  སུམ་རྟགས་དག་གསུམ་སོགས་སློབ་ཀྱིན་འདུག་ལ། བཤད་གྲྭ་རྣམས་སུ་རྩོད་པ་བཙུགས་ནས་གཞུང་ཆེན་ཁག་ལའང་སློབ་གཉེར་བྱེད་ཀྱིན་ཡོད། དེ་དག་ལས་འབྲས་ལྗོངས་ཡུལ་གྱི་དགོན་ཆེན་དྲུག་ནི། བླ་མ་ལྷ་བཙུན་ཆེན་པོས་ཕྱག་བཏབ་པའི་གསང་ཆེན་པདྨ་ཡང་རྩེ་དགོན། མངའ་བདག་སེམས་དཔའ་ཆེན་པོས་ཕྱག་བཏབ་པའི་བྲག་དཀར་བཀྲ་ཤིས་སྡིངས་དགོན། འཇིགས་མེད་དཔའ་བོས་ཕྱག་བཏབ་པའི་ཕན་བཟང་དགོན། ཆོས་རྒྱལ་བཞི་བ་འགྱུར་མེད་རྣམ་རྒྱལ་གྱིས་ཕྱག་བཏབ་པའི་རྭ་ལངས་ཀརྨ་རབ་བརྟན་གླིང་། རུམ་བཏེག་དགོན། ཕོ་ལྡང་དགོན་བཅས་ཡིན། དང་པོ་གསུམ་ཆོས་བརྒྱུད་རྙིང་མ་སྨིན་གླིང་ཡིན་ཞིང་། ཕྱི་མ་གསུམ་ཀརྨ་བཀའ་བརྒྱུད་ཡིན། ཆོས་རྒྱལ་བཞི་བ་འགྱུར་མེད་རྣམ་རྒྱལ་དྲང་སྲོང་གི་ཆ་བྱད་དུ་བརྫུས་ཏེ་བོད་ཡུལ་དུ་གནས་སྐོར་ལ་ཕེབས་སྐབས་མཚུར་ཕུ་ལ་བྱོན་པ་ན། ཀརྨ་སྐུ་འཕྲེང་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ་དང་མཇལ། བླ་མ་སྐུ་འཁོར་དང་བཅས་པས་རྒྱལ་པོ་ཡིན་པར་མཁྱེན་ཏེ་ཕེབས་བསུ་སྣེ་ལེན་གཟབ་རྒྱས་གནང་བར། ཆོས་རྒྱལ་གྱིས་བཀའ་དྲིན་རྗེས་དྲན་ཆེད་བཀའ་བརྒྱུད་པའི་དགོན་པ་ཞིག་གསར་བཞེངས་བྱེད་བགྱིའི་ཁས་ལེན་མཛད་པ་བཞིན་གོང་སྨོས་དགོན་པ་ཕྱི་མ་གསུམ་བཞེངས་སོ།། འབྲས་ལྗོངས་ལ་བསྟན་པ་སྔ་དར། བར་དར། ཕྱི་དར་གསུམ་བྱུང་ཡོད་པའི་གོང་སྨོས་དགོན་པ་དག་ཕྱི་དར་གྱི་སྐབས་ལ་གཏོགས་སོ།།

འབྲས་ལྗོངས་དང་བོད་གཞུང་དམངས་བར་གྱི་འབྲེལ་ལམ།

འབྲས་ལྗོངས་རྒྱལ་ཁབ་ཚུགས་པ་ནས་ད་ལྟའི་བར་དུ་བོད་གཞུང་དམངས་གཉིས་ལ་འབྲེལ་བ་ཤིན་ཏུ་ཟབ་ཅིང་། བོད་ཀྱི་བླ་སྤྲུལ་སྐྱེས་ཆེན་མང་པོ་གནས་འདིར་བྱོན་ནས་སྐྱེ་བོ་རྣམས་ལ་དམ་པའི་ཆོས་གསུངས་ཤིང་། དགེ་སྒྲུབ་དང་ཡ་རབས་ཀྱི་ལས་སུ་བསྐུལ་བ། ཆོས་སྡེ་དང་སྒྲུབ་མཆོད་མང་པོ་བཙུགས་པ། ལྷ་ཁང་དང་མཆོད་རྟེན་བཞེངས་པ། གནས་སྒོ་ཕྱེས་ཤིང་བྱིན་རླབས་མཛད་པ་སོགས་གང་ལ་ཅི་དགོས་ཀྱི་མཛད་པ་མང་དུ་བསྐྱངས་གནང་འདུག  དེ་དག་ལ་འབྲས་ལྗོངས་རྒྱལ་བོ་རིམ་བྱོན་གྱིས། བསྙེན་བཀུར་དང་ཞབས་ཏོག་མཐུན་འགྱུར་བླ་མེད་གནང་བ་སོགས་ཕན་ཚུན་དམ་ཚིག་གཙང་ཞིང་མཐུན་སྒྲིལ་གྱི་མཛའ་བ་འོ་ཆུ་བཞིན་དུ་འདྲེས་པའི་བྱུང་བ་དག་ནི། འབྲས་ལྗོངས་པའི་དེབ་ཐེར་དག་ན་མཐོང་དུ་ཡོད་ཅིང་། ཡུལ་དེའི་སྐྱེ་བོ་དག་གི་ངག་ནས་གླེང་གིན་པའང་ཐོས་སོ།། ཁྱད་པར་དུ་༧ གོང་ས་ལྔ་བ་ཆེན་པོ་ནས་བཅུ་གསུམ་པའི་བར་གྱིས་འབྲས་མོ་ལྗོངས་ལ་ཕ་མས་བུ་ཕྲུག་བཞིན་དུ་སྲུང་སྐྱོབ་གནང་ཡོད་ཅེས། འབྲས་ལྗོངས་པ་ཡེ་ཤེས་དབང་ཕྱུག་གི་འབུམ་རམས་པའི་ཆེད་རྩོམ་འབྲས་ལྗོངས་གནས་ཀྱི་ལོ་རྒྱུས་སུའང་བྲིས་འདུག  དེ་བཞིན་དུ་༧ གོང་ས་བཅུ་བཞི་བ་ཆེན་པོ་གནས་འདིར་ལན་མང་ཞབས་ཀྱིས་བཅགས་ཏེ། གསུང་ཆོས་དང་མཇལ་ཁའི་བཀའ་དྲིན་བསྐྱངས་ཤིང་མཐུན་འགྱུར་རོགས་རམ་སོགས་བརྩེ་གཟིགས་བཀའ་དྲིན་བླ་མེད་བསྩལ་ཡོད་པའི་གནས་ཚུལ་མང་དུ་བཀོད་འདུག  སྐྱབས་བཅོལ་བ་ཞིག་གི་གནས་སྟངས་འོག་ཡོད་ནའང་༧ གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་ཀྱི་དགོན་པ་དང་ཤེས་ཡོན་སློབ་གྲྭ་མང་བོར། འབྲས་ལྗོངས་པ་དང་། བལ་བོ། ལ་དྭགས། ཁུ་ནུ།གར་ཤ  སྤི་ཏི། འབྲུག་པ་སོགས་ཡུལ་གྲུ་སྣ་ཚོགས་ནས་ཡོང་བའི་མི་རིགས་སོ་སོར་ཟས་གོས་གནས་མལ་གྱི་མཐུན་རྐྱེན་སྦྱར་ཐོག  ཆོས་དང་རིག་གཞུང་སོགས་གནའ་དེང་གཉིས་ཀའི་ཤེས་ཡོན་སྣ་མང་བསླབས་ཏེ་བསྐྱངས་པའི་བཀའ་དྲིན་གྱི་ཚུལ་ཡང་།འདི་དང་མ་འོངས་གཉིས་ཀའི་ལོ་རྒྱུས་ནང་ཕན་ཚུན་གྱི་དགའ་ཞེན་དང་མཛའ་བ་མི་ལྷོད་ཅིང་དམ་ཚིག་དང་མཐུན་སྒྲིལ་མི་འཐོར་བའི་གཟུངས་ཤིག་ཏུ་གྱུར་ལོས་ཡོད་སྙམ་མོ།། དེ་འདྲའི་རྒྱུ་རྐྱེན་རྟེན་འབྲེལ་མང་བོ་ཞིག་ལས་ཡུལ་དེའི་སྐྱེ་བོ་རྣམས་ཀྱིས།སྤྱིར་ན་བོད་པ་རྣམས་དང་ལྷག་དོན་བོད་ཀྱི་བླ་མ་གྲྭ་བར་དགའ་ཞེན་ཆེན་པོ་བྱེད་ཅིང་། འབྲས་ལྗོངས་པ་རང་གིས་བྲིས་པའི་ལོ་རྒྱུས་དང་ཆེད་རྩོམ་དག་ཏུའང་ཕན་ཚུན་གྱི་མཛའ་བ་དང་བརྩི་བཀུར་མཚོན་པའི་རྗོད་ཚིག་ཡིད་དུ་འཐད་པ་མང་དུ་བསྟར་འདུག

༡༩༥༩/ ནས་སྐྱབས་བཅོལ་དུ་འབྱོར་བའི་བོད་པ་མང་བོ་ཞིག་འབྲས་ལྗོངས་ས་ཁུལ་ཁག་ཏུ་གནས་བཅས་ཤིང་རྭ་བོང་ལ་དང་རུམ་བཏེག་སོགས་ས་གནས་འགར་གཞིས་ཆགས་ཀྱང་བཙུགས་ཡོད། རྒྱལ་ས་སྒང་ཏོག་གི་ཟ་ཁང་ཚོང་ཁང་རྫིག་པོ་མང་བོ་ཞིག་བོད་ནས་འབྱོར་བ་ཚོའི་རེད་ཟེར་མོད། ས་གནས་གཞན་ཚོ་ལྟར་རུ་ང་དང་ཀོ་ལོང་ཕྲག་དོག་མེད་པར་བག་ལྷོད་བདེ་ཐང་ངེར་ད་ལ་ཐུག་གི་བར་མཉམ་སྡོད་བྱུང་བའང་ཡུལ་མི་རྣམས་ལ་ལེགས་གསོལ་དང་བསྔགས་བརྗོད་ཞུ་འོས་པ་ཞིག་རེད། འབྲས་ལྗོངས་སུ་སྔོན་ཆད་འབྲི་གཡག་དང་བ་ཕྱུག་མང་བོ་ཡོད་རབས་བཤད། ད་ལྟའང་ལ་ཆེན་ལ་ཆུང་གཉིས་སུ་འབྲི་གཡག་མང་བོ་འདུག་ཟེར། འབྲས་ལྗོངས་སུ་ཞིང་ས་གཅིག་ལ་ལོ་ཡི་ཁོར་མོ་ཡུག་ཏུ་རིམ་པར་བསྟུད་དེ་འབྲས་དང་། ནས། ཟར་མ། གྲོ།ལྒ། ཞོག་ཁོག་སོགས་གཅིག་གི་ས་བོན་བཏབ་ནས་ལོ་ཏོག་བསྡུས་མ་ཐག  ཡང་ས་བོན་གཞན་ཞིག་བཏབ་ནས་ལོ་ཏོག་བསྡུ་བ་སོགས་ཞིང་འབྲས་དུས་བཞི་ལ་ལེན་རྒྱུ་ཡོད་པའི་ཞིང་ལས་ཐོན་སྐྱེད་ནི་ཕུན་སུམ་ཚོགས་པ་ཞིག་འདུག་མོད། དེང་སྐབས་ཞིང་ལས་བྱེད་མཁན་ཉུང་དུ་འགྲོ་བཞིན་པར་སྐད། འོན་ཏེ། ཚོང་ལས་དང་ལས་གླ་གཏགས་པ་སོགས་འཚོ་བ་རོལ་བའི་སྒོ་སྣ་ཚོགས་པ་ཞིག་བརྩམས་དང་རྩོམ་གྱིན་གདའོ།།

ཞེས་གདན་ས་རུམ་བཏེག་ཏུ་སངས་རྒྱས་མཉན་པ་རིན་པོ་ཆེའི་མདུན་སར་རྒྱལ་བའི་བཀའ་འགྱུར་གྱི་ལུང་ཞུས་ནས་དུས་ཡུན་ཟླ་བ་གཉིས་མ་ཟིན་ཙམ་ལ་འདུག་བགྱི་བྱུང་བའི་ཡུན་ལ། དཔལ་མཁའ་སྤྱོད་འབྲས་མོ་གཤོངས་ཀྱི་སྣོད་བཅུད་གཉིས་ཀས་ཕྲན་གྱི་ཡིད་ལ་དགའ་བ་དང་དུངས་པ་ཆེས་ཆེར་དྲངས་ཤིང་ཡི་རང་དང་སྨོན་པ་ངང་གིས་བསྐྱེད་བྱུང་བས་ཐུགས་རྗེ་ལེགས་འབུལ་གྱི་དོད་དུ་བྲིས་ཏེ་དྲ་ཚིགས་སུ་འགོད་འདོད་སྐྱེས་པ་ལགས། ༢༠༡༧/ ༡༢/ ༡ / ཉིན།

གསར་འགྱུར།

Post navigation

Previous Post: བློ་སེང་དང་སྤེན་ཚེའི་གདོང་ཐུག་གི་རྒྱབ་ལྗོངས།
Next Post: བློ་སེང་བཀའ་ཤག་ནི་ནག་ཚོགས་ཤིག་མ་རེད་པས། 

Comments (4) on “༄།།མཁའ་སྤྱོད་སྤྲུལ་བའི་ཕོ་བྲང་དཔལ་འབྲས་མོ་ལྗོངས་ཀྱི་སྣོད་བཅུད།”

  1. དྲི་མེད་ལྷག་བསམ། says:
    2017-12-03 at 8:54 am

    ལེགས་སོ། དྲ་ཐོག་ནས་སངས་རྒྱས་མཉན་པ་རིན་པོ་ཆེས་བཀའ་ཆོས་གནང་བ་མཇལ། ཤིན་ཏུ་ལེགས། ཁོང་གི་བཀའ་འགྱུར་གྱི་ལུང་རྒྱུན་གང་ནས་བྱུང་བ་དང་། ཉིན་རེར་པོད་ཅི་ཙམ་གསུང་། རྣམ་ཐར་མདོར་བསྡུས་བཅས་འགོད་ཐུགས་ན་ལེགས་པར་སྣང་།

  2. ཀརྡོ་རབ་འབྱམས་པ་ says:
    2017-12-03 at 3:01 pm

    ་་་་་་་་་ མ་འོངས་སེམས་ཅན་རྣམས་ཀྱི་དོན་དུ་ཆོས་ནོར་དམ་རྫས་དཔག་ཏུ་མེད་པ་གཏེར་དུ་སྦས་པར་མཛད་ནས། ཕུའི་གཞི་བདག་གངས་ཆེ་མཛོད་ལྔ། བར་གྱི་གཞི་བདག་བདུད་བཙན་དཔའ་བོ་ཧཱུཾ་རི། མདའི་གཞི་བདག་མ་བདུད་ལྕམ་དྲལ་མཚོ་སྨན་སོགས་ལ་གཉེར་དུ་གཏད། ་་་་་་་་་་
    ་
    ་་་་་་་་ སྐྱབས་བཅོལ་བ་ཞིག་གི་གནས་སྟངས་འོག་ཡོད་ནའང་༧ གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་ཀྱི་དགོན་པ་དང་ཤེས་ཡོན་སློབ་གྲྭ་མང་བོར། འབྲས་ལྗོངས་པ་དང་། བལ་བོ། ལ་དྭགས། ཁུ་ནུ།གར་ཤ སྤི་ཏི། འབྲུག་པ་སོགས་ཡུལ་གྲུ་སྣ་ཚོགས་ནས་ཡོང་བའི་མི་རིགས་སོ་སོར་ཟས་གོས་གནས་མལ་གྱི་མཐུན་རྐྱེན་སྦྱར་་་་་་་་་་་་་

  3. Abhar Jigwang says:
    2017-12-04 at 4:36 pm

    ༄༅། འབྲས་སྒོ་མང་སོག་ཚང་ཁང་ཚན་སྐུ་ཞབས་བློ་བཟང་ཟླ་བ་ལགས་ནས་འབྲས་ལྗོངས་
    ཀྱི་སྐོར་ཡག་པོ་ཞིག་བྲིས་གནང་ མཛད་འདུག་པ་ཐུགས་རྗེ་ཆེ། ཞིབ་ཚགས་པོ་བྲིས་གནང་འདུག་
    ང་འབྲས་ལྗོངས་ལ་ཐེངས་ཁ་ཤས་འགྲོ་མྱོང་བ་མ་ཚད་སློབ་གྲོགས་གཅིག་པ་བཞི་ལྔ་
    ཙམ་ཡོད། ཐེངས་གཅིག་སྣ་ཐོད་ལ་རྩེར་བལྟ་བར་ཕྱིན་ཡིན། སློབ་གྲོགས་གཅིག་བོད་ཀྱི་ཟ་ཁང་
    Tibet Hotelལ་ལས་ཀ་བྱེད་ཀྱི་ཡོད། ར་སྦང་ལ་གཞིས་ཆགས་ལ་ངོ་ཤེས་པ་རུམ་གདན་བཟོ་
    གྲའི་དགེ་རྒན་གཅིག་ཀྱང་ཡོད།

  4. ༄།།སྟར་བུ་དམར་བོ། says:
    2017-12-07 at 11:18 am

    རྩོམ་ཡིག་འདི་བཀླགས་པ་ལ་བརྟེན་ནས་འབྲས་མོ་ལྗོངས་ཀྱི་སྣོད་བཅུད་དང་རིག་གནས། ཡུལ་སྲོལ་གོམས་གཤིས། ཡུལ་མིའི་བསམ་སྤྱོད། འབྲས་ལྗོངས་རྒྱལ་ཁབ་ཀྱི་ཆགས་འཇིག་དང་ཡུལ་མིའི་གྲངས་ཀ་སོགས། མདོར་ན་འབྲས་མོ་ལྗོངས་ཀྱི་སྣོད་བཅུད་རིག་གནས་དང་བཅས་པ་ཇི་འདྲ་ཞིག་ཡིན་བློ་ཡུལ་ལ་བདེ་བླག་ཏུ་གོ་བར་བྱེད་པའི་ཁྱད་ཆོས་རྣམས་ཡོངས་སུ་འཛོམས་པར་བྱས་འདུག་པས། རྩོམ་པ་བོ་སོག་ཚང་བློ་བཟང་ཟླ་བ་ལགས་སུ་བཀའ་དྲིན་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme