Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་ལགས། བཀའ་ཤག་ལགས། གསལ་བཤད་དེ་མང་ཚོགས་དཀྲུགས་ཆེད་དུ་ཨེ་རེད།

Posted on 2017-11-182017-11-18 By ཁ་བརྡ་ 25 Comments on སྲིད་སྐྱོང་ལགས། བཀའ་ཤག་ལགས། གསལ་བཤད་དེ་མང་ཚོགས་དཀྲུགས་ཆེད་དུ་ཨེ་རེད།

མགར་སྡེ་ཚང་ཤེས་རབ་ཉི་མ།

 

དགྲ་དགའ་གཉེན་སྡུག་ཟེར་བ་ནི། ང་ཚོར་མི་དགོས་པ་དེ་རེད། འདི་སྐུ་དྲག་གསར་པ་ཚོས་ཀྱང་ཁ་ཐོག་ལྕེ་ཐོག་ལ་བླངས་དང་ལེན་བཞིན་པའི་ཚིག་ཅིག་རེད། ད་རེས་སྲིད་སྐྱོང་བློ་བཟང་སེང་གེས་སྤེན་པ་ཚེ་རིང་ལ་དོན་གཅོད་ལས་ཀ་མཚམས་འཇོག་བྱེད་བཅུག་པའི་སྔ་རྗེས་སུ་སྤྱི་ཚོགས་འཁྲུག་ཆ་དོད་པོ་ཆགས་ཏེ། བདེན་པ་དང་ཧམ་པ་བསྡུར་གླེང་བྱེད་མགོ་ཚུགས་ཡོད།

ཏག་ཏག་བློ་བཟང་སེང་གེ་དང་ཁོའི་བཀའ་བློན་ཚོས་བོད་པའི་སྤྱི་ཚོགས་འཁྲུག་ཐེབས་པར་ཆེད་དུ་འབད་ཀྱིན་པ་ལྟ་བུའི་གནས་སྟངས་དེ་ལ། ཤུགས་ལྡན་ཚོགས་པའི་གནད་ཡོད་མི་སྣ་ཡིན་ཟེར་མཁན་ཚོས་བསྟོད་བསྔགས་དང་དགའ་བསུ་ཞུས་པ་དྲ་ལམ་དུ་ཐོན་ཡོད། གནས་ཚུལ་འདི་འདྲ་བ་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་ལའང་བྱུང་ཡོད། ད་ཆ་ཡང་སྐྱར་སྲིད་སྐྱོང་དང་བཀའ་བློན་ཚོའི་གནང་སྟངས་འདི། དགྲ་དགའ་བ་ཞིག་ཆགས་འདུག གཉེན་སྡུག་པ་ཞིག་ཆགས་འདུག འདི་ང་ཚོར་དགོས་པ་དེ་ཨེ་རེད། བོད་སྤྱི་བའི་རྩ་དོན་སྒྲུབ་སྟངས་ཨེ་རེད།

དེ་རིང་བཀའ་ཤག་གིས་དོན་གཅོད་འཕོ་འགྱུར་སྐོར་གྱི་གསལ་བཤད་ཡིན་ཟེར་བ་ཞིག་བཀྲམས་འདུག ནང་འགལ་ཧ་ཅང་མང་པོ་རེད། ཕལ་ཆེར་མང་ཚོགས་ལ་འཁྲུག་ཆེན་པོ་ཞིག་ཐེབས་སུ་འཇུག་རྒྱུ་བཀའ་ཤག་གི་ཕུགས་ཀྱི་དམིགས་ཡུལ་ཡིན་པ་འདྲ། ཡང་ན། ཆེད་དུ་དམིགས་ནས་རྒྱ་ཆེའི་མི་མང་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱི་ཡོད་པ་འདྲ། ཉིན་སྔ་མ་དང་ཕྱི་མའི་སྐད་ཆ་ལ་དབྱར་དགུན་གྱི་ཁྱད་པར་འདུག སྲིད་ཚབ་ཀྱི་སྐད་ཆ་དང་སྲིད་སྐྱོང་གི་སྐད་ཆ་ལ་བཞི་དང་བརྒྱད་ཀྱི་ཧེ་བག་འདུག སྲིད་སྐྱོང་གིས། དོན་གཅོད་སྐོར་གསལ་བཤད་མི་བྱེད་རྒྱུ་བཀའ་ཤག་གིས་ཐག་གཅོད་ཡིན་ཟེར། ཡང་། མཐའ་མ་དེར་བཀའ་ཤག་གི་གསལ་བཤད་ཟེར་བ་ཞིག་བསྣར་སོང་། ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་གིས་སྤྱི་ཚོགས་ག་ཚད་དཀྲུགས་ཐུབ་པ་དེ་ཚོད་ཀྱིས་བོད་བསྟན་པ་ཆབ་སྲིད་ལ་ཕན་ཐོགས་ཤིག་ཡོང་གི་ཡོད་པར་གཟིགས་ཀྱི་ཡོད་པ་འདྲ། གནང་སྟངས་འདི་ཧ་ཅང་ཕན་ཁེ་ཅན་ཞིག་ཡིན་ཡང་སྲིད་པ་རེད། གང་ལྟར། ད་ནི་སྲིད་སྐྱོང་དང་བཀའ་ཤག་གིས་སྤྱི་ཚོགས་རྦད་དེ་དཀྲུགས་སོང་།

སྲིད་སྐྱོང་ལགས། བཀའ་བློན་ཚོ། ཉི་མ་རེ་རེར་སྐད་ཆ་བཤད་སྟངས་ཀྱི་དབྱར་དགུན་བརྗེ་སྟངས་འདིས། མང་ཚོགས་ལ་དོགས་པ་མང་པོ་ཞིག་བསླངས་སོང་། ཁྱེད་རང་ཚོར་ཡིད་ཆེས་ཇེ་སྲབ་ཏུ་འགྲོ་བཞིན་ཡོད། རྣམ་པ་ཚོས་དྲན་པ་སོས་ཀྱི་ཡོད་ཤག སྲིད་སྐྱོང་བློ་བཟང་སེང་གེའི་རིང་ལ། ཐ་སྙད་གསར་པ་ཁ་ཤས་ཐོན་ཡོད། དེ་ནི། “སྐུ་དྲག་གསར་པ།” “གཟི་བརྗིད་ཁོག་སྟོང་།” “གངས་སྐྱིད་བྱིས་བཅོལ་ཁང་།” ་་་་་་  འདི་འདྲ་རྐྱང་རེད།

བཀའ་ཤག་ལྷན་རྒྱས་ཀྱི་ཐག་གཅོད་ཡིན་ཞེས་པའི་ད་རེས་ཀྱི་གསལ་བཤད་དེས་མང་ཚོགས་ལ་གོ་བརྡ་འདི་འདྲ་ཞིག་སྤྲད་ཡོད། དེ་རྣམ་པ་ཚོའི་ཕུགས་ཀྱི་དམིགས་ཡུལ་ཨེ་ཡིན།

༡༽ སྤེན་པ་ཚེ་རིང་གཏན་འཇགས་ལས་བྱེད་མིན་སྟབས། མ་ཉེས་ཁག་གཡོག་གི་འགྲེལ་བརྗོད་བཟོས་ནས་ཁོ་རང་ནག་པོ་བཟོ་གང་ཐུབ་བྱས་ཡོད་པ་གསལ་པོ་ཆགས་ཡོད།

༢༽ སྤེན་པ་ཚེ་རིང་སྤྱི་ཚོགས་ནང་མི་མང་གི་འགོ་ཁྲིད་མི་སྣ་ཞིག་ཡིན་སྟབས་བཀའ་ཤག་གིས་དེ་རྐང་བཙུགས་ནས་འབུར་འཇོམས་བྱས་པ་ཡིན་པ་ར་འཕྲོད་ཡོད།

༣༽ ཤེས་རིག་བཀའ་བློན་གྱིས་ཨ་རིའི་དོན་ཁང་རྩིས་ལེན་བྱས་ནས་ཚུར་རྡ་སར་ཡོང་ན་མ་གཏོགས་སྲིད་སྐྱོང་ཕྱོགས་ཕེབས་གནང་བཞིན་པའི་སྐབས་སུ་དགོངས་པ་ཞུ་སྟབས་བདེ་པོ་མི་འདུག་ཅེས་བཤད་པའི་སྐད་ཆའི་དྲོད་མ་ཡལ་གོང་། བཀའ་ཤག་ལྷན་རྒྱས་ཚོགས་ནས་གསལ་བཤད་ཡི་གེ་འདི་བཀྲམས་ཡིན་ལབ་འདུག འདིའི་སྔོན་ལ་སྲིང་སྐྱོང་གིས་ཡོ་རོབ་ནས། བཀའ་ཤག་གིས་གསལ་བཤད་གང་ཡང་མི་བྱེད་པའི་ཐག་བཅད་པ་ཡིན་ལབ་ཡོད། སྐད་ཆ་འདི་ཚང་མ་ནང་འགལ་ཡིན་པ་ཤེས་ཡོད།

༤༽ སྤེན་པ་ཚེ་རིང་གིས་མ་སྒྲུབ་པ་རེད་དམ། མ་འགྲུབ་པ་རེད། དེའི་དབྱེ་བ་ཕྱེས་ནས་གསལ་བཤད་མ་གནང་བའི་དམིགས་ཡུལ་ཤེས་ཡོད།

༥༽ སྲིད་སྐྱོང་གིས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་ཐེབས་རྩ་ནས་གནང་སྦྱིན་དུ་ཐོབ་པར་བཤད་འདུག ཐེབས་རྩའི་ཡི་གེ་ན་དེ་བུ་ལོན་རེད་འདུག

༦༽ རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་གྲོང་ཁྱེར་ཉིག་ཡོར་ནས་བཞག་ན་བོད་གཞུང་ལ་ཕན་གྱི་ཡོད་པ་རེད་དམ་གནོད་ཀྱི་ཡོད་པ་རེད། གནོད་ཀྱི་ཡོད་ན་སྤེན་པ་ཚེ་རིང་གིས་ནོར་བ་རེད། དེ་ཡང་ཤེས་ཡོད།

༧༽ བྱ་སྤུ་གནོན་ཡོང་གི་མི་འདུག་ཟེར་བ་སྲིད་སྐྱོང་ལ་གུས་གུས་ཞུམ་ཞུམ་མ་ཞུས་པ་ཁོ་ན་ལ་གོ་བ་ལེན་དགོས་ཀྱི་ཡོད་པ་ཤེས་ཡོད།

༨༽ ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་གནང་སྦྱིན་རོགས་དངུལ་ཡིན་ན། གངས་སྐྱིད་ཀྱི་རྩིས་ཞིབ་ལས་ཁུངས་ལ་གནོན་ཤུགས་སྤྲད་ནས་རྩིས་ཞིབ་སྙན་ཐོ་ལ་ཐེབས་རྒྱུ་བཀག་འགོག་བྱེད་དོན་གཉིས་ནང་འགལ་ཡིན་པ་མང་ཚོགས་ཀྱིས་ཤེས་ཐུབ་ཡོད།

མདོར་ན། བཀའ་ཤག་གི་ད་རེས་ཀྱི་གསལ་བཤད་འདིས། མང་ཚོགས་མགོ་བོ་ཇེ་རྨོངས་སུ་བཏང་ཡོད། གསལ་བཤད་འདིས། མང་ཚོགས་ནང་ལ་དོན་དག་མང་པོ་ཞིག་གི་ཐད་ལ་ཡང་སྐྱར་བགྲོ་གླེང་བྱེད་པའི་ཚ་རླབས་ཤིག་འཕྱུར་བཅུག་ཡོད། གསལ་བཤད་འདི་མང་ཚོགས་འཁྲུག་ཆ་ཆེན་པོ་ཞིག་ཐེབས་པར་དམིགས་ཡོད་ན་འགྲིག་འདུག གལ་ཏེ། མང་ཚོགས་ཀྱིས་ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་འདི་མང་ཚོགས་ལ་བརྡབ་གསིག་གི་ལས་ཀ་དང་། སྤྱི་ཚོགས་པ་གནོད་སྐྱོན་འགྲོ་བའི་ལས་ཀ་རེད་ཅེས་ངོ་རྒོལ་བྱེད་ལ་ཉེ་བར་གཏུགས་པའི་མཚམས་འདིར། ངོ་རྒོལ་གྱི་གནས་ཚུལ་མི་ཡོང་བའི་ཆེད་དུ་གསལ་བཤད་བྱས་པ་ཡིན་ན། འདི་རྦད་དེ་ནོར་འདུག

སྤེན་པ་ཚེ་རིང་གིས། ལས་དོན་མཚམས་འཇོག་ཟིན་པའི་རྗེས་ལ་གཅིག་གཅིག་གཉིས་དང་། རྒྱུ་མཚན་དཔང་རྟགས་དང་བཅས་གསལ་བཤད་བྱ་རྒྱུ་ཡིན་ལབ་འདུག སྤེན་པ་ཚེ་རིང་ཁྱེད་རང་གིས་ལས་དོན་སྒྲུབ་པའི་རིང་གི་ལས་བསྡོམས་སྙན་ཐོ་རྒྱས་པ་ཞིག་མང་ཚོགས་ལ་བཀྲམས་རོགས། དེ་འདྲ་ཞིག་ཡོང་བསྒྲགས་བྱེད་པར་ང་ཚོས་རེ་སྒུག་བྱས་ནས་བསྡད་ཡོད།

ཕྱི་གསལ་ནང་གསལ་ཞིག་ཤེས་འདོད་ཡོད། བཀའ་ཤག་ཕྱི་གསལ་ནང་གསལ་ཞིག་ཤེས་འདོད་ཡོད། སྤེལ་པ་ཚེ་རིང་ཕྱི་གསལ་ནང་གསལ་ཞིག་ཤེས་འདོད་ཡོད། སུ་ལ་ནོར་འཁྲུལ་ཡོད་པ་དེར་ང་ཚོས་ངོ་རྒོལ་བྱེད་ངེས་ཡིན། གཉིས་ཀ་ནོར་ཡོད་ན་གཉིས་ཀར་ངོ་རྒོལ་བྱེད་ངེས་ཡིན། ད་ནི་ང་ཚོ་སུ་གང་གི་རྩེད་མོ་རྩེད་ཆས་བྱེད་འཇུག་འདོད་མེད།

བསམ་ཚུལ།

Post navigation

Previous Post: “ ཟས་རུམ་ན་མེད་ཀྱང་སེམས་ན་ ” ཨ་ཤི་རེ་གོ།
Next Post: ངའི་ཡབ་ཆེན།

Comments (25) on “སྲིད་སྐྱོང་ལགས། བཀའ་ཤག་ལགས། གསལ་བཤད་དེ་མང་ཚོགས་དཀྲུགས་ཆེད་དུ་ཨེ་རེད།”

  1. རྟ་བདུན་དབང་བོ says:
    2017-11-18 at 4:36 pm

    ངས་སྤེན་ཚེ་ལ་ནོར་འཁྲུལ་ཚབས་ཆེན་ཞིག་ཡོད་ཀྱི་རེད་སྙམ་ནས་བློ་མ་བདེ་བར་བསྡད་ཡོད། ད་ཡིན་ན་སྤེན་ཚེ་ཕུད་དགོས་པའི་རྒྱུ་མཚན་རྡོག་རྡོག་ལྗིད་ཁོག་ཅན་ཞིག་མེད་པ་འདྲ། །

  2. བསྟན་འཛིན་ says:
    2017-11-18 at 7:27 pm

    བཀའ་ཤག་གི་གསལ་བཤད་བཅུ་ དེའི་ནང་དོན་གང་ཙམ་ཕྱི་དྲིལ་ལས་ཁུངས་ (DIIR office)དང་འབྲེལ་་འདུག་ དེའི་མགོ་གཙོ་ བསྟན་འཛིན་ཟླ་སྒྲོན་( ཟླ་སྒྲོན་) བུམོ་ན་གཞོན་ ཤེས་ལྗོན་གང་ཙམ་ དབྱིན་སྐད་ནང་ (Few day before nomination on June 1st. I got call from Sikyong saying that he would like me to work for the cabinet) ཨོ་ཡང་བསྐྱར བཀའ་བློན་འོས་མི་བུམེད་་་་་་་་དེ་ནི་ཟླ་སྒྲོན་རང་རེད་ ཧཧཧཧཧ། དེ་མིན་སྐུངོ་སྤེན་པ་ཚེ་རིང་ལགས་སུ་ ནག་ཆེ་བ་གང་ཡོད་

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-11-18 at 9:33 pm

    ནག་ཁུང་མདའ་འཕེན་བྱ་རྒྱུའི་སྒོམ་བཤིས་གཞུང་པ་ཚང་ལ་མེད་ཕྱོགས་གཉིས་ཀྱི་གསལ་བཤད་ཆ་ཚང་མཐོང་རྗེས་རང་གི་བསམ་ཚུལ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་འཁུར་ནས་བཀོད་རྒྱུ་ཡིན་།

  4. བསྟན་འཛིན་ says:
    2017-11-18 at 10:18 pm

    ནག་ཁུང་མདའ་འཕེན་མཁན་ གངས་སྐྱིད་ནང་ལོ་གསུམ་ཕྱེད་༼༣/༥༽ལྷགས་པའི་ ཁོང་རྣམས་པ་བདུན་༼༧༽རེད་དོ་ ང་ཨ་རི་གནས་སྡོད་༼རྒྱའི་ཐབས་ཡོག་༽མཉམ་ཆུང་ཞིག་ཡིན་ནོ།

  5. དགེ་འདུན་རྒྱ་མཚོ། says:
    2017-11-18 at 11:41 pm

    འོས་བསྡུའི་སྐབས་ཀྱི་འཁོན་ལན་སློག་པར་ལོ་གཅིག་དང་ཕྱེད་ཀ་འགོར། 

  6. ཁ་བ་རི་བ་ says:
    2017-11-19 at 2:44 am

    ཡ་ཡ་ད་ཡིན་ན་སྤེན་ཚེའི་མི་གཤིས་ག་འདྲ་འདུག་གམ་།

  7. ༄།།སྟར་བུ་དམར་བོ། says:
    2017-11-19 at 4:06 am

    སྐུ་ངོ་དོན་གཅོད་གནས་དབྱུང་བྱེད་དགོས་པའི་རྒྱུ་མཚན་འདི་དག་ཡིན་ཟེར།
    (༡) ༢༠༡༦/༨ ཨ་རྒྱའི་སྲིད་འཛིན་མཇལ་སྐབས་སུ་སྙན་ཞུ་དུས་ལྟར་ཐུབ་མེད་པ།

    (༢) ༢༠༡༦/༡༠ བཀའ་ཤག་ལ་མ་ཞུས་པར་ཀུན་དགའ་བཀྲ་ཤིས་ལས་གནས་སྤར་བ། ༼ཉེན་བརྡ༽
    )༣) ༢༠༡༧/༥ ཨ་རིར་དོལ་ཚོགས་ཀྱིས་འདི་ལོའི་ཕྱི་ཟླ་བཞི་བར་ཞིས་ཅེན་ཕིན་ལ་དགའ་བསུ་བྱས་པ་བཀའ་ཤག་ལ་ཞུས་མེད་པ། ༼ཉེན་བརྡ༽

    (༤) ཨ་རིའི་གྲོགས་ཚོགས་ཚོགས་གཙོ་་སྲིད་སྐྱོང་བློ་སེང་དང་མཇལ་དུ་བཅུག་མ་ཐུབ་པ།
    (༥) ༢༠༡༧/༥ བོད་དོན་ལས་འགུལ་ཁང་གི་རྩིས་ཁྲའི་འགན་ཁུར་མེད་པ།
    (༦) ༢༠༡༧/༦ དངུལ་ཁང་གང་ཡོད་རང་འཇགས་འཇོག་མཐུས་མོས་མཐུན་བྱེད་པ།
    (༧) ༢༠༡༦/༩ རྩིས་ཞིབ་པར་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བུ་ལོན་སྤྲོད་བསྡད་པ་ཡིན་པ་བཏོན་དགོས་པར་བཤད་པ། ༼ཉེན་བརྡ༽
    (༨) ༢༠༡༦/༧ བུད་མེད་ཞིག་ལ་སྲིད་སྐྱོང་གི་སྐྱོན་བཤད་པ།
    (༩) དེ་དག་ཕྱོགས་བསྡོམས་བྱས་ཡོང་དུས་བྱ་སྤུ་གནོན་ཡོང་གི་མེད་པ་དང་། ཡིད་ཆེས་བློས་འགེལ་མ་ཐུབ་པ། བཀའ་ཤག་གི་ཐུགས་རེ་བསྒྲུབས་མ་ཐུབ་པ་བཅས་སུ་གྱུར་བ་རེད་ཟེར།

  8. བསྟན་འཛིན་འཕྲིན་ལས། says:
    2017-11-19 at 6:33 am

    དོན་དངོས་མ་རྟོགས་པར་ཚང་མས་གཟབ་གཟབ་གནང་རོགས། ལ་ཕར་རྒྱབ་ན་ལྟད་མོར་བལྟ་ནས་བསྡད་ཡོད་རེད།

  9. སྤྱང་ཤོག says:
    2017-11-19 at 10:56 am

    བཀའ་ཤག་གི་གསལ་བཤད་འདི་ཚོ་དམངས་་ཚོགས་ཀྱི་རེ་མདུན་སྐོང་ཕྱིར་ངོ་བོ་ཙམ་གསལ་སྟོན་བྱས་པ་རེད། སྐུ་ངོས་སྤེན་ཚེའི་སྲིད་དོན་གྱི་འཆལ་གཞི་ལྡན་པའི་ཐོག་ནས་ད་ལྟ་བཀའ་ཤག་འདི་བྱ་བ་ལམ་སློག་མི་ཡོངས་བའི་དམིགས་ཡུལ་ཞིག་ཕྱིར་རུ་མངོན་པ་འདི་གནད་དོན་གཅིག་རེད། གཙོ་བོའི་གནད་དོན་ནི། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཀྱི་མིང་ཐོག་ནས་ཕྱག་ལས་གལ་ཆེན་ཞིག་ར་བཟི་བྱས་ནས་མཐུས་ཤོར་དུ་བཏང་ཡོད་ཙམ་ཕོ་བྲང་ནས་ཐག་གཅོད་གནང་བ་རེད། སྤེན་ཚེ་ཁོ་རང་གི་ཁ་ནས་༼ཕ྄ོ་བྲང་གི་དགོངས་པ་འདི་འདྲ་ཡོད་ན་ངས་དྭངས་ལེན་ཞུ་འི་ཡིན༽་ཟེར་བ་འདི་རེད།

  10. བྱང་ཆུབ་ལོ་མ། says:
    2017-11-19 at 2:20 pm

    སྲིད་སྐྱོང་སྨྱོན་པའི་ལས་རོགས།།
    སྨྱོན་པ་གླེན་པ་གླེན་མས།།
    སྨྱོ་བཤད་གཟའ་བཤད་བཀྲམས་ནས།།
    རྒྱ་ཆེའི་མང་ཚོགས་དཀྲུགས་སོང་།།

    དོལ་རྒྱལ་ཚོགས་པ་དགའ་སོང་།།
    རྒྱ་ནག་གུང་ཁྲན་དགའ་སོང་།།
    དགྲ་དགའ་གཉེན་སྡུག་འདི་འདྲ།།
    གནང་བའི་ཕུགས་ན་ཅི་ཡོད།།

    ཨ་སྒོར་ས་ཡ་ས་ཡ།།
    གང་ལ་སྦས་ཡོད་སྐུང་ཡོད།།
    སྦྱིན་བདག་ཁ་བྱང་མིང་བྱང་།།
    དོན་གཅོད་གསར་པར་སྤྲད་མེད།།

    ཨ་རིའི་སྦྱིན་བདག་སྒེར་བ།།
    སྒེར་གྱིས་བདག་པོ་བརྒྱབ་ཡོད།།
    གཅིག་ལ་གཉིས་ཀྱི་གསལ་བཤད།།
    ག་ལེ་ག་ལེར་ཞུས་ཆོག།

    སྐུ་ཚབ་དོན་གཅོད་ལས་ཁུངས།།
    ཝ་ཞིན་ཊོན་ན་ཡོད་རེད།།
    དངུལ་གྱི་སྟངས་འཛིན་འགན་འཛིན།།
    སྲིད་སྐྱོང་གྲོགས་པོས་གནང་ཡོད།།

    སྐུ་ངོ་བློ་བཟང་སེང་གེས།།
    ཨ་རིའི་དངུལ་གྱི་འགན་འཛིན།།
    དོན་གཅོད་རྙིང་པར་བསྐོས་ཡོད།།
    དེ་ཡང་རིམ་པས་ཞུས་ཆོག།

    བླ་མར་དབུ་སྐོར་ཞུས་སོང་།།
    དམངས་ལ་མཐོང་ཆུང་བྱས་སོང་།།
    བར་མ་བར་གྱི་མི་ཚོ།།
    རྨི་ལམ་སྐྱིད་པོ་ཨེ་འདུག

    ཟླ་བ་མར་ངོ་ཞིག་ལ།།
    སྐྱོན་བརྗོད་བཅུ་ཅན་བཀྲམས་སོང་།།
    ཟླ་བ་ཡར་ངོ་ཞིག་ལ།།
    བདེན་པས་འཐག་ན་ཅི་བྱ།།

    གསལ་བཤད་ཉིན་ཚེ་ཞག་ཚེར།།
    འགྱེལ་ནས་ཤི་ཐེངས་རེ་ལ།།
    བཀའ་ཤག་ལྷན་རྒྱས་ཟེར་བས།།
    ལྷན་རྒྱས་གནང་སྟངས་མཐོང་སོང་།།

  11. རང་བྱུང་རིག་པའི་རྡོ་རྗེ says:
    2017-11-19 at 2:29 pm

    བཀའ་ཤག་གིས་གསལ་བཤད་དེར་ཆ་འཇོག་ཡ་མི་འདུག སྤེན་ཚེ་ལས་གནས་ནས་གནས་དབྱུངས་གཏོང་ངོས་པའི་སྤྱོད་ངན་མངོན་གསལ་དོད་པོ་ཞིག་མི་འདུག སྤྱང་ཤོག་ལགས། རྫུན་མ་བཤད་རོགས། གལ་ཏེ་སྤེན་ཚེ་ར་བཟི་ནས་ཕྱག་ལས་གལ་ཆེན་ཞིག་འཐུས་ཤོར་དུ་སོང་ཡོད་ན་བཀའ་ཤག་ནས་ཅི་ཕྱིར་དོན་ཚན་བཅུའི་ནང་དུ་མི་འཁོད། དོན་ཚན་བཅུའི་ནང་ན་གནད་འགག་གཅིག་ཀྱང་མི་འདུག་གོ །

  12. དགོན་པ་ཚང་ དར་རྒྱས་ says:
    2017-11-19 at 3:10 pm

    དུས་རྒྱུན་གསར་འགྱུར་ལྟ་ཉན་ལས་བསམ་ཚུལ་བྲི་རྒྱུར་དགའ་པོ་མེད་གང་ཡིན་ཞེས་ན་ངོས་ནས་ཀུན་གྱི་ལེགས་ཉེས་ལ་དཔྱད་པར་ལྟ་བའི་མིག་གཉིས་ལས་མེད་པ་དེས་གལ་ཏེ་ངོས་འཛིན་ཏང་ནོར་བ་ཡིན་སྲིད་པར་མ་ཚད་ད་དུང་གཞན་གྱི་མིག་ཁྲི་སྟོང་མང་པོས་ཚུར་་རང་གི་ལེགས་ཉེས་ལ་ལྟ་བ་ཡིན་སྟབས་གང་བྱུང་གི་སྐད་ཆ་བཤད་རྒྱུར་ཚོད་འཛིན་བྱེད་ཀྱི་ཡོད་གང་ཡིན་ཟེ་ན་དགྲ་དང་གཉན་ཚང་མར་གཟབས་དགོས་རྒྱུ་གལ་ཆེར་མཐོང་། འོན་ཀྱང་སྐབས་འདིར་ཕྲན་བུ་ཞིག་ཤ་ཚའི་ནད་ཀྱི་མི་བཟོད་པར་་བཤད་འདོད་པ་ནི་རང་གཞུང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ཞབས་སྤེན་པ་ཚེ་རིངས་ལགས་ཕྱག་ལས་ནས་གནས་དབྱུང་བཏང་བ་དེ་བློ་མི་བདེ་བ་ཞིག་ཡོང་གི་འདུག་གང་་ཡིན་ཟེ་ན་རང་གཞུང་ནས་གསལ་བཤད་ཐེངས་གཉིས་གནང་བའི་ནང་དོན་ལ་ལྟས་ན་ཕྲུ་གུར་གསལ་བཤད་བྱེད་པ་འདྲ་པོ་ལས་ལོ་མང་རིང་ཆེ་ཆུང་ལ་མ་ལྟོས་པར་རང་གཞུང་གི་ལས་ཁུང་འདྲ་མིན་ནང་ཕྱག་ལས་གནང་མྱོང་མཁན་དེ་ཡང་བྱས་རྗེས་ཆེ་རུང་ཆུང་རུང་ད་ལྟ་འཛམ་གླིང་ཐོག་བོད་ཅེས་པའི་མིང་དེ་གནད་འཐུབ་པ་མ་ཟད་བོད་མི་རིགས་དེ་ལ་ཁྱད་དུ་འཕགས་པའི་ཆོས་དང་རིག་གཞུང་ཕུན་སུམ་ཚོགས་པ་འགྲོ་བ་ཀུན་ལ་རིག་གནས་དེ་འདྲ་པོས་འཕན་ཐོག་འཐུབ་ཀྱི་ཡོད་པ་མངོན་པར་མཛད་མཁན་བླ་ན་མེད་པ་༧གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་མཁན་ཞིག་ལ་རྒྱུ་མཚན་དེ་ཙམ་མེད་པའི་ཐོག་ནས་གནད་དབྱུང་བཏང་བ་དེ་ནི་གལ་ཏེ་མིང་དོན་མཚུངས་པའི་རྩ་ཆེའི་སྲིད་སྐྱོང་ཞབས་འདེགས་དེའི་ཐོག་ནས་གནང་ན་སྒེར་འཁོན་ཕྱོགས་འཐེན་ལས་ཕྱི་ནང་བོད་རིགས་ཡོངས་ཀྱི་གཅིག་བསྒྲིལ་དང་མ་འོང་འཐབ་བརྩོད་རང་གཞུང་ལ་ཡིད་ཆེས་སོགས་གང་ཐད་ནས་མི་ལེགས་པར་བསམ། ཐོག་མར་བློ་སེང་སྲིད་སྐྱོང་འོས་མིར་འགྲོ་སྐབས་ནས་ཁོང་གིས་འུར་གཏམ་མང་པོ་བཤད་པའི་ཐོག་དེ་ཙམ་ཀྱི་ཁོང་གིཐོག་གཏིང་སྤོབས་མེད་པའི་ལོ་ཆུང་མང་པོས་ཁོང་ཨ་རིའི་སྙན་གྲགས་ཆེ་བའི་མཐོ་སློབ་ནས་དབྱིན་སྐད་ཐོག་སྦྱང་པའི་འབུམ་རམ་པའི་ཕྱག་འཁྱེར་འཐོབ་ཡོད་པའི་རྒྱུ་མཚན་ཙམ་ལས་ཁོང་སྲིད་སྐྱོངས་སུ་བཀོད། འོན་ཀྱང་ད་ལྟ་ང་ཚོར་འཛམ་གླིང་ཐོག་ནས་དོ་སྣང་དང་ཆ་འཇོག་ཞིག་སླེབས་ཀྱི་ཡོད་པ་ནི་བོད་པས་དབྱིན་ཅིའི་སྐད་ཤེས་པར་མ་ཡིན་པར་མི་རིགས་དེ་ལ་ཁྱད་དུ་འཕགས་པའི་ཆོས་དང་རིག་གཞུང་རིག་གཞུང་དེ་འཛིན་བསྐྱོང་གནང་མཁན་གྱི་དབུ་འཁྲིད་བཟང་པོ་༧ གོང་ས་མཆོག་དེ་ཡང་༧ གོང་ས་མཆོག་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཚང་མ་བོད་ཀྱི་སྐད་ཡིག་ཁོ་ནའི་ཐོག་ནས་ཡིན་པ་ལས་༦གོང་ས་མཆོག་གི་དབྱིན་སྐད་སྐྱོན་མཁྱེན་གྱི་བསམ་པའི་ཐོག་ནས་འཛམ་གླིང་མི་མང་གིས་དད་གུས་དང་ཆེ་མཐོང་འཐོབ་པ་མ་ཡིན་༧གོང་ས་མཆོག་གི་ཕྱག་ལེན་གནང་བཞིན་པ་ནི་ཆེས་སྟོབས་ཤུགས་དང་རྒྱུན་རིང་ནས་འགྲོ་བ་ཀུན་ལ་འཕན་པའི་བོད་ཀྱི་ནང་ཆོས་དང་བོད་ཀྱི་སྐད་ཡིག་དེ་ཡིན། དེར་སྟན་སྐུ་ཞབས་བློ་སེང་གི་དབྱིན་སྐད་ཐོག་ནས་སྦྱང་པའི་འཁྲིམས་བརྩོད་པར་ང་རང་དེ་ཙམ་གྱི་ཧང་མི་སང་རྩ་བའི་འཁྲིམས་པའི་སློབ་སྦྱོང་ནི་ཧམ་པ་བཤད་ཏང་སྦྱང་ནས་རང་ངོས་སུ་བདེན་པ་ཡོད་རུང་མེད་རུང་རྒྱལ་ཁ་འཐོབ་པ་བཟོ་རྒྱ་དེ་རེད་འོན་ཀྱ་གནད་སྐབས་ཀྱི་རྒྱལ་ཁ་ལས་ཕུག་ས་སུ་རང་དང་རང་གི་གྱོད་གཏོན་པ་གཉིས་ཀར་བདེ་བ་མི་འཐོབ་། རྩ་བའི་མི་དྲང་པོ་དང་ཡ་རབས་ལ་འཁྲིམས་བརྩོད་པ་ནམ་ཡང་དགོས་པ་མེད་མ་འོང་མི་ཀུན་གྱི་བོད་ཡིག་དང་ནང་ཆོས་སྦྱང་ནས་མི་ཚང་མ་དྲང་པོ་དང་ཡ་རབས་ཆགས་ན་འཁྲིམས་བརྩོད་པ་དགོས་དོན་མེད་འོན་ཀྱང་འཁྲིམས་བརྩོད་པར་དགོས་རྒྱ་ནི་མི་མ་རབས་དང་ཁྲམ་པ་གང་མང་དགོས་རྒྱ་དེ་རེད།

  13. རྣོ། says:
    2017-11-19 at 6:01 pm

    དངོས་གནས་ཀློག་རིན་ཡོད་པའི་རྩོམ་ཡིག་ཅིག་རེད་་་་་བཀའ་དྲིན་ཆེ་་་་་མུ་ནས་ཡིན་ད་་་

  14. Gangchab says:
    2017-11-19 at 7:30 pm

    རྣམ་པ་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ་དོན་གཅོད་ཡོངས་རྫོགས་ཕྱི་དྲིལ་དྲུང་ཆེ་མཆོག་གི་མངའ་འོག་ཏུ་ཡོད་པ་དང་། བླང་དོར་སྒྲིག་གཞི་ཟེར་དུས་གོང་རིམ་ནས་བཀོད་ཁྱབ་བཞིན་ལས་དོན་དུས་ཐོག་སྒྲུབ་དགོས་པ་དང་། གོང་རིམ་ནས་བཀའ་འཁྲོལ་མེད་པའི་རང་སྣང་གང་ཤར་གྱི་ལས་བྱེད་གསར་བསྐོ་དང་བསྐོ་བཞག་མི་ཆོག ལྷག་པར་དུ་འཛིན་སྐྱོང་དང་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བར་མཐུན་ལམ་དང་བརྩི་བཀུར་ཞུ་བ་འམ་ཡོད་དགོས། དེ་དག་གི་རིགས་ལས་འགལ་འཛོལ་བྱུང་ཚེ་ལེགས་སྤེལ་ཉེས་འགོག་ཡོང་སླད་ཁྱབ་ཁོང་སྡེ་ཚན་སོ་སོས་དོ་བདག་ལ་ཕྱག་བྲིས་དང་པོ་དང་གཉིས་པ་གནང་དགོས་པ་དང་། ད་དུང་ཡར་རྒྱས་ཀྱི་རྣམ་པ་མ་བྱུང་ཚེ་བླང་དོར་བཀོད་ཁྱབ་མཐའ་མ་དེའི་མཇུག་སྐྱོང་དགོས་ཀྱི་ཡོད་པ་དེའང་མཁྱེན་གསལ་བཞིན་དེ་དོན་དོན་གཅོད་འཕོ་འགྱུར་བཏང་བར་ཆ་རྐྱེན་ཆ་ཚང་གསལ་བཤད་དོན་ཚན་བཅུ་པོ་དེ་དག་ནང་འཛོམས་འདུག ལྷག་དོན་དུ་ཕྱི་དྲིལ་དྲུང་ཆེ་དང་འཛིན་སྐྱོང་བཀའ་ཤག་ལ་དགོངས་སྐོར་མ་ཞུས་པའི་ཐོག་ནས་རང་སྣང་གང་ཤར་གྱིས་དོན་གཅོད་ལས་བྱེད་བསྐོ་བཞག་བྱས་པ་དེ་ག་རང་གི་ཐོག་ནས་དོན་གཅོད་འཕོ་འགྱུར་བཏང་འཐུས་པ་དང་ཆོག་པ་ཞིག་རེད་འདུག་པ་ལགས་ན་མཁྱེན་པ་མཛོད། སླད་མ་ཕྱོགས་ལྷུང་གི་རིགས་དེ་དོར་ན་ལེགས།

  15. ཁ་ཕྱོགས་མེད། says:
    2017-11-19 at 10:47 pm

    སྤྱིར་དོན་གཅོད་འཕོ་འགྱུར་གཏོང་བའི་དབང་ཚད་དེ་བཀའ་ཤག་ལ་ཡོད་པ་སྨོས་མེད་རེད་་་་དེ་འདྲའི་དབང་ཚད་དེ་ཕྱོགས་ལྷུང་དང་སྒེར་དོན་ཁོ་ན་བསྒྲུབ་ཆེད་དུ་བཀོལ་ན་དབང་ཆ་བཀོལ་སྤྱོད་གཏོང་མཁན་དེ་ཁྲིམས་འགལ་དང་མི་རིགས་ནག་ཉེས་ཅན་ཞིག་གྱུར་ཡོད།
    དེས་ན་དོན་གཅོད་འཕོ་འགྱུར་བཏང་བ་དེ་ལས་དོན་མ་འགྲུབ་པའི་རེད་དང་ཡང་ན་སྲིང་སྐྱོང་སྒེར་གྱི་འཁོན་སེམས་དང་སྒེར་ཕན་བསྒྲུབ་བདེའི་ཕྱིར་རེད་བརྟག་གལ་ཆེ།
    ནག་ཉེས་བགྲང་རེས་བྱེད་ན་དོན་གཅོད་ལས་ཐོག་པའི་བསགས་པ་ལས་ཀྱང་བརྒྱ་འགྱུར་གྱི་ནག་ཉེས་དང་ལས་དོན་འཐུས་ཤོར་བོད་མིའི་ནང་ཁུལ་འགལ་ཟླ་་་་གཞུང་དང་མི་དམངས་བར་གྱི་ཡིད་ཆེས་བརླག་པ་སོགས་ཀྱིས་མཚོན་པའི་ནག་ཤེས་ལོ་རྒྱུས་ཐོག་འདག་ཐབས་མེད་པ་སོགས་བགྲངས་ཀྱི་མི་ལོངས་པ་ཞིག་སྲིད་སྐྱོང་མཆོག་གི་རིང་བསགས་ཡོད། དེ་དག་རེ་རེ་བཞིན་དབྱེ་ཞིབ་དང་བཅས་རྗེས་སུ་དེ་དག་དེབ་གཟུགས་སུ་ཕབས་ན་དགེ་མཚན་ཆེ། མ་འོངས་བོད་ཀྱི་ཆེད་དུ་་་་

  16. དགེ་འདུན་རྒྱ་མཚོ། says:
    2017-11-19 at 11:01 pm

    ཕྱིའི་དོན་གཅོད་དག་༧གོང་ས་མཆོག་གི་མཚན་ཐོག་ནས་འཇོག་ན་མ་གཏོགས་བོད་གཞུང་གི་མིང་ཐོག་ནས་བཞག་ན་ངོས་ལེན་བྱེད་དཀའ་བར་གཟིགས་ནས་དོན་གཅོག་སྐོ་བཞག་གནང་པ་དེ་དག་སྐུ་སྒེར་ཡིག་ཚང་དང་བཀའ་ཤག་གཉིས་གོ་བསྡུར་ཐོག་འཇོག་གི་ཡོད་རེད། 

  17. ཀརྡོ་རབ་འབྱམས་པ་ says:
    2017-11-20 at 12:31 am

    ད་གཞི་ནས་ག་རེ་ཧ་སོང་ཟེར་ན།
    ་
    ས་ཡ་གཅིག་དང་ཕྱེད་ཀ །
    སུས་ཀྱང་ལྐོལ་རུལ་མ་བྱས། །
    འོནད་ཀྱང་གཡར་དངུལ་ཞལ་འདེབས། །
    བསྒྱུར་རྒྱུར་སྤེན་ཚེས་མ་འཇོན། །

    བློ་སེང་བཀའ་ཤག་ཁྲོས་ནས། །
    ཉེས་མེད་ཉེས་འཛུགས་གནས་དབྱུང་། །
    སྤེན་ཚེ་དྲང་དྲགས་དད་ཆེས། །
    དོན་གཅོད་ལས་ཡུན་འཕྲོག་འདུག
    ་
    ཁ་རྡའི་དྲ་གྲོགས་ཚོས་མཁྱེན་དགོས།

  18. ཀརྡོ་རབ་འབྱམས་པ་ says:
    2017-11-20 at 12:32 am

    བོད་སྐད་སྡེ་ཚན། | གསར་འགྱུར།
    བཀའ་ཤག་གི་ཐག་གཅོད་ལ་སྤྱི་ཚོགས་ནང་གླེང་སློང་འདྲ་མིན་ཡོང་བཞིན་འདུག
    http://www.rfa.org/tibetan/sargyur/different-public-views-on-kashag-decision-about-representative-penpa-tsering-11172017135728.html

  19. ཨ་འབར་འཇིགས་དབང། says:
    2017-11-21 at 10:58 pm

    ༄༅། བཀའ་ཤག་ནས་གསལ་བཤད་ཁ་གསལ་ནང་གསལ་གནང་དགོས་སྐོར་འུར་གཏམ་
    དགའ་བཤད་པ་བཞིན་བཀའ་ཤག་ངོས་ནས་་་ཁ་གསལ་ནང་གསལ་འགྲེལ་བཤད་བསྐྱོན་སོང།
    ད་ར་འཕག་ནས་ཀ་བ་འགྱེལ་ཡ་ཅང་ཡོད་ས་མ་རེད་ཨ་རོ།

  20. ཨ་འབར་འཇིགས་དབང། says:
    2017-11-21 at 11:23 pm

    ༄༅། བཤད་དགོས་བཤད་དགོས་གསལ་བཤད་།
    བཀའ་ཤག་མཆོག་ལ་ཞུས་སོང།
    ཁ་གསལ་གཏིང་གསལ་གསལ་བཤད།་ བཀའ་ཤག་ལྷན་ནས་གནང་སོང།
    འཁྲབ་རྒྱུ་སྟོན་རྒྱུ་ཡོད་ན་། ཕྱི་ལ་ཐོན་ནས་བཤད་དགོས།
    དེ་མིན་ཀླད་སྟོང་འཆལ་གཏམ། བཤད་དང་མ་བཤད་མི་འདུག།

  21. གངས་གཞོན། says:
    2017-11-21 at 11:36 pm

    ༼ཕལ་ཆེར་མང་ཚོགས་ལ་འཁྲུག་ཆེན་པོ་ཞིག་ཐེབས་སུ་འཇུག་རྒྱུ་
    བཀའ་ཤག་གི་ཕུགས་ཀྱི་དམིགས་ཡུལ་ཡིན་པ་འདྲ།
    ཡང་ན། ཆེད་དུ་དམིགས་ནས་རྒྱ་ཆེའི་མི་མང་ལ་
    མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱི་ཡོད་པ་འདྲ།༽

    ཟེར་བ་དེ་ཧ་ཅང་ཐལ་ཆ་ཆེ་བའི་བཀའ་མོལ་རེད།

  22. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-11-21 at 11:41 pm

    ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་གནས་ཚུལ་ཆུང་ཆུང་ལ་ངོས་འཛིན་གནང་མི་ཐུབ་པ་ནི་ཨ་རིའི་ཁྲིམས་ལ་ང་ཚོའི་ཁྲིམས་འགལ་ནམ་ཡང་བཟོ་མི་ཐུབ་ན་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་ཚར་བ་རེད་ད་ཨ་རི་དོན་གཅོད་དང་ཨ་རི་བོད་ཀྱི་ཐེབ་རྩ་ནས་གསལ་བཤད་ལ་སྒུག་ནས་བསྡད་ཡོད་འབྲེལ་ཡོད་གསུམ་གྱི་གསལ་བཤད་ཐོག་རྩིས་ཞིབ་ལས་ཁུང་དང་སྤྱི་འཐུས་གྲོས་ཚོགས་ནས་བཙན་བྱོལ་བོད་མིའི་སྔོན་རྩིས་གཏན་འབེབས་དང་དངུལ་རྩིས་གཏོང་ལེན་གྱི་སྒྲིག་གཞི་དང་ཕྱོགས་མཐུན་བྱུང་ཡོད་མེད་ཐོག་གསལ་བཤད་ཕེབས་དགོས་པ་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཕྱི་གསལ་ནང་གསལ་ཟེར་བའི་ཐ་སྙད་གལ་ཆེན་ཞིག་མ་རེད་དམ་།

  23. བློ་བཟང་། says:
    2017-11-22 at 2:19 am

    སྔོན་མ་འ་སྒོར་འབུམ་གསུམ་གྱིས་ཁང་པ་ཉོས་རེད་ཟེར། ད་སྐབས་འ་སྒོར་འབུམ་བཅོ་ལྔའི་ག་རེད་ཉོ་ཡ་ཡིན་ནམ།

  24. བསྟན་འཛིན་འཇམ་དབྱངས། says:
    2017-11-25 at 5:29 am

    སྒྲ་དགའ་གཉེན་སྡུག་ཆེད་དུ་སྤྱི་ཚོགས་དཀྲུགས་པ་རེད་་་ད་རྫུན་མ་དང་དྲང་བདེན་གཉིས་བསྡུར་གྱི་རེད་་་་ད་ལོ་བཀའ་ཤག་གི་སྤྱི་ཚོགས་དངོས་ནས་ཐིག་པ་དཀྲུག་དཀྲུག་བྱས་སོང་ཡ་་་་་་

  25. Abhar Jigwang says:
    2017-12-02 at 10:29 pm

    ༄༅། གནས་དབྱུང་འཕོ་འགྱུར་མ་ཤེས།
    དེ་འདྲའི་ཀླད་སྟོང་གང་རེད།
    ཤེས་ཡོན་རིག་གནས་མེད་པ།
    ད་བར་གང་དུ་བསྡད་ཡིན།
    ངོ་ནི་ངོ་ཡང་ཚ་ལ།
    འདི་འདྲ་དྲ་རྒྱའི་ནང་ལ།
    མ་ཡོང་གཞན་ལ་ངོ་ཚ།
    མ་ཤེས་ཤེས་མདོག་མ་སྟོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme