Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་རབས་བདུན་ཅུ་བའི་དཔེ་ཆ་ཞིག་གི་དཔེ་ཀློག་ཟིན་ཐོ་ཕྱི་མ།

Posted on 2017-11-132017-11-13 By ཁ་བརྡ 3 Comments on ལོ་རབས་བདུན་ཅུ་བའི་དཔེ་ཆ་ཞིག་གི་དཔེ་ཀློག་ཟིན་ཐོ་ཕྱི་མ།

རོང་བོ་གངས་དཀར་གྱིས།

མདང་དགོང་བཙན་པོ་དྲ་བ་རུ《ས་ཁྱི་ལོའི་ལུགས་སྒྱུར་ཞེས་པའི་དཔེ་ཀློག་གི་ཟིན་ཐོ》དེ་བཀོད་རྗེས་ང་ནི་གཉིད་སྟུག་པོའི་ཞིང་ཁམས་ལ་ཕེབས་པ་ཡིན། ད་ནངས་སད་མ་ཐག་ལོབས་ཕྱོགས་ཀྱི་ཁ་པར་ལག་ཏུ་འཆང་དུས། གྲོགས་པོ་ངོ་ཤེས་མིན་མང་པོ་ཞིག་གིས་སྐད་བཞག་འདུག་ལ།ཡིད་ཚོད་བྱེད་ཐུབ་པའི་ལེགས་སོ་དང་ཡག་པོ་ཟེར་མཁན་ཚོ་ཕེབས་འདུག་པ་ལས་གཞན། མི་མཐུན་པ་དང་བསམ་ཚུལ་འདོན་མཁན་ཡང་མང་པོ་སླེབས་འདུག ཁོ་ཚོས“ས་ཁྱི་ལོའི་སྐྱེས་ཆེན་དྲུག་གི་གྲས་སུ་ཁྱོད་ཀྱི་མི་སྣ་གཙོ་བོ་ཁང་ཡིའུ་ཝེ་མེད་དོན་ཅི་ཡིན། ལང་ཆི་ཁྲོ་མེད་དོན་ཅི་ཡིན། ཅེས་དང་། གཞུག་ནས་གོང་མ་ཀོང་ཞི་ཅི་བྱས་སོང་། ཞེས་དང་། ཁྱེད་ཀྱི་རྩོམ་ལ་རྔ་མ་མི་འདུག”སོགས་མང་པོ་སྨྲས་འདུག

སྤྱིར་ན་ཁོང་ཚོ་ལ་དགོངས་དག་ཞུ་འོས་ཏེ། ཁ་སང་ངས་སྣང་མེད་ངང་བྲིས་ནས་ཤོག་གྲངས་བཅུ་བ་ལ་སླེབས་དུས་གཞི་ནས་བཤད་འདོད་པའི་སྐད་ཆའི་སྐེད་པ་ལ་མ་གཏོགས་ཐོན་མི་འདུག་པ་ཤེས་པས་འཚབ་པར་གྱུར་ལ། དཔེ་ཆ་ཤོག་གྲངས་བརྒྱ་དང་ལྔ་བཅུ་ཅན་ཞིག་ལ་དཔེ་ཀློག་ཟིན་ཐོ་ཤོག་གྲངས་བཅོ་ལྔ་ཉི་ཤུ་བྲིས་ན་མང་སྐྱོན་དུ་འགྲོ་བར་བསམ་ནས་མྱུར་ཏུ་རྟ་ཁ་བསྒགས་པ་ཡིན། དེའི་འབྲས་བུར་དེ་རང་གི་ཀློག་པ་པོའི་མི་ཚིམ་པའི་སྐད་ཆ་འདི་དག་བྱུང་སོང་ལ། དེ་བས་ཅུང་འགྲིག་མི་འགྲིག་སྙམ་ནས་སླར་ཡང་ཁ་སྣོན་ཞིག་འབྲི་རྒྱུའི་ཐད་ལ་བསམ་བློ་འཁོར་བ་ཡིན།

ངས་བརྗོད་གཞི་འདི་ལྟ་བུ་ཞིག་གི་ཐོག་ནས་སྐད་ཆ་ཚོས་མ་རློན་འདྲ་བ་ཞིག་བཤད་པའི་དགོས་པ་ནི་རྒྱ་ནག་གི་ལོ་རྒྱུས་ཤིག་གཙོ་བོར་བཤད་འདོད་མིན་པ་བཤད་ཟིན་ལ། བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་སམ་རྒྱལ་པོའི་ལམ་ལུགས་ནས་མང་གཙོའི་ལམ་ལུགས་ལ་གོམ་པ་ཡང་མོ་ཞིག་སྤོ་བའི་བར་གྱི་འགལ་འཛོལ་ཕྲན་ཚེགས་ཤིག་གམ་ཕམ་ཁ་ཐུང་ཐུང་ཞིག་བརྒྱུད་ནས་ཁ་ནང་དུ་བལྟས་ནས་སཱ་ལའི་སྨན་ལྗོངས་ཀྱི་ལོ་རྒྱུས་སམ་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་ལ་སྡུར་བ་ཙམ་བྱ་འདོད་ལ། ཡང་གཅིག་བཤད་ན་སྐད་ཆ་འདི་ནི་ལྷག་མ་ཡིན་སྲིད་ལ། ནང་གྲོགས་སམ་རིག་རྒོད་ཚོས་ངའི་ཁ་གདངས་ན་ཁོག་གི་རྒྱུ་མ་ཡང་རིག་ཡོད་པའི་ཡིད་ཆེས་ཆེ།

སྐབས་འདིར་རྒྱལ་ཡོངས་ཀྱི་རྒྱལ་འབངས་རྣམས་ལ་འཇིག་ཉེན་གྱི་ཚོར་བ་ཞིག་ཐུན་མོང་དུ་ཡོད་འདུག་ལ། ཆིན་སྲིད་གཞུང་གི་ཨ་ཟད་ཨུ་ཐུག་གི་ལས་ཀ་རབ་དང་རིམ་པ་ཡང་བྱས་ཚོད་འདུག ཡིན་ནའང་། ཁོ་ཚོ་ཐུན་མོང་ལ་བསམ་བྱ་གཅིག་ཡོད་པ་ནི་རྒྱལ་ཁབ་སྐྱོབ་རྒྱུ་དེ་རེད་འདུག་ལ། ཁོ་ཚོའི་ཆབ་སྲིད་ཀྱི་ཁ་གཡང་ནི“རྒྱལ་ཁབ་སྐྱོབ་དགོས་ན་ལུགས་སྒྱུར་བྱ་དགོས་པ་དང་། ལུགས་སྒྱུར་བྱ་དགོས་ནས་ཕྱི་རྒྱལ་ལ་སློབ་སྦྱོང་བྱེད་དགོས་པ”དང་། “ལུགས་སྒྱུར་བྱས་ནས་གནམ་འོག་འདུལ་ཐུབ།”  ཡང་ལྡོག་ཕྱོགས་ནས“རྒྱལ་ཁབ་ཉམས་དགོས་ཀྱང་། ལུགས་སྒྱུར་བྱ་རྒྱུ་མིན”སོགས་ཀྱང་ཡོད་པ་རེད། གནད་འགག་གི་དུས་སུ་སྐད་ཆ་དང་བསམ་ཚུལ་མི་མཐུན་པ་འབུད་པ་ནི་ཉམ་ཆུང་བའི་སྤྱི་ཚོགས་ཤིག་ལ་མཚོན་ན་ཧ་ཅང་ཉེན་ཁ་ལྡན་པའི་བྱ་བ་ཞིག་ཡིན་མོད། རང་ཁེ་དང་རང་གི་རྩ་འཛུགས་ཀྱི་མ་འོངས་པར་བསམ་ན་རང་གི་སྐད་ཆ་རང་གིས་བཤད་དགོས་པ་དེ་ཡང་ཁོ་ཚོའི་ངོས་ནས་བདེན་པ་རླབས་ཆེན་ཞིག་རེད། གང་ལྟར་འདི་དག་ནི་ཆིན་སྲིད་གཞུང་གི་ནུས་མེད་དང་ཤེས་མེད་ཀྱིས་བསྐྱེད་པའི་འབྲས་བུ་ཡིན་པ་མངོན་གསལ་རེད།

དཔེ་ཆ་འདིའི་དངོས་བསྟན་དུ་ཁང་ཡིའུ་ཝེ་ནི་རྒྱལ་པོའི་ལམ་ལུགས་ལ་དགའ་ཞིང་ཕུགས་མི་བརྟན་པ་དང་གནད་ལ་ཐུག་དུས་བྱོལ་འགྲོ་བ་ཞིག་ཏུ་འབྲི་བཞེངས་བྱས་འདུག་ཅིང་། ཐ་ན་དཔེ་ཆ་འདིའི་མཇུག་ནི“དེའི་རྗེས་སུ། འབྱོར་ལྡན་གྲལ་རིམ་ལེགས་བཅོས་ཕྱོགས་ཁག་གི་མགོ་བ་ཁང་ཡིའུ་ཝེ་དང་ལིང་ཆི་ཁྲོ་གཉིས་ཀས་མུ་མཐུད་དུ་གོང་མ་རྒྱལ་པོ་སྐྱོབ་པ་རྒྱུན་འཁྱོངས་དང་། གསར་བརྗེ་ལ་ངོ་རྒོལ་སྨྱོན་པ་ལྟར་བྱས་སྟབས། རྩ་བ་ནས་གསར་བརྗེ་ལ་ངོ་རྒོལ་བྱེད་མཁན་ཞིག་ཏུ་གྱུར་བ་རེད”ཅེས་གསར་བརྗེ་ལ་ངོ་རྒོལ་བྱེད་མཁན་གྱི་མི་ཞིག་ཡིན་པར་ཐག་བཅད་ནས་མཇུག་སྒྲིལ་ཡོད་པ་རེད། དེའི་གནད་འགག་ཀྱང་གོང་མ་ཀོང་ཞི་དང་ཆིན་སྲིད་གཞུང་ནི་ཁོ་ཚོ་དང་མི་རིགས་མི་གཅིག་པའི་མན་ཛུའི་རིགས་ཡིན་པས་རེད་སྙམ་ལ། གོང་མའམ་རྒྱལ་པོའི་ལམ་ལུགས་ལ་རྒྱབ་སྐྱོར་བྱས་པས་ཁོ་ནི་གསར་བརྗེ་བ་དག་གི་མིག་ནང་དུ་མི་རིགས་ཀྱི་གཏེ་བོར་གྱུར་པ་རེད་སྙམ་མོ།།

དཔེ་ཆ་འདི་དང་ཁང་ཡིའུ་ཝེ་ཡི་ཞུ་ཡིག་དག་དལ་བུར་ཀློག་དུས། ཁང་ཡིའུ་ཝེ་ཡི་ལུགས་སྒྱུར་བསམ་བློ་དེ་ནི་རྒྱལ་ཁབ་སྐྱོབ་པའི་ཇུས་ཆེན་དང་། རང་ཅག་ལ་རྒྱུས་ཡོད་པའི་དབུ་མའི་ལམ་ལྟ་བུ་ཞིག་རེད་འདུག གལ་ཏེ་ལུགས་སྒྱུར་གྱི་ཇུས་དེ་ལེགས་འགྲུབ་བྱུང་ཚེ། རྒྱལ་ཁབ་སྐྱོབ་ཐུབ་ལ། རྒྱལ་པོའི་ལམ་ལུགས་ཀྱང་གནས་ཆོག་ཅིང་། སྐབས་དེར་སྐོམ་པ་ཆུ་འདོད་ལྟར་བྱེད་པའི་ནུབ་ཕྱོགས་ཀྱི་དཔལ་འབྱོར་དང་ལག་རྩལ། ཆབ་སྲིད་སོགས་ཀྱང་ལྷོད་པོར་གནས་ཆོག་སྙམ། དེ་ལས་ཀྱང་ཁང་ཡིའུ་ཝེ་ཡིས་དོ་སྣང་བྱེད་ས་ཆེ་ཤོས་ནི་མང་ཚོགས་དང་སྲིད་གཞུང་བར་ནས་མཚོན་གྱི་འཁོར་ལོ་བསྐོར་ནས་ཁྲག་གི་རྒྱ་མཚོ་བསྐྱིལ་མི་དགོས་པ་དེ་རེད། གཞུང་དམངས་མཐུན་ཚེ་རྒྱལ་ཁབ་ཀྱི་སྟོབས་ཤུགས་རྒྱས་པ་ཡིན་ལ། རྒྱལ་ཁབ་ལ་སྟོབས་ཤུགས་རྒྱས་ཚེ་ཕྱིའི་བཙན་འཛུལ་བར་སྐྲག་དོན་ཅི་ཞིག་ཡོད། ཐབས་ཚུལ་འདི་ནི་བོད་ཀྱི་རིགས་ལམ་ལ་བྱང་བའི་གྲྭ་བ་ཞིག་གིས་ཆབ་སྲིད་ལ་བསམ་བློ་གཏོང་སྟངས་དང་འདྲ་བོ་ཡོད་པ་རེད་ལ། ཆབ་སྲིད་ནི་ཁེ་ཕན་གྱི་ཆེད་དུ་སྨྱོ་བཞིན་པ་ཞིག་ལགས་པས་སྤྱི་སེམས་དང་གཞན་ཕན་ནི་གང་གི་གང་ཞིག་རེད་དམ།

རེད། གཤམ་ནས་ཉིན་བརྒྱ་དང་གསུམ་གྱི་རིང་ལ་སྤེལ་བའི་ས་ཁྱི་ལོའི་ལུགས་སྒྱུར་གྱི་དགོངས་དོན་ངོ་མ་དེ་ཅི་ལྟ་བུ་ཡིན་སྙམ་མཁན་ཚོར་ལེགས་སྐྱེས་ཤིག་གཏགས་པར་བྱ་ལ། འདི་ནི་ལུགས་སྒྱུར་དེའི་སྙིང་བོ་དང་མདོ་དོན་ལྟ་བུ་ཡིན་པས། འདི་ཤེས་པ་གལ་ཆེ་སྟེ། དེབ་འདི་དཔེ་རྒྱུན་དཀོན་ཙང་འདི་རུ་གཏགས་ན་འདིའི་སྐོར་ཤེས་འདོད་ཆེ་བ་དག་ལ་ཕན་པའི་རྒྱུ་རུ་འགྱུར་ཡང་སྲིད།

“
དང་པོ་ནི། ཡན་ལག་བརྒྱད་ལྡན་གྱི་རྩོམ་ཚུལ་མེད་པར་བཏང་ནས། ཁོ་ཅུས་ལམ་ལུགས་བསྒྱུར་བཅོས་བྱེད་པ། རྒྱལ་ཁབ་ཀྱི་རྒྱུགས་སྤྲོད་པ་དང་། ཞིང་ཆེན་རིམ་པའི་རྒྱུགས་སྤྲོད་པ། ཧྥུ་དང་ཞག་རིམ་པའི་རྒྱུགས་སྤྲོད(ཞུག་ཚེ་ལ་རྒྱུགས་སྤྲོད་པ)པ་ཐམས་ཅད་ལ་སྔར་ཡན་ལག་བརྒྱད་ལྡན་གྱི་རྩོམ་ཚུལ་བཀོལ་བཞིན་ཡོད་པ་ཚང་མ་ཐབས་ཇུས་དང་གཏམ་གླེང་རྒྱུགས་སྤྲོད་དུ་བསྒྱུར་དགོས་པ་དང་། རིམ་པ་སོ་སོའི་རྒྱུགས་སྤྲོད་ཚུལ་ནི་ཐབས་ཇུས་དང་གཏམ་གླེང་། སྐབས་དོན། དཔེ་བཞི་གཞུང་ལྔ་བཅས་ཁག་གསུམ་ཡིན་པ་ཐག་བཅད། ཕྱིན་ཆད་རྒྱུགས་ལེན་པའི་སྐབས་སུ། ཚང་མར་དངོས་སློབ་བྱེད་རྒྱུ་གཙོ་བོ་བྱེད་པ་ལས། ཡིག་གཟུགས་ཀྱི་བཟང་ངན་ཙམ་ལ་བལྟས་ནས་བླངས་དོར་གྱི་ཚད་གཞི་བྱེད་མི་རུང་། རྒྱུགས་སྤྲོད་ཚུལ་གཏན་ཁེལ་བྱས་རྗེས། ཡོན་ཏན་གཉེར་བའི་དཔལ་འབྱོར་ཚན་ཁག་ཁྱད་པར་ཅན་གྱི་རྒྱུགས་ལེན་ས་བཙུགས་ནས། སྲིད་སྲོལ་གསར་པའི་མི་སྣ་ཡོན་ཏན་པ་གདམ་གསེས་བྱས་ནས་ཡར་འཐེན་བྱེད་པ་བཅས་རེད། 

གཉིས་པ་ནི། སློབ་གྲྭ་བཙུགས་ནས་ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པ། པེ་ཅིན་དགེ་རྒན་སློབ་གྲྭ་ཆེན་མོ(པེ་ཅིན་སློབ་ཆེན་གྱི་གཞི་རྩ་ཡིན)གསར་དུ་བཙུགས་ནས། སྔར་བཙུགས་ཡོད་པའི་དཔེ་སློབ་ཅུའུ་དང་དཔེ་སྒྱུར་ཅུའུ་བཅས་སློབ་གྲྭ་ཆེན་མོར་བསྲེ་དགོས་པ་དང་། སྔར་ཡོད་པའི་དཔེ་སློབ་ཁང་ཆེ་ཆུང་ཚང་མ་ཀྲུང་གོའི་རིག་གཞུང་སློབ་ཅིང་ནུབ་ཕྱོགས་པའི་རིག་གཞུང་ཡང་སློབ་པའི་གཅིག་ལྕོགས་སློབ་གྲྭར་བསྒྱུར་དགོས་པ། ཞིང་ཆེན་གནས་སའི་དཔེ་སློབ་ཁང་ཚང་མ་མཐོ་རིམ་སློབ་གྲྭར་བསྒྱུར་དགོས་པ། ཧྥུ་གནས་སའི་དཔེ་སློབ་ཁང་རྣམས་འབྲིང་རིམ་སློབ་གྲྭར་བསྒྱུར་བ་དང་། ཀྲིག་ཞན་གྱི་དཔེ་སློབ་ཁང་རྣམས་སློབ་གྲྭ་ཆུང་བར་བསྒྱུར་དགོས་པ། དམངས་ཁྲོད་ཀྱི་ལྷ་ཁང་སྒྱུར་མི་ཆོག་པར་ཐག་བཅད་ཡོད་པ་ལས་གཞན་པ་ཚང་མ་སློབ་གྲྭར་བསྒྱུར་དགོས་པ། ད་དུང་ལྕགས་ལམ་དང་གཏེར་ཁ། ཞིང་ལས། ཇ་ལས། སྨན་རིག་སོགས་ཆེད་གཉེར་སློབ་གྲྭ་འཛུགས་རྒྱུར་གྲ་སྒྲིག་བྱེད་དགོས་པའི་བཀའ་བབས་པ་བཅས་རེད།

གསུམ་པ་ནི། ཕྱི་རྒྱལ་ལ་མི་མངགས་ནས་ཡུལ་བསྐོར་སློབ་སྦྱོང་དང་། ཡུལ་བསྐོར་བྱེད་པ། ཝང་ཀུང་དང་སྐུ་དྲག་ནང་གི་སྐབས་དོན་ལ་ཡིད་འཇོག་བྱེད་མཁན་དང་། ཡར་ཐོན་གྱི་བསམ་པ་ཡོད་པ་རྣམས་ཁག་བགོས་ནས་ཕྱི་རྒྱལ་དུ་ཡུལ་བསྐོར་བྱེད་དུ་བཅུག་སྟེ་མཐོང་རྒྱ་ཇེ་ཆེར་གཏོང་ཞིང་། ཞིང་ཆེན་སོ་སོས་སློབ་མ་འདེམས་སྒྲིག་བྱས་ནས་རི་པིན་གྱི་སློབ་གྲྭ་ཆེན་མོ་དང་། སློབ་གྲྭ་འབྲིང་བ་དང་གཏེར་ལས་སློབ་གྲྭ་བཅས་ལ་སློབ་སྦྱོང་བྱེད་པར་མངགས་རྒྱུ་བཅས་རེད།

བཞི་པ་ནི། གཞུང་གསར་བ་བརྩམས་པ་དང་། གསར་གཏོད་བྱས་པ་ལ་བྱ་དགའ་གནང་བ། ཞིང་ཆེན་སོ་སོའི་དཔོན་འབངས་ནང་ནས་དཔེ་ཆ་གསར་པ་བརྩམས་པ་བཅས་དང་། ཐབས་བཀོད་གསར་པ་བསྐྲུན་པ།  ཡོ་བྱད་གསར་པ་བསྐྲུན་ནས་བཀོལ་ཆོག་པ་ཚང་མར་བྱ་དགའ་སྟེར་བའམ་ཡང་ན་རང་ནུས་ལྟར་དངོས་ཡོད་གོ་གནས་སྤྲད་དགོས་པ་དང་།  གསར་བཟོས་ཡོ་བྱད་ཐམས་ཅད། ཐག་བཅད་པའི་ལོ་ཚད་ཀྱི་ནང་དུ། རང་ཉིད་ཀྱིས་ཕན་ཁེ་གཉེར་ནས་ཉོ་ཚོང་བྱེད་ཆོག་པ་བཅས་རེད། 

ལྔ་བ་ནི། ཚགས་པར་དང་དུས་དེབ་གསར་དུ་བསྐྲུན་པ་ལ་བྱ་དགའ་སྟེར་བ་དང་། ཞུ་ཡིག་ཕུལ་ནས་གྲོས་གཞི་འདོན་པ་དར་སྤེལ་བྱེད་པ།  ཧྲང་ཧེ་སོགས་ས་གནས་ནས་བསྐྲུན་པའི་ཚགས་པར་ནང་གི་སྐབས་དོན་གྱི་ནང་དོན་རྣམས་དུས་ལྟར་བསྐྱལ་ནས་གོང་མ་རྒྱལ་པོར་འབུལ་དགོས་པ།  ཚགས་པར་སོ་སོའི་སྒྲིག་སྲོལ་ལ།  མཐོང་ཐོས་ཤེས་རྒྱ་མང་དུ་སྣོན་པ་དང་རྒྱལ་ཁབ་ཕྱི་ནང་གི་སྐབས་དོན་གནས་ཚུལ་དངོས་ལྟར་གླེང་མོལ་བྱས་ཆོག་པ་ལས་བསམ་བཞིན་གབ་སྦས་བྱེད་མི་དགོས་པ།  པེ་ཅིན་དུ་ཚགས་པར་ཁང་འཛུགས་རྒྱུར་ཆོག་མཆན་བཀོད་པ། དཔོན་འབངས་ཚོས་སྙན་ཞུ་བྲིས་ནས་བསམ་འཆར་བཤད་པ་ལ་དཔོན་རིགས་ཚོས་ཁ་གཡར་ནས་བཀག་འགོག་བྱེད་པ་ནན་འགོག་བྱེད་དགོས་པ་བཅས་རེད། 

དྲུག་པ་ནི་ཞིང་བཟོ་ཚོང་ལས་རིགས་ལ་སྲུང་སྐྱོབ་དང་གཟེངས་བསྟོད་བྱེད་རྒྱུ། པེ་ཅིན་དུ་ཞིང་བཟོ་ཚོང་གི་སྤྱི་ཁྱབ་ལས་ཁུངས་འཛུགས་རྒྱུ་དང་།  ཞིང་ཆེན་སོ་སོར་ཞིང་བཟོ་ཚོང་གི་ཡན་ལག་ལས་ཁུངས་འཛུགས་རྒྱུ། ཞིང་ཆེན་སོ་སོར་འདེབས་རུང་བའི་ས་ཞིང་ནང་ན་སྟོབས་ཤུགས་མ་འདང་བར་བཞག་ཡོད་པ་ཅུང་ཟད་མང་སྟབས། ཀྲུང་གོ་དང་ནུབ་ཕྱོགས་ཀྱི་བྱ་ཐབས་གཉིས་བཀོལ་ནས་ས་རྒོད་སློག་པ་ལ་ནན་ཏན་བྱེད་དགོས་པ། ཙུང་ལི་ཡ་མོན་ལས་ཁུངས་ཀྱིས་འབྲེལ་ཡོད་བཟོ་སྐྲུན་ལ་གཟེངས་བསྟོད་བྱེད་རྒྱུའི་སྒྲིག་ཡིག་འགོད་དགོས་པ།  ཧྲང་ཧེ་དང་ཧན་ཁུའུ་སོགས་གྲོང་ཁྱེར་ཆེན་པོ་རྣམས་སུ་ཚོང་སློབ་དང་ཚོང་ལས་ཚགས་པར། ཚོང་ལས་ཚོགས་པ་སོགས་ཀྱི་རྩ་འཛུགས་སྣ་ཚོགས་འཛུགས་པ་དང་། རིམ་གྱིས་དར་སྤེལ་བྱེད་དགོས། ཇ་དང་སྲིན་སྐུད་རིགས་རྣམས་ནི་ཕྱི་རྒྱལ་ལ་བཙོང་རྒྱུའི་དངོས་རྫས་འབོར་ཆེན་ཡིན་པས་སོ་སོའི་ཀུང་ཟི་འཛུགས་པ་དང་།  ཕྱི་རྒྱལ་གྱི་བཟོ་སྐྲུན་བྱེད་ཐབས་ལྟར་བྱས་ན་བཙོང་ཐུབ་པར་ཕན་པ་ཡོད་པ་བཅས་རེད།

བདུན་པ་ནི།  ལྕགས་ལམ་བཟོ་སྐྲུན་དང་གཏེར་ཁ་རྐོ་འདོན་བྱེད་པ། ལུའུ་ཧན་ལྕགས་ལམ་ནི་ཧ་ཅང་གལ་ཆེ་བས་མྱུར་དུ་ལས་འགོ་རྩོམ་འོས་པ་དང་། ཡོ་ཧན་དང་། ཧུ་ཉིན་ལྕགས་ལམ་སོ་སོར་མགྱོགས་མྱུར་དུ་ལས་འགོ་བརྩམ་དགོས་པ།  ལྕགས་ལམ་དང་གཏེར་ཁའི་ལས་ཀ་མང་ཞིང་ལྕི་བས།  པེ་ཅིན་མཁར་ནས་ལྕགས་ལམ་དང་གཏེར་ལས་ཀྱི་སྤྱི་ཁྱབ་ལས་ཁུངས་བཙུགས་ཏེ་ཞིང་ཆེན་སོ་སོའི་གཏེར་ཁ་རྐོ་བ་དང་ལྕགས་ལམ་བཟོ་བའི་བྱ་བ་ཚང་མ་སྤྱི་ཁྱབ་ལས་ཁུངས་ནས་གཅིག་བསྡུས་ཀྱིས་བདག་གཉེར་བྱེད་པ་བཅས་རེད། 

བརྒྱད་པ་ནི། ཁྱབ་གདལ་དུ་འཕྲིན་སྲིད་བཙུགས་ནས་ཁལ་རྟའི་ས་ཚིགས་ཇེ་ཉུང་དང་མི་དགོས་པ་བྱེད་རྒྱུ།  པེ་ཅིན་མཁར་དང་ཚོང་ལམ་གྱི་འགག་སྒོ་སོ་སོར་འཕྲིན་སྲིད་ཅུའུ་འཛུགས་པ་དང་།  ཀྲིག་དང་ཞན་སོ་སོ་ཚང་མར་ཡང་འཛུགས་དགོས་ཤིང་། འཕྲིན་སྲིད་ཅུའུ་བཙུགས་རྗེས་སུ་སྔར་བཙུགས་ཡོད་པའི་ཁལ་རྟའི་ས་ཚིགས་རྣམས་ཙུང་ལི་ཡ་མོན་ལས་ཁུངས་དང་དམག་གི་ལས་ཁུངས་གཉིས་གྲོས་བྱས་ནས་ཐག་གཅོད་དགོས་པ་བཅས་ཡིན།

དགུ་བ་ནི། སྒྲིག་སྲོལ་དང་སྲོལ་ཡིག་བསྒྱུར་བཅོས་བྱེད་པ་དང་། ལས་ཁུངས་ཇེ་བཟང་དང་ཇེ་ཉུང་དུ་གཏོང་ཞིང་། དགོས་པ་མེད་པའི་དཔོན་རིགས་ཇེ་ཉུང་དུ་གཏོང་དགོས།  པུའུ་དང་ཡོན་སོ་སོས་རང་གི་ཡ་མོན་ལས་ཁུངས་ཀྱི་སྒྲིག་ཡིག་གི་དོན་ཚན་སོ་སོ་ལ་ཞིབ་འཇུག་བྱས་ཏེ།  ཚིག་དོན་འཁྲུགས་ཤིང་རྙོག་འཛིང་ཆེ་བས་ལག་བསྟར་བྱེད་དཀའ་བ་ཚང་མ་མེད་པར་བཏང་སྟེ། སྲོལ་ཡིག་ཁ་གསལ་ལ་དོན་འདུས་པ་ཞིག་བྱས་ནས། ལག་བསྟར་ནན་ཏན་དུ་བྱེད་དགོས་པ། གོང་མ་རྒྱལ་པོ་ཚང་གི་ཁྱིམ་དོན་རྣམས་དོ་དམ་བྱེད་པའི་ལས་ཁུངས་དང་། ཕྱི་ནང་ཞུ་ཡིག་ལེ་ཚན་ལ་དོ་དམ་བྱེད་པའི་ཐུང་ཀྲིན་ཟི་སོགས་ཡ་མོན་ལས་ཁུངས་རྣམས་མི་དགོས་པ་བྱས་ནས། བདག་གཉེར་བྱེད་པའི་བྱ་བ་རྣམས་འབྲེལ་ཡོད་ལས་ཁུངས་ལ་བསྲེས་ནས་བསྒྲུབ་ཆོག་པ།  སྤྱི་ཁྱབ་ཞིབ་དཔྱོད་པ་དང་། ཞུན་ཧྥུ་ལྷན་དུ་མཁར་གཅིག་ན་གནས་ཡོད་པའི་ཧུ་པེ་དང། ཡུན་ནན། ཀོང་ཏུང་ཞིང་ཆེན་གསུམ་གྱི་ཞུན་ཧྥུ་རྣམས་མི་དགོས་པ་བྱེད་ཅིང་། དེའི་བདག་གཉེར་བྱེད་པའི་བྱ་སྣ་ཚོགས་ཙུང་ཏི་གིས་གཅིག་ལྕོགས་བྱེད་ཆོག་པ་བཅས།

བཅུ་བ་ནི། ནོར་སྲིད་བཅོས་བསྒྱུར་བྱས་ནས། སྔོན་རྩིས་དང་ངེས་རྩིས་རྒྱག་ཚུལ་བསྒྲིག་དགོས།  དཔྱ་ཁྲལ་དང་། ཚོང་ཁྲལ།  དམག་ཕོག་བཅས་དང་དངུལ་སྡུད་གཏོང་གི་བྱ་བ་སོགས་སོ་སོར་དག་སྒྲིག་བྱས་ནས་སྒྲིག་ཡིག་འཛུགས་དགོས་པ།  སྔོན་རྩིས་དང་ངེས་རྩིས་རྒྱག་ཚུལ་བཙུགས་ཏེ། ཁྱིམ་ཐོ་པུའུ་གིས་ལོ་རེའི་སྒོར་མོ་འགྲོ་འོང་གི་རེའུ་མིག་བསྒྲིགས་ནས་ཟླ་རེ་བཞིན་ཞུ་འབུལ་བྱེད་པ་དགོས་བཅས་རེད།

བཅུ་གཅིག་པ་ནི། མཚོ་དམག་དང་སྐམ་དམག་ལ་སྦྱོང་བརྡར་ཡག་པོ་བྱེད་པ་དང་། ཐབས་གསར་པས་དམག་རྩལ་སྦྱོང་དགོས་པ། ཞིང་ཆེན་སོ་སོའི་དམག་དང་ཆི་བརྒྱད་པོ་ཚང་མས་ཕྱི་ལུགས་ལྟར་དམག་རྩལ་སྦྱོང་བ་དང་། ནུབ་ཕྱོགས་རྒྱལ་ཁབ་ལྟར་དམག་ཡིག་དང་སྒྲིག་ཡིག་གསར་པ་འཛུགས་རྒྱུ། ཞིང་ཆེན་སོ་སོའི་འཕྲུལ་འཁོར་ཅུའུ་ནས་ཐོན་སྐྱེད་བྱེད་པའི་མེ་སྒྱོགས་དང་མེ་རྫས་མདེའུ་བཅས་ལ་ངེས་པར་དུ་ཚད་གཞི་གཅིག་གྱུར་ཞིག་ཡིན་དགོས་པ།  དམག་རྙིང་བ་ལ་བླང་དོར་བྱེད་པ་དང་སྤུས་ལེགས་འདེམས་སྒྲིག་བྱས་ནས། མགྱོགས་པར་སྦྱོང་བརྡར་བྱེད་རྒྱུ། མཚོ་རྒྱུད་ཀྱི་ཞིང་ཆེན་སོ་སོས་མཚོ་དམག་སློབ་གྲྭའི་མི་གྲངས་མང་དུ་སྣོན་པ་དང་། སྦྱོང་བརྡར་བྱེད་པ་མཁོ་བའི་མཚོ་གྲུ་མང་དུ་བསྣན་ཏེ། མཚོ་དམག་མི་སྣ་སྐྱེད་བསྲིང་བྱེད་དགོས། 

བཅུ་གཉིས་པ་ནི། མན་ཛུ་རིགས་ཀྱིས་རང་ཉིད་འཚོ་ཐབས་བྱེད་ཆོག་པ། མན་ཛུ་རིགས་སྔར་རྒྱལ་ཁབ་ཀྱིས་གསོ་དགོས་པའི་ཁྱད་དབང་མེད་པར་བཏང་ནས། ཁོང་ཚོ་དཔོན་ཞིང་བཟོ་ཚོང་སོགས་ལས་རིགས་ལ་ཞུགས་དགོས་སུ་འཇུག་དགོས་པ་བཅས་རེད།
”

གོང་གི་ཚན་པ་བཅུ་གཉིས་པོ་དེ་སྐབས་དེའི་ལུགས་སྒྱུར་གྱི་བཀའ་ལུང་མར་བཀྲམ་ཡོད་པ་དེ་རེད་ལ། ཉིན་བརྒྱའི་རིང་དུ་ལམ་ལུགས་དེ་ལག་བསྟར་དང་དར་སྤེལ་ལ་བཏང་བར་གྲགས། ཚན་པ་བཅུ་གཉིས་པོ་དེ་ཁྱབ་ཆེ་ལ་ཆབ་སྲིད་དང་དཔལ་འབྱོར། དམག་དོན། སློབ་གྲྭ་བཅས་ཕྱོགས་ཡོངས་ལ་བསམ་གཞིག་ནན་ཏན་བྱས་ཡོད་པ་ཞིག་ཡིན་པས། འདིའི་རྗེས་ཕྱོགས་ཀྱི་རྒྱ་ནག་གི་སྤྱི་ཚོགས་ལ་འཆར་ཟིན་གྱི་རི་མོ་ཞིག་བྲིས་པ་མ་ཡིན་ནམ།

ལྷག་པར། ཚན་པ་དང་པོ་དེ་རུ་བཤད་པའི་ཡན་ལག་བརྒྱད་ལྡན་གྱི་རྩོམ་ཚུལ་ལ་དགག་པ་བཏང་ནས་རྒྱ་ཡིག་དབྱངས་གསལ་ཡི་གེར་བསྒྱུར་དགོས་པའི་འདོད་འདུན་ཐོག་མ་དེ་ཡང་སྐབས་དེ་དུས་ནས་བཏང་བ་ཡིན་མཆི་ལ། དེའི་རྗེས་སུ་རབ་དང་རིམ་པའི་བཅོས་སྒྱུར་ལ་བརྟེན་ནས་ད་སྐབས་སྤྱོད་བཞིན་པའི་རྒྱའི་ཡི་གེ་འདི་བྱུང་བ་རེད་ལ། རྒྱལ་ཁབ་སྐྱོབ་དགོས་པ་དང་དཔལ་ཡོན་གྱི་ཕྱོགས་སུ་བགྲོད་པར་ཐོག་མར་ཡི་གེ་ནས་འགོ་རྩོམ་དགོས་པའི་འདོད་འདུན་དེ་ཡང་ངོ་མཚར་ཆེའོ།།

ཡང་འགའ་ཞིག་གིས། རྒྱ་ནག་གི་སྐྱུག་བྲོ་བའི་ལོ་རྒྱུས་ཤིག་ཁོ་སྨྲས་པས་དགོས་པ་ག་རེ་ཡིན་ཞེས་འདྲི་ན། རྒྱུ་མཚན་ནི་ཚན་པ་སྔ་བོའི་ནང་དུ་ཏོག་ཙམ་ཞུས་ཡོད་ལ། ཁ་སྣོན་ཞིག་ནི་མི་འདི་ཚོས་དུས་རབས་གོང་མའི་གོང་མར་བསམ་གཞིག་རྒྱ་ཆེན་དང་བློ་སྤོབས་ཆེན་པོས་མ་འོངས་པའི་དོན་དག་འདི་ལྟར་བསྒྲུབས་འདུག་ཅིང་། ལེགས་འགྲུབ་བྱུང་མ་བྱུང་ནི་གཙོ་བོ་མ་རེད་ལ། ཆབ་དཔལ་རིག་གསུམ་གང་གི་ཐད་ནས་ཀྱང་ཤུགས་རྐྱེན་ནི་ད་ལྟའི་བར་དུ་མ་ནུབ་པ་མངོན་གསལ་ཡིན་པ་རེད། རང་རེས་ནི་སྐད་འཕྲིན་སྒང་ནས་བན་བོན་གྱི་རྩོད་པ་དང་། གསར་རྙིང་གི་རྩོད་པ་ཉི་ཚེ་བ་དག་བྱས་ནས། རང་མྱི་རང་བསྟོད་དང་། གཞན་མྱི་ངན་གསོད་ཀྱི་སྦྱོར་བ་རེ་ལ་འཐམས་ནས། གོ་རའི་ནང་གི་འཚོ་བ་ཙམ་པོ་ལ་མགོ་འཁོར་ཡོད་པ་རེད། དེ་བས་ང་རང་གི་བསམ་ཚུལ་ནི་མིག་རྒྱང་རིང་བའི་བསམ་ཚུལ་གཅིག་དང་། ཀུན་སློང་ཡག་པའི་གོམ་པ་གཅིག་གིས་ཀྱང་ཕྱི་རབས་པར་ཤུགས་རྐྱེན་བཟོ་བ་ཡིན་པས། མི་རེ་རེ་ཡིས་དགེ་ཕྱོགས་ཀྱི་མིག་དཔེ་རེ་བསྟན་ན། རྗེས་མ་ཚོར་བག་ཆགས་བཟང་པོ་རེ་འཇོག་ཐུབ་པར་ཐེ་ཚོམ་མེད།

གཞན་ས་ཁྱི་ལོའི་སྐྱེས་ཆེན་དྲུག་ནི་ལས་འགུལ་དེའི་མི་སྣ་གཙོ་བོའི་ཆ་ནས་བཞག་པ་མ་ཡིན་པར། རང་སྲོག་བློས་གཏོང་བྱེད་དུས་འགྱུར་མེད་ཀྱི་དམ་བཅའ་དང་། རྨ་མེད་པའི་ཀུན་སློང་གི་ངོས་ནས་བསྔགས་པ་བརྗོད་པ་ཡིན་པར་སྨྲ། དེབ་འདིར་ས་ཁྱི་ལོའི་ཡ་རབས་མི་རྣམ་དྲུག་ཅེས་བསྒྱུར་འདུག གོང་མ་ཀོང་ཞི་རྗེས་ནས་ཅི་བྱས་པ་དེབ་འདིར་བྲིས་མི་འདུག་ལ། ངས་ཀྱང་མི་ཤེས། ཁང་ཡིའུ་ཝེ་དང་ལང་ཆི་ཁྲོ་གཉིས་འཇར་པན་ལ་བྲོས་འདུག རྗེས་སུ་གོང་མ་སྐྱོབ་པའི་ལས་འགུལ་བསླངས་ཡོད་ཚོད་ཡིན་ཀྱང་། ལམ་ལྷོང་བྱུང་མེད་པར་གྲགས། རེ་ཞིག་མཇུག་རྫོགས་སོ།།

རོང་བོ་གངས་དཀར་གྱིས།

༢༠༡༧  ༡༡ ༠༩ ཉིན།

༢༠༡༧ ༡༡ ༡༣ཉིན་བཅོས།

གསར་འགྱུར།

Post navigation

Previous Post: སྤེན་ཚེ་དོན་གཅོད་གནས་དབྱུང་བ་དེར་ཕྱོགས་ཁ་ཤས་ནས་ལྟ་དགོས།


Next Post: གློག་བརྙན་བལྟས་པའི་མྱོང་ཚོར།

Comments (3) on “ལོ་རབས་བདུན་ཅུ་བའི་དཔེ་ཆ་ཞིག་གི་དཔེ་ཀློག་ཟིན་ཐོ་ཕྱི་མ།”

  1. ཀརྡོ་རབ་འབྱམས་པ་ says:
    2017-11-14 at 2:11 am

    ད་ལྟའི་བློ་སེང་དང་། སྤེན་ཚེའི་འཐབ་རྩོད་ཀྱི་ལོ་རྒྱུས་ཀྱི་དེབ་གཟུགས་ཤིག་བོད་སྐད་དུ་ཐོན་ན་ཡང་དེ་དཔེ་ཆ་མ་རེད་དོ།།

    ཡི་ཤུའི་རྦ་རྦེལ། ཁ་ཆེའི་ཀོ་རན། ཧིན་དུའི་གི་ཏ་དང་ར་མ་ཡན། ནང་པའི་དཔེ་ཆ། དེས་ན། འདིར་དཔེ་ཆ་ཞེས་བྲིས་ན་གོ་འོང་བ་དང་། ནང་པའི་ངོས་ནས་བཤད་བྲིས་ཀྱང་མི་འོས་སོ། །

    འགོ་བརྗོད་ཙམ་ལས་ད་ལྟ་ཀློག་ཁོམ་མ་བྱུང་ངོ་། ད་མཐོ་རིམ་སློབ་གྲྭར་འགྲོ་རན་སོང་།

  2. ཀརྡོ་རབ་འབྱམས་པ་ says:
    2017-11-14 at 1:36 pm

    ནོར་བཅོས།
    འདིར་དཔེ་ཆ་ཞེས་བྲིས་ན་གོ་འོང་བ་དང་། ནང་པའི་ངོས་ནས་བཤད་བྲིས་ཀྱང་མི་འོས་སོ། །
    འདི།
    འདིར་དཔེ་ཆ་ཞེས་བྲིས་ན་གོ་ནོར་འོང་བ་དང་། ནང་པའི་ངོས་ནས་བཤད་ན་དེའི་རིགས་ལ་དཔེ་ཆ་ཞེས་བྲིས་ཀྱང་མི་འོས་སོ། །

  3. ཀརྡོ་རབ་འབྱམས་པ་ says:
    2017-11-14 at 1:52 pm

    ད་ལྟ་འདིའི་ནང་དོན་རིག་པ་བརྗོད་བྱ་མ་བྱས་པ་ལ་དཔེ་ཆ་ཞེས་བྲིས་པའམ། ཆོས་དཔེ་མ་ཡིན་པར་དཔེ་ཆ་ཞེས་བྲིས་ན། ནང་ཆོས་དད་ལྔན་པ་ཚོའི་དད་པ་ལ་གནོད་པ་དང་། ནང་པར་བརྩི་བཀུར་མ་བྱས་པ་ཐལ་བ་དང་།
    དེ་བཞིན་བོད་རིགས་འགའ་ཤས་ཀྱིས། ཆོས་མ་ཡིན་ཡིག་རྙོག་དེ་འདྲ་ལ་ཡང་བརྩམས་ཆོས་ཞེས་མིང་བཏགས་པ་ལ་ནི། ངོ་རྒོལ་ཐ་གཅིག་ཏུ་ཡོད། ཆོས་ཞེས་ཚིག་འདི་གང་སར་བེད་སྤྱོད་མ་གནོངས་རོགས། སྐུ་མཁྱེན། ཕྱག་འཚལ།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme