Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨི་ལམ་གྱི་མཐོང་ཚུལ་དང་ཡིད་ཆེས་བརྙེས་པའི་ལུང་བསྟན་དུས་གསུམ་གསལ་བའི་མེ་ལོང་།

Posted on 2017-09-132017-09-13 By ཁ་བརྡ་ 5 Comments on རྨི་ལམ་གྱི་མཐོང་ཚུལ་དང་ཡིད་ཆེས་བརྙེས་པའི་ལུང་བསྟན་དུས་གསུམ་གསལ་བའི་མེ་ལོང་།

དཔལ་དགྱེས་པ་རྡོ་རྗེ།

 
ན་མོ་མ་ཧྰ་གུ་རུ་པདྨ་ཀ་ར་ཡེ།

བདེ་ཆེན་ལྷན་སྐྱེས་དགྱེས་པ་རྟག་རོལ་བ། །
ཉིན་མཚན་ཁོར་ཡུག་འོད་གསལ་ངང་གནས་པའི། །
འཕགས་བོད་མཁས་གྲུབ་བླ་མ་བརྒྱུད་པར་བཅས། །
མི་ཕྱེད་དད་པའི་ཕྱག་གིས་ཡང་ཡང་འདུད། །

རྩ་ཁམས་ལས་རླུང་གཡོས་པའི་ཀུན་རྟོག་རྩལ། །
བག་ཆགས་རང་སྣང་ཞེན་པའི་འཁྲུལ་རྟོག་ཆེ། །
སྟོང་གཟུགས་རྨི་ལམ་སྒྱུ་མའི་གྲོང་ཁྱེར་དུ། །
སྐྱེ་བོ་ཕལ་ཆེར་རང་དབང་མེད་པར་འཁྲུལ། །

མ་བརྟགས་བདེ་སྡུག་ཚོར་བ་བསླུ་མེད་ཅིང་། །
བརྟགས་ན་རྡུལ་ཙམ་རང་བཞིན་མ་གྲུབ་པས། །
རྨི་ལམ་དང་ནི་ད་ལྟའི་སྣང་བ་ལ། །
བདེན་རྫུན་ཁྱད་པར་གང་གིས་འབྱེད་པར་ནུས། །

རྣམ་རྟོག་བློ་ལས་འགོངས་པའི་ལྐོག་གྱུར་ཅིག །
རྣམ་དཔྱོད་རྩལ་ལས་མིན་པའི་འཁྲུལ་སྣང་ཉིད། །
དུས་གསུམ་བརྟག་པའི་ལུང་བསྟན་འཁྲུལ་མེད་དེ། །
རྨི་ལམ་བར་དོའི་སྒྱུ་འཕྲུལ་ཨེ་མ་ཧོ། །

བརྒྱ་ཕྲག་དཀའ་བའི་ཚེགས་ལ་མ་ལྟོས་པར། །
ཐུན་གསུམ་མནལ་དུ་ཡུར་བའི་གཉིད་ཁུང་ནས། །
མི་ཚེའི་གསང་གནད་འཚོལ་བའི་མན་ངག་དེ། །
རྨི་ལམ་རྣལ་འབྱོར་ལས་གཞན་མེད་ཅེས་གསུངས། །

ལྕགས་ལ་གསེར་འགྱུར་རྩི་ཡིས་བཏབ་པ་བཞིན། །
རྨི་ལམ་སྤྲུལ་བསྒྱུར་འོད་གསལ་འབྱོངས་པ་ཡིས། །
སྣང་སྲིད་དག་པའི་ཞིང་དུ་བསྒྱུར་བའི་ཚེ། །
ཡ་མཚན་ལྟད་མོ་སེམས་ཀྱི་གསང་ནས་མཐོང་། །

གྲངས་མེད་འཇིག་རྟེན་མང་པོས་ཆོད་པ་ཡི། །
དག་པའི་ཞིང་ཁམས་མིག་འཕྲུལ་ལྟར་བགྲོད་ནས། །
རྒྱལ་དང་རྒྱལ་བའི་སྲས་ལས་ཟབ་རྒྱས་ཀྱི། །
ངོ་མཚར་གདམས་ངག་ནོད་པར་ཨེ་མ་ཧོ། །

སྔོན་དུས་སྟོན་མཆོག་ལྷ་ལས་བབས་པ་གཅིག །
པདྨ་འབྱུང་གནས་བོད་དུ་ཕེབས་པ་གཉིས། །
དམ་པ་མང་པོའི་གཟིམ་ལམ་ལུང་བསྟན་གསུམ། །
མཇལ་བས་རྨི་ལམ་གདམས་པ་ཤིན་ཏུ་ཟབ། །

བདག་ལ་བཟང་པོ་ཡོན་ཏན་ཆེར་མེད་ཀྱང་། །
ཆུང་ནས་རྨི་ལམ་བཟང་ངན་ཐིག་མོ་ཞིག །
ཡིད་ཆེས་ང་ཡི་མི་ཚེ་འདི་ལ་བརྟེན། །
དེས་ན་བདེ་སྡུག་འཁྲུལ་མེད་བདག་གིས་མཐོང་། །

སྔོན་ཡང་བདག་གི་ཨ་ཕ་འདས་ཚུལ་དང་། །
དྲིན་ཆེན་ཨ་མ་ནད་ཀྱིས་ཟིན་ཚུལ་དང་། །
ང་རང་རྒྱལ་ཁམས་གང་དུ་འགྲོ་འདུག་ཀུན། །
རྨི་ལམ་ལུང་བསྟན་འདི་ལ་བསྟེན་ནས་སྒྲུབ། །

རང་ཡུལ་མ་དབང་རྒྱ་ཡི་བྲན་དུ་བཀོལ། །
རང་བླ་དམ་པ་ཕྱི་གླིང་ཡུལ་དུ་བཞུགས། །
རང་ཆོས་གཙང་མ་འཛིན་པའི་བན་འཁྱམ་ངས། །
རང་ཆོས་བསྟན་སྲིད་ཕྱོགས་ལ་དྲན་པ་བརྟས། །

རང་གི་རྨི་ལམ་ལུང་བསྟན་མ་མཐུན་ན། །
ཀརྨ་གྲགས་ཆེན་ཡིན་ནས་དད་རྒྱུ་དང་། །
གྲོགས་པོ་རྒྱུ་ཆེན་རིགས་ནས་བརྩེ་གདུང་ཞིག །
མ་བྱུང་ད་བར་ལ་རྒྱའི་དཔལ་ལ་ཆགས། །

ཨ་རིའི་ཕོ་བྲང་གནམ་གྲུས་གཏོར་བ་དང་། །
བལ་ཡུལ་རྒྱལ་འབངས་རང་མྱིས་བསད་པ་དང་། །
རང་ཡུལ་སྐྱེ་དགུར་ས་ཡོམ་གནོད་པ་དག །
བདག་ལ་སྔོན་ནས་རྨིས་ཀྱང་བཅོས་ཐབས་བྲལ། །

གཅིག་ན་བདག་ནི་གྲོགས་མེད་གཅིག་པུར་དགའ། །
གཉིས་སུ་སྙིགས་དུས་སྐྱེ་བོ་མགུ་ཐབས་དཀའ། །
གསུམ་ན་དམ་པ་རྣམས་ནི་སྨྲ་བ་ཉུང་། །
དེས་ན་ཡིད་ཆེས་རྨི་ལམ་བྱེད་པར་དཀོན། །

བོད་རིགས་འདྲ་བའི་དྲང་བདེན་བྱམས་བརྩེ་ཅན། །
བདག་གིས་སྙིང་གྲོགས་དག་ལ་བཤད་པ་ལགས། །
སྐྱེས་བའི་སྒྱུ་ལུས་དངོས་སུ་མ་འཕྲད་ཀྱང་། །
བརྩེ་བའི་གདུང་བ་དྭངས་མ་བོད་ལ་ཕྱོགས། །

ཀུ་རེ་རྩེད་མོ་མིན་པར་སེམས་ནས་དྲན། །
དྲེད་མོ་གཏམ་འཆལ་མིན་པར་དགོས་པར་ལྡན། །
རྨི་ལམ་འཁྲུལ་བ་ཡིན་ཡང་ཐ་སྙད་ཙམ། །
སད་རྨི་བར་དོ་ཚང་མ་འདྲ་མཉམ་ལགས། །

མཆོག་གསུམ་སྐྱབས་སུ་འཛིན་པའི་གངས་ཅན་པས། །
རྒྱལ་འགོང་དམ་སྲིར་བརྟེན་ན་མི་ལེགས་པས། །
བསླུ་མེད་སྐྱབས་གནས་དམ་པ་བཞུགས་པའི་དུས། །
ཐབས་མཆོག་རྟེན་འབྲེལ་མ་རལ་ས་མ་ཡ། །

བླ་མ་ལྷག་པའི་ལྷ་ལ་སྐྱབས་འགྲོ་བར། །
འདི་ཕྱི་བར་དོའི་འཇིགས་པ་བསལ་ཕྱིར་དང་། །
རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་ཕྱིར། །
ཚེ་རབས་གཏན་གྱི་སྐྱབས་གནས་བསྟེན་པ་ལགས། །

ངོ་དགའ་ཁོག་ནག་རང་དོན་ཁ་རྒྱབ་ཙམ། །
དཀོར་རྫས་ཚོང་ལས་ཞིག་ལ་མི་རེ་བར། །
ལས་འབྲས་བདེན་པའི་མཐའ་ལ་ལེགས་བསམ་ནས། །
དད་གསུམ་མི་ཕྱེད་འདུན་པས་སྐྱབས་འགྲོར་འབོད། །

ཤ་རུས་ཁྲག་རྒྱུན་བོད་ལས་མཆེད་པའི་དོན། །
བློ་སྙིང་བྲང་གསུམ་དཀར་པོ་བོད་ལ་མཛོད། །
ལུས་ངག་ཡིད་གསུམ་མཐུན་ན་བོད་རིགས་ཀུན། །
འདོད་གཟུགས་སྲིད་པའི་ཁམས་འདིར་འགྲན་ཟླ་བྲལ། །

ཆོས་ལུགས་ཟེར་ནས་ཕྱོགས་རིས་མཁན་ཞིག་དང་། །
འཚོགས་འདུ་ཟེར་ནས་རང་དོན་ཉི་ཚེ་བ། །
མདོ་སྔགས་རིག་པའི་གཞུང་དང་མི་མཐུན་པའི། །
ལ་རྒྱ་དེ་འདྲ་སྲིད་ན་དབེན་གྱུར་ཅིག །

བཀའ་བསྟན་མན་ངག་རྒྱ་མཚོ་མ་མཐོང་བར། །
སྔ་དུས་སྲོལ་རྒྱུན་དོན་མེད་ཟུར་ཟའི་ཚིག། །
དེང་དུས་ཨ་གསར་ངོ་གཉིས་གྲགས་རྒྱུག་ལས། །
གནའ་དུས་བོན་བན་དེ་ཚོ་ཁྱད་དུ་འཕགས། །

རང་གཤིས་བདེན་པའི་རང་བཞིན་མ་དོར་ནས། །
རང་ལུགས་བྱམས་བརྩེ་ལྷག་བསམ་རྣམ་དག་གིས། །
རང་ཡུལ་གངས་རིའི་འདུག་ཆོས་བསམ་པ་ཚོ། །
རང་གཞན་མི་འདུག་མི་མཆོག་རྒྱལ་བའི་སྲས། །

སྙིང་བརྩེའི་བོད་ཡུལ་ཁ་བ་གངས་ཅན་པས། །
སྙིང་གཏམ་གཙང་མ་ཐུགས་ལས་མི་འདོར་མཁྱེན། །
སྙིང་དང་སྲོག་ལས་གཅེས་པའི་ཆོས་སྲིད་ལ། །
སྙིང་ནས་དམ་ཚིག་དོན་དང་ལྡན་པར་མཛོད། །

རིག་འཛིན་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །
རིག་པ་དམ་པའི་ཡིད་དམ་དངོས་གྲུབ་ཐོབ། །
རིག་མ་དགྱེས་པའི་སྙིང་བརྩེས་རྗེས་སུ་བཟུང་། །
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །

ཅེས་པ་རབ་རྒྱན་ལྕགས་སྟག་སྤྲེལ་ཟླ་བའི་དབང་ཕྱོགས་དགའ་བ་དང་པོར་རང་གི་རང་ཡུལ་དྲན་པའི་གདུང་དབྱངས་དང་རྨི་ལམ་ཐིག་པའི་ངོ་སྤྲོད་མདོར་བསྡུས་ཤིག་ཡིད་ངོ་ལ་ཅི་་དྲན་དུ་མྱུར་བྲིས་སུ་དཔལ་དགྱེས་པ་རྡོ་རྗེས་བྲིས་པ་དགེའོ། ། ཤྲྰི་སརྦ་བི་ཛ་ཡནྟུ་ཨ་ལ་ལ་ཧོ། །

སྙན་ངག

Post navigation

Previous Post: བོད་ཀྱི་སྐད་དང་ཡི་གེར་ཕྲད་བཞིན་པའི་ཆག་སྒོ།
Next Post: བརྡ་སྤྲོད་སུམ་བརྒྱ་བཀླགས་པའི་འཆར་སྣང་།

Comments (5) on “རྨི་ལམ་གྱི་མཐོང་ཚུལ་དང་ཡིད་ཆེས་བརྙེས་པའི་ལུང་བསྟན་དུས་གསུམ་གསལ་བའི་མེ་ལོང་།”

  1. འཇང་ཕྲུག says:
    2017-09-14 at 3:09 am

    རྨི་ལམ་ཐིག་པོ་ཡོད་ན་བོད་རང་བཙན་ནམ་ཙམ་ཐོབ་པ་འདུག ལུང་བསྟན་ཡོད་པ་ཞུ།

  2. ཀརྡོ་རབ་འབྱམས་པ་ says:
    2017-09-14 at 1:25 pm

    ཨ་རིའི་ཕོ་བྲང་གནམ་གྲུས་གཏོར་བ་དང་། །
    བལ་ཡུལ་རྒྱལ་འབངས་རང་མྱིས་བསད་པ་དང་། །
    རང་ཡུལ་སྐྱེ་དགུར་ས་ཡོམ་གནོད་པ་དག །
    བདག་ལ་སྔོན་ནས་རྨིས་ཀྱང་བཅོས་ཐབས་བྲལ། །
    འདི་དངོས་གནས་ཡིན་ན། མ་བྱུང་སྔོན་ནས་ཚགས་པར་ནང་ལ་བཏོན་མ་ཐུབ་པ་དེ། ཁྱོད་མི་ཆོས་བླ་མའི་རྫུན་ཤོད་མཁན་བོང་ཕྲུག་ཞིག་ལས་མ་འདས་པ་ཐག་ཆོད་པ་རེད་དོ།། མཆན་འདི་བཀླགས་ནས། དེ་རིང་གི་རྨི་ལམ་ལ་བརྟགས་པ་གྱིས་དང་། རང་ངོ་རང་ལ་འཕྲོད་འོངས།། །།

  3. ཨ་ཁུ་འབྲོག་པ། says:
    2017-09-15 at 9:17 am

    ཀརྡོ་ལགས། རྨི་ལམ་ནང་མི་མཐོང་རྒུ་མཐོང་རྩ་དང་རླུང་དང་། གདོན་གྱི་ཆོ་འཕྲུལ་སོགས་མང་པོ་ཡོད། ང་ཚོར་རྨི་ལམ་ཐིག་པ་ཁོ་ནས་ཆོག བལ་ཡུལ་རྒྱལ་པོ་འཁོར་བཅས་ཉིན་གཅིག་ལ་རྩ་མེད་གཏོང་མཁན་རྒྱལ་པོ་རང་གི་སྲས་རྒན་པ་ར་བཟི་ནས་བྱས་ལུགས་གཞུང་འབྲེལ་ཁྱབ་བསྒྲགས་བྱས་པ་དང་། གཞན་དག་གིས་རྒྱལ་པོ་རང་གི་སྤུན་ཆུང་བས་འཆར་གཞི་ལྡན་པའི་སྒོ་ནས་རྩ་མེད་བཏང་བ་རེད་ཟེར་བ་གཉིས་གང་དེ་བདེན་པ་ཡིན་རྨི་ལམ་མཁན་པོར་འདྲི་དགོས་པ་རེད། ད་དུང་ཨ་རིའི་ཕོ་བྲང་གནམ་གྲུས་གཏོར་ཟེར་བ་ཡང་དགུ་བཅུ་གཅིག་གི་དོན་རྐྱེན་དེར་ཟེར་བ་ཡིན་ནམ། དེ་ཉིན་ཕོ་བྲང་དཀར་པོར་གཏོར་སྐྱོར་བཏང་ཨེ་ཡོད། རྨི་ལམ་མཁན་པོས་གསུང་འབྱོར་པར་ཞུ།

  4. གནམ says:
    2017-09-15 at 10:37 am

    ༼༼ཚ་བ་དགའ་རོ་འཕར་ཡོད་ས་རེད་འདུག།༽༽
    ཟློག་ཐབས་མི་བྱེད་རྨི་ལྟས་གསང་བ་དེ།།
    ཁྱོད་རང་དམྱལ་བར་སྐྱོལ་བའི་རྒྱུ་རུ་འདོད།།
    ཤེས་ཤེས་མེད་པར་མིག་བཙུམས་བྱས་བ་དེ།།
    སྙིང་རྗེ་བྱང་བསམ་རྟུལ་ཙམ་མ་འབྱོར་རྟགས།།
    ཁུག་སོ་གཅིག་ལ་གཅིག་པུར་བསྡད་པ་དེ།།
    ཨ་མའི་བུ་ཡིས་རང་སྡུག་མྱང་བ་ཙམ།།
    ཧ་ཧ་ཧ།

  5. ཀརྡོ་རབ་འབྱམས་པ་ says:
    2017-09-15 at 11:37 am

    #3 ཨ་ཁུ་འབྲོག་པ། ་ལགས། ལགས་ཁྱེད་རང་བདེན། རྒྱབ་སྐྱོར་ཡོད། ངས་ཀྱང་ཡང་བསྐྱར་ཨེ་མ་ཧོ་དྲིས་པའོ། ལན་ཐོབ་ཤིག དཔལ་དགྱེས་པ་རྡོ་རྗེ། ཡང་དེ་རིང་ཁོང་བོན་རྒན་ཡིན་ཞེས་གསུངས་འདུག བན་བོན་གཉིས་ཀ་ཡི་མཁན་མུ་དེ། ཁོང་ཡིན་པ་འདྲ། ཧཧཧ།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme