Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨེ་རུ་ཡུལ་ལྷ་ཐར་གྱི་རྩོམ་ཐུང་གསར་བ་ཁག་བཞི།

Posted on 2017-08-072017-08-07 By ཁ་བརྡ་ 3 Comments on རྨེ་རུ་ཡུལ་ལྷ་ཐར་གྱི་རྩོམ་ཐུང་གསར་བ་ཁག་བཞི།

རྨེ་རུ་ཡུལ་ལྷ་ཐར། (རྒྱང་མིག་གིས་འོས་སྦྱོར་བྱས།)
 

ཁག་དང་པོ།

དེང་སང་ཆོས་ལུགས་སྒེར་གཅོད་འདི་ལ་དོགས་ཟོན་ཆེན་པོ་བྱེད་དགོས་ཏེ། ཆོས་ཆོས་སུ་འགྲོར་མི་འཇུག་འཇིག་རྟེན་འཇིག་རྟེན་དུ་བསྐྱོད་དུ་མི་འཇུག་པའི“ཆོས་སྲིད་ཟུང་འབྲེལ”གྱི་བསམ་བློའི་ལྷག་རོ་འདིས། མ་འོངས་པར་རང་ཅག་འདམ་གྱི་འོབས་དོང་དུ་མི་ལྷུང་བའི་ངེས་པ་མི་འདུག དེ་བས། ཁོ་བོ་མི་སྒེར་ངོས་ནས་གྲྭ་བས་སྤྱི་ཚོགས་སློབ་གསོ་གཉེར་བ་དང་འཇིག་རྟེན་པའི་དཔོན་པོ་དང་མཁས་པ་དགོན་སྡེའི་སློབ་གསོའི་གྲལ་ལ་འཚངས་པའི་བྱེད་སྟངས་འདིར་མོས་པ་གཏན་ནས་མེད།(དཔེར་ན་ངུར་སྨིག་མདངས་ཅན་གྱི་སྐྱེས་མའི་རྩོམ་རིག་ཚོགས་འདུ་ལྟ་བུ།)

དོན་ལ། ཆོས་ལུགས་པ་དང་འཇིག་རྟེན་པའི་ལས་ཀ་ཕན་ཚུན་བསྲེས་ཀྱིན་ཡོད་པ་འདི་ནི་དངོས་གནས“བག་ཆགས་རྙིང་བའི”གད་སྙིགས་རེད་འདུག ལོ་འདི་ཚོར“རང་གི་སྲིད་དོན་གྱི་ཚོགས་བསོག”མཁན་སྐོར་ཞིག་གིས། མི་རིགས་དང་ཆོས་ལུགས་ཀྱི་ཆེད་དུ་ཡིན་ཟེར་ནས། ཆོས་པ་དག་ཁྱིམ་པའི་སློབ་གསོ་དང་ཁྱིམ་པའི་རིག་གནས་ཁོར་ཡུག སྲིད་དོན་ལས་རིགས། འཇིག་རྟེན་པ་ཁོ་ནར་གཏོགས་འོས་ཀྱི་ལས་ཀ་ཡོད་སར་མགོ་འཚང་ལུས་འཚང་བྱེད་པ་དང་། ཡང་འཇིག་རྟེན་པའི་ལུགས་འཛིན་མཁན་དཔོན་པོ་དང་མཁས་པ་སྐོར་ཞིག་ནས། སྔར་བཞིན་མི་རིགས་དང་ཆོས་ལུགས་ཀྱི་དོན་ཡིན་ཟེར་ནས་དགོན་སྡེའི་ལས་དོན་གྱི་ཁྲོད་ལག་བསྲེས་པ་ནི། རང་རེ་མི་རིགས་ལ་གནོད་སྐྱེལ་བའི་བྱེད་ལས་འབའ་ཞིག་གོ་སྙམ།

ལོ་རྒྱུས་ལ་བལྟས་ན། ཆོས་པ་སྲིད་གཉེར་མཁན་ཚོས་ཆོས་ཀྱི་ཁེ་ཕན་མ་གཏོགས་མི་རིགས་ཀྱི་ཁེ་ཕན་ལ་འདང་རྒྱག་མཁན་ཧ་ལམ་མེད་པར་འདུག་ཅིང་། འཇིག་རྟེན་པ་ཆོས་ཁ་ལ་འཁྱེར་མཁན་དེ་ཚོས་ཀྱང་། རང་གི་སྲིད་དོན་མ་གཏོགས་ཆོས་ལུགས་སྲོག་རྩར་བཟུང་བའི་སྲོལ་མི་སྣང་། རྒྱུ་རྐྱེན་དེའི་དབང་གིས། སྐྱ་སེར་གྱི་རིག་གནས་གཉེར་ཚུལ་གོ་ལྡོག་གི་ཚུལ་འདི་ལ་ཚང་མས་དོགས་ཟོན་མཐོར་འདེགས་གཏོང་དགོས་འདུག་ལ། དགག་པ་རྒྱག་ནའང་། ཆོས་སྲིད་འདྲ་འདྲེས་སུ་སྤྱོད་ཅིང་ཆེད་ལས་མིན་པའི“ཁེ་ལས་པ་ཆེན་པོ”དང“སློབ་གསོ་བ་ཆེན་མོ” “གསོ་རིག་པ་ཆེན་མོ”ལྟ་བུའི་མཚན་མིང་གཉེར་མཁན་རྫུས་མ་དག་ལ་གཟས་ན་འགྲིག་འདུག་སྙམ།

 

ཁག་གཉིས་པ།

རྒྱ་ནག་གིས་ལྔ་བཞིའི་ལས་འགུལ་སྐབས“བློ་འབྱེད”གླེང་བ་ཡིན་ཞིང་། དེ་ནི་ཐོག་མར་ཁྲིན་པེ་ཏ(陈伯达)ཡིས་ཐོག་མར་བཏོན་པ་ཡིན་ལ། སྐབས་དེར་གཡོན་ཕྱོགས་པའི་གཞུང་ལུགས་སྨྲ་བའི་ལྟ་བར་འཛིན། “བློ་འབྱེད”ནི་དབྱིན་ཡིགenlightenmentཞེས་པ་ལས་བླངས་པ་ཡིན་ཞིང་། དེ་ནི་དུས་རབས་བཅུ་དྲུག་པའི་རིག་རྩལ་བསྐྱར་དར་ལས་འགུལ་ལས་འཕེལ་ཏེ་འོངས་བ་ཡིན་པ་དང་། ཧྥ་རན་སིར་དུས་རབས་བཅོ་བརྒྱད་པའི་ནང་བྱུང་། དོན་ལ། ཧྥ་རན་སིའི་བློ་འབྱེད་ཀྱིས་དཔྱོད་ཤེས་ལ་བརྩི་མཐོང་བྱེད་པ་དང་། ཆོས་ཚོགས་ལ་ངོ་རྒོལ་བྱེད་རུང་ཆོས་ལུགས་ལ་ངོ་རྒོལ་མི་བྱེད། དེ་བཞིན་ཧྥ་རན་སིའི་བློ་འབྱེད་ལས་འགུལ་གྱིས་མིའི་ནང་སེམས་ཀྱི་བློ་བཅིངས་འགྲོལ་བྱེད་པ་དང་། མི་སྒེར་གྱི་རིག་གནས་བློ་སྦྱོང་དང་མི་སྒེར་གྱི་ཀུན་སྤྱོད་སྲོལ་ལུགས་སོགས་ལ་མཐོང་ཆེན་དོ་སྣང་ཤུགས་ཆེར་བྱེད།

དེ་བས། བློ་འབྱེད་ལ་ཁ་གཡར་ཏེ་སྲོལ་རྒྱུན་གྱི་རིན་ཐང་ལྟ་བའི་མ་ལག་ལ་རྒོལ་བ་ནི་བློ་འབྱེད་ཀྱིས་སྲོལ་རྒྱུན་ཟེར་ཡ་ཡོད་ཚད་ལ་མི་རྒོལ་བའི་གནད་མ་ཤེས་པས་རེད། ཀྲུང་གོའི་ལྔ་བཞིའི་ལས་འགུལ་ནི། དོན་གྱི་སྟེང་སྲོལ་རྒྱུན་རིག་གནས་ལ་སྲོག་ཁྲིམས་བཅད་པ་ཞིག་རེད།

ལྔ་བཞིའི་ལས་འགུལ་དེ་ཐོག་མའི་དུས་སུ་རྒྱ་ནག་གི་རྒྱལ་གཅེས་ལས་འགུལ་ཞིག་ཡིན་རུང་། རིམ་གྱིས་ཆབ་སྲིད་ཚོགས་པ་སོ་སོས་བེད་སྤྱད་དེ་ཆབ་སྲིད་ལས་འགུལ་ཞིག་ཏུ་བཏང་། འདི་ནི་ཀྲུང་གོའི་ལྔ་བཞིའི་ལས་འགུལ་གྱི་གྱོང་གུད་ཆེས་ཚབས་ཆེ་བ་དེ་ལགས་ཤིང་། རང་རེ་ཅག་ལ་བསླབ་སྟོན་རྨ་མེད་པ་ཞིག་ཀྱང་ལགས།

རིག་གནས་ལ་དགག་བཞག་སྤྲོས་པ་མཛད་དུས། ལོ་རྒྱུས་ཀྱི་ཤེས་རབ(历史智慧)ནི་ངེས་པར་དགོས། རིག་གནས་དགག་བཞག་དེ་མི་རིགས་རང་གི་ལོ་རྒྱུས་ཉམས་མྱོང་ལས་བསླབ་བྱ་འཚོལ་དགོས་པར་མ་ཟད། འཛམ་གླིང་སྤྱིའི་མི་རིགས་སོ་སོའི་ལོ་རྒྱུས་ཉམས་མྱོང་ལས་བསླབ་བྱ་འཚོལ་དགོས་ལ། དེ་ཡང་དོན་རྐྱེན་གྱི་ཕྱི་ངོས་ནས་འཚོལ་མི་རུང་། ནང་ཁོང་གི་ཆེས་ཟབ་སའི་ངོས་ནས་འཚོལ་དགོས། རིག་གནས་ཀྱི་ལས་འགུལ་གང་ཡིན་ཡང་། རིག་ས་མཐོང་ས་ཁོ་ནར་དམིགས་ཏེ་གང་འདོད་བརྗོད་མི་རུང་ལ། མི་རིགས་དང་རིག་གནས་གཉིས་ཁ་ཁར་བཀར་ཏེ་བསམ་བློ་དེ་བས་གཏོང་མི་ཉན། གལ་ཏེ་རིག་གནས་དང་མི་རིགས་ཁ་ཁར་བཀར་ཏེ་བསམ་བློ་བཏང་ཞིང་ལས་འགུལ་སྤེལ་བ་ཡིན་ན། ལྔ་བཞིའི་ལས་འགུལ་ཇི་བཞིན“རིག་གནས་རྒྱུན་ཆད”(文化断层)དུ་འགྲོ་ཉེན་ཆེའོ། །

 

ཁག་གསུམ་པ།

དགེ་རྒན་གྱི་སྐོར་ལ། མི་མང་བོས་དགེ་རྒན་ཚོས་ཁ་ནས་ལབ་རྒྱུ་ལས་ལག་གིས་ཅི་ཡང་མི་འཁྱོངས་རབས་ཟེར། མ་གཞི་དགེ་རྒན་ནི་ངག་ལ་བརྟེན་པའི་ལས་གཉེར་བ་ཞིག་ཡིན་པ་ལ། ངག་གིས་སློབ་མ་སྐྱོང་བ་ལས་ལྷག་པའི་དོན་གང་ན་མཆིས། ཡང་འགའ་རེས་དགེ་རྒན་ཚོས་ཁ་ནས་ཆེན་པོ་ཞིག་འུར་རྒྱུ་ལས་ལག་ལེན་ལ་ཅི་ཡང་འདེབ་མི་ཐུབ་ཟེར་མོད། དགེ་རྒན་ལ་མཚོན་ན། ཁོའི་ལག་ལེན་ནི་ངག་ལ་བརྟེན་པའི་སློབ་ཁྲིད་དེ་ལས་གཞན་གང་ཞིག་ཡིན། ལས་བྱེད་པ་ཚོ་ལྟ་བུ”ལག་ལེན་དུ་སྒྲུབ་མཁན”ཚོས་ཀྱང་དེང་སང་ངག་གིས་སྨྲ་བ་གཙོར་བྱས་ཏེ་རྐང་ལག་འགུལ་རྒྱུ་ཕལ་བར་འཛིན་གྱིན་པས། “ཁ་འགུལ་རྒྱུ”ཆེད་ལས་ཡིན་པའི་དགེ་རྒན་ཚོར་ཅི་ཁག

སྤྱིར་བཏང་། དགེ་རྒན་ནི་ངག་ལ་བརྟེན་ནས་སློབ་ཁྲིད་བྱེད་པ་དང་། ངག་གིས་སློབ་མ་ཚོ་ཡང་དག་པའི་ལམ་དུ་སྐུལ་ཁྲིད་བྱེད་མཁན་ཡིན་ལ། སློབ་ཁྲིད་ཅེས་པའི་བྱེད་ལས་ཁྱད་པར་བ་འདིར་བརྟེན་ནས་བླ་ན་མེད་པའི་མི་གཞི་གསོ་ཞིང་དམིགས་བསལ་བའི་ཤེས་བྱ་འདོམས་མཁན་ཡིན། དགེ་རྒན་གྱི་འགན་མ་ཐེག་ཅིང་ལས་ཀ་མ་འཁྱོངས་པར་བསྙད་རྒྱུ་ཡོད་ན་ནི། སློབ་ཁྲིད་ལ་མགོ་མཇུག་མེད་ཅིང་སློབ་མ་སྐྱོང་བའི་ཐབས་ཀྱིས་དབུལ་ལ་རང་རྟོགས་ཀྱིས་བསམ་བློ་གཏོང་ཤེས་པའི་མི་བསྐྱེད་མ་ཐུབ་པ་དེ་ཡིན་དགོས་སོ། །

དེ་ལས་ལྡོག་སྟེ། དགེ་རྒན་ཚོས་ཆབ་སྲིད་སྐྱོང་མི་ཤེས་པ་དང་དཔོན་ངན་བསློག་མི་ནུས་པ་དང་འབྲེལ་འཛུགས་མི་ཤེས་པ་དང་དབང་ཆ་གཉེར་མི་ཤེས་པ་དང་ཡར་རྒྱུགས་མར་རྒྱུགས་བྱེད་མི་ནུས་པ་དང་ལུས་ཀྱི་བཟོ་ལ་མི་བྱང་བ་དང་སྤྱི་ཚོགས་ཀྱི་ཉེས་པ་འགོག་པར་མི་ནུས་པ་དང་ཁྱིམ་བདག་རྣམས་ཡ་རབས་སུ་བསྐོར་མི་ནུས་པ་དང་སློབ་མ་ཚོར་ལས་རྐང་འཚོལ་མི་ནུས་པ་སོགས་རྒྱུ་མཚན་དུ་བྱས་ནས་དགེ་རྒན་གྱི་ནུས་པ་གླེང་བ་ཡིན་ན། དགེ་རྒན་ཚོའི་འཇོན་ནུས་དངོས་ཉིད་ཐེད་ལ་བོར་བ་ཞིག་གོ །

མདོར་ན། དགེ་རྒན་ནི་ངག་གིས་ལེགས་པར་འཆད་ཤེས་ཤིང་སློབ་གསོ་བྱ་བའི་ལས་དོན་རླབས་ཆེ་བ་འདིར་ལུས་སེམས་བསྟིམས་ནུས་མཁན་ཞིག་ཡིན་ཚེ་འགྲིག་འདུག་གོ །

 

ཁག་བཞི་བ།

དེང་རབས་བོད་མིར་དགོས་དངོས་མ་ནི། ཉེན་ཚབས་འདུ་ཤེས་དགོས་པ་དེ་ཡིན་ལ། འདུ་ཤེས་དེ་ལས་འཕྲོས་ཏེ་རང་གི་རིག་གནས་ལ་བསྐྱར་དུ་གདེང་འཇོག་དང་གནས་ཚད་གཏན་འཁེལ་བྱེད་དགོས། ཉེན་ཚབས་འདུ་ཤེས་ལྡན་ན། འགན་ལེན་འདུ་ཤེས་ཞར་ལ་འོངས་ངེས་པ་དང་། འགན་ལེན་འདུ་ཤེས་ཡོད་ཚེ། ལག་ལེན་གྱི་སྦྱོར་བའང་འབྱུང་ངེས་པ་ཡིན། ཉེན་ཁའི་འདུ་ཤེས་མེད་ཚེ་སྒུལ་ཤུགས་མི་འབྱུང་བ་དང་། རང་སྣང་མཐོ་བའི་ང་རྒྱལ་གྱིས་རང་བརླགས་པར་བྱེད། འོན་ཀྱང་ཤེས་རྒྱུ་ཞིག་ལ། ཉེན་ཚབས་འདུ་ཤེས་འདི་རང་དམན་འདུ་ཤེས་ལ་བརྒྱུས་མི་རུང་བ་ཡིན་ལ། ཉེན་ཚབས་འདུ་ཤེས་ཡོད་པའི་ཞོར་ལ། ཡིད་ཆེས་ཀྱི་དད་པ་ནི་བརྟན་པོར་དགོས།

བོད་ལ་མཚོན་ན། ཞིང་འབྲོག་མང་ཚོགས་གྲངས་མང་ཡང་། ནམ་ཡང་ཁ་འཐོར་དང་ཡ་བྲལ་ངང་གནས་ཤིང་། ཆབ་སྲིད་འདུ་ཤེས་མི་ལྡན་པ་དང་། ཧམ་སེམས་ཡང་དེ་འདྲ་ཆེན་པོ་མེད། སྟོབས་ཤུགས་དངོས་ཤིག་ཡོད་པ་ནི། ཆོས་ལུགས་བརྩེ་དུང་ལ་འཁྲིལ་བའི་གྱེན་ལྡོག་གི་སྙིང་སྟོབས་དང་། མི་རིགས་བརྩེ་དུང་ལ་ཞེན་པའི་དཔའ་བའི་གདེངས་དེའོ། །

དེ་བས། བོད་མི་རིགས་ཀྱི་ལས་དབང་དང་རིག་གནས་ལ་བཀོད་ཁྱབ་གཏོང་མཁན་དང་། དེ་ལ་ཁ་ལོ་བྱེད་མཁན་དངོས་ནི། ཤེས་ལྡན་པ་དག་ཡིན་དགོས་སོ། །ང་ཚོའི་སྤྱི་ཚོགས་ལ་དེང་སྐབས་སྟོབས་ཤུགས་མེད་པ་མིན་མོད། སྟོབས་ཤུགས་དེ་དྲང་ཕྱོགས་སུ་སྐུལ་ཁྲིད་བྱེད་མཁན་གྱི་ཤེས་ལྡན་པའི་མཛུབ་སྟོན་མི་སྣ་མེད་པ་དང་། མང་ཚོགས་ཀྱི་མི་རིགས་བརྩེ་དུང་དང་རིག་གནས་བརྩེ་དུང་གི་མེ་དཔུང་སྦར་རྗེས་ལམ་སྣ་འདྲེན་མཁན་མེད་པ་དེའོ། །

 

 
རྨེ་རུ་ཡུལ་ལྷ་ཐར་ནི། སྤྱི་ལོ1979ལོར་བོད་མདོ་སྨད་བྱང་ཤར་ས་ཆའི་གཅན་ཚ་བྱ་བའི་ཡུལ་དུ་སྐྱེས། 2008ལོ་ནས2016ལོའི་བར་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་དགེ་རྒན་གྱི་ལས་ཀ་གཉེར་ཞིང་། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་ངམ་མདོ་དབུས་མཐོ་སྒང་མི་རིགས་ཞིབ་འཇུག་རྟེན་གཞིའི་དགེ་རྒན་ཆེན་མོ་ཡིན་ལ། རྒྱལ་ཁབ་སློབ་གསོ་པུའུ་ཡི་དུས་རབས་གསར་བའི་ཕུལ་བྱུང་ཤེས་ལྡན་མི་སྣ་དང་། མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་གདན་ཞུའི་ནང་འདྲེན་ཤེས་ལྡན་པ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ལོ་རྒྱུས་རིག་པ་དང་ཆོས་ལུགས་རིག་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་བཅས་ཡིན། གཙོ་བོར་བོད་ཀྱི་ལོ་རྒྱུས་རིག་པ་དང་ལོ་རྒྱུས་ཡིག་ཚང་། ཆོས་ལུགས་ལོ་རྒྱུས། རིག་གཞུང་ལོ་རྒྱུས་སྐོར་གྱི་སློབ་ཁྲིད་དང་ཞིབ་འཇུག་གི་ལས་ཀ་སྒྲུབ་ཀྱིན་ཡོད།

སྔ་ཕྱིར་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ(ད་ལྟའི་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང)དང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་། ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་སོགས་རིམ་པར་འགྲིམས་ཏེ་བོད་ཀྱི་ཡིག་རྙིང་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ། སྤྱི་ལོ2014ལོར་ཧྲའན་ཞི་དགེ་འོས་སློབ་ཆེན་འཛམ་གླིང་ལོ་རྒྱུས་ཆེད་ལས་འབུམ་རམས་ཕྱི་ཚར་གྱི་ཞིབ་འཇུག་རྟེན་གཞི་ལས་འབུམ་རམས་ཕྱི་ཚར་བའི་ཞིབ་འཇུག་ལས་སྒོ་ཐོན།

ད་ལྟའི་བར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས《བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ཆབ་སྲིད་ལམ་ལུགས་ཞིབ་འཇུག》ཅེས་པ་དང《བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ས་མིང་ཞིབ་འཇུག》 《བོད་གནའ་རབས་ཀྱི་ལོ་རྒྱུས་དཔྱད་བརྗོད་དང་ལོ་རྒྱུས་རིག་གཞུང་གི་ཤུལ་བཞག་ཡིག་ཆ་ཞིབ་འཇུག》དེབ་འདི་དང་བཅས་ཆེད་དེབ་བཞི་བཏོན་ཅིང་། ལོ་ཙཱའི་འགྱུར་དེབ་གཅིག་པར་དུ་བསྐྲུན་ཡོད། རིག་གཞུང་དཔྱད་རྩོམ་དྲུག་ཅུ་ཙམ་དུས་དེབ་སྣ་ཚོགས་སུ་སྤེལ་བ་དང་། རྒྱལ་ཁབ་རིམ་པའི་ལས་གཞི་གསུམ་འགོ་འཛིན་གྱིས་མཇུག་བསྡུས་ཡོད།

ད་ལྟ་དུས་རབས་གསར་བའི་ཕུལ་བྱུང་ཤེས་ལྡན་མི་སྣའི་ལས་གཞི་སྟེ“བོད་ཀྱི་གནའ་རབས་རིག་གཞུང་ལོ་རྒྱུས་ཞིབ་འཇུག”བྱ་བ་དང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་སྟེ“ཏུན་ཧོང་བོད་ཀྱི་ཤེས་རིག་གི་རིག་གཞུང་ལོ་རྒྱུས་ཞིབ་འཇུག”བྱ་བ་གཉིས་ལ་འགོ་འཛིན་ཞིབ་འཇུག་བྱ་བཞིན་ཡོད། ཀྲུང་གོའི་གྲངས་ཉུང་མི་རིགས་ལོ་རྒྱུས་སློབ་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་མི་རིགས་ཀྱི་གནའ་བོའི་ཡིག་རིགས་ཞིབ་འཇུག་ཚོགས་པའི་ཚོགས་མི། མཚོ་སྔོན་ཞིང་ཆེན་ཡིག་རྙིང་ཞིབ་འཇུག་ཚོགས་པའི་ལས་འཛིན་སོགས་ཀྱི་རིག་གཞུང་ཚོགས་མིའི་འགན་འཁུར་ཡོད་ཅིང་། ཧྲའན་ཞི་དགེ་འོས་སློབ་ཆེན་ཀྲུང་གོའི་ནུབ་རྒྱུད་མཐའ་མཚམས་ཞིབ་འཇུག་གླིང་གི་ཆེད་ཞུ་ཞིབ་འཇུག་པའི་འགན་ཡང་ཞར་ལ་འཁུར་ཏེ་མཉམ་ལས་ཞིབ་འཇུག་གནང་གི་ཡོད།

རྩོམ་རིག

Post navigation

Previous Post: སློབ་གཉེར་བྱེད་སྟངས་ཀྱི་གདམས་ངག
Next Post: སློབ་གྲྭར་སྟབས་བདེའི་ཟ་ཁང་གི་འདུ་ཤེས་འཛིན་མི་རུང་། 

Comments (3) on “རྨེ་རུ་ཡུལ་ལྷ་ཐར་གྱི་རྩོམ་ཐུང་གསར་བ་ཁག་བཞི།”

  1. ཀརྡོ་རབ་འབྱམས་པ་ says:
    2017-08-08 at 2:52 am

    རྒྱ་ནག་གིས་བོད་ས་བཙན་བཟུང་ནས་ཐར་དཀའ་བའི་ཆེ་དུ། བོད་ས་དུམ་བུ་ ༡༢ བཅུ་གཉིས་སུ་བགོས་ཡོད་པ།
    ་
    http://thediplomat.com/2017/07/12-regions-of-china-the-tibetan-plateau/

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-08-09 at 6:29 am

    ཆོས་སྲིད་བཟུང་དུ་འབྲེལ་བ་མེས་སྤོའི་སྲོལ་།
    སྲོལ་བཟང་བརྒྱུད་ནས་བོད་ཀྱིས་བསྟན་སྲིད་དར་།
    དར་བ་ཡུན་དུ་མ་གནས་བོད་མིའི་ལས་།
    ལས་ངན་བསགས་པའི་འབྲས་བུ་དུས་སུ་སྨིན་།

  3. བོད་པ། says:
    2017-08-10 at 6:31 am

    རྨེ་རུ་ཡུལ་ལྷ་ཐར་ནི་མཚོ་སྔོན་མི་རིགས་སླ྄ོབ་ཆེན་གྱི་སློབ་དཔོན་རེད།་་་་་་ཁོའི་སྐྱེས་དམན་ནི་མཚོ་སྔོན་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་སྲས་མོ་ཚེ་རིང་ལྷ་མོ་རེད།་་་་་་གཅིག་ནི་བོད་ཀྱི་རིག་གནས་ལ་མཁས་པ་དང་།་་་་གཅིག་ནི་གླ྄ུ་གཞས་མདོ་འཛིན་དང་སྒྱུ་རྩལ་ལ་མཁས་པ་།་་་་་་་་དངོས་གནས་བོད་པ་ཚང་གི་རྒྱན་རེད་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme