Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེབ་གོང་ཀླུ་རོལ།

Posted on 2017-07-18 By ཁ་བརྡ 1 Comment on རེབ་གོང་ཀླུ་རོལ།

ཡོང་ཁུངས།: ཡོངས་འཛིན།    འཇིགས་མེད་ཀྱིས་འོས་སྦྱོར་བྱས།

དབྱར་ཟླ་དྲུག་པའི་རེབ་གོང་ཀླུ་རོལ་ནི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་ཤུལ་བཞག་རིག་གནས་ཀྱི་ཡ་གྱལ་ཡིན། བོད་ཀྱི་སྤྱི་ཚོགས་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། སྲོལ་རྒྱུན་རིག་གནས་ཀྱི་མ་ལག་ཅིག་དང་། རེབ་གོང་མི་དམངས་ཀྱི་འཚོ་བ་དངོས་དང་འབྲལ་ཐབས་མེད་པ་ཞིག་ཀྱང་ཡིན། དེ་ནི་དབྱར་ཟླ་དྲུག་པའི་ལྷ་ཟླ་དཀར་པོའི་ནང་དུ་རྒྱུན་སྲོལ་ལྟར་ཡུལ་ལྷའི་རྒྱལ་བོ་ཨ་མྱེས་བྱ་ཁྱུང་། གཉན་ཆེན། ཀོའུ་མོལ་རི་ལང་སོགས་ཡུལ་ལྷ་གཞི་བདག་རྣམས་ཐུགས་དགྱེས་པའི་ཀླུ་རོལ་གྱི་ཆོ་ག་སྣ་ཚོགས་སྤེལ་བ་ཞིག་ཡིན་ལ། ཀླུ་གར་གྱི་མཆོད་པ་སྣ་ཚོགས་འབུལ་བ་དེས་ལོ་གཅིག་གི་ནང་དུ་མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ། ལོ་ཏོག་ལ་སད་སེར་ཐན་སྐྱོན་སོགས་ཀྱི་གནོད་འཚེ་དང་། བགེགས་རིགས་བར་ཆད་མི་འབྱུང་བར་ཆར་ཆུ་དུས་སུ་འབབ་པ་དང་ཞིང་གལ་ལོ་ལེགས་འབྱུང་བ། ཕྱུགས་ཀྱི་འཕེལ་ཁ་མྱུར་བ། རིགས་རྒྱུད་ལོངས་སྤྱོད་རྒྱས་ལ། ཚེ་དང་བསོད་ནམས་དབང་ཐང་འཕེལ་ཞིང་། མི་རིགས་འཆམ་མཐུན་དང་འཛམ་གླིང་ཞི་བདེ་ཡོང་བར་སྐྱབས་འཇུག་ཞུ་བ་གསལ་བར་མཚོན་པ་རེད།

གཞི་རྩའི་གནས་ཚུལ།
རྒྱ་ཡིག་གི་མིང་།
热贡六月会
ལ་ཏིང་གི་མིང་།
reb gong klu rol
དུས་ཚིགས།
དབྱར་ཟླ་དྲུག་པ།
དར་ཡུལ།
རེབ་གོང་།

1 སྤྱི་བཤད།

  དེ་ཡང་ཡུལ་མདོ་སྨད་ཀྱི་མངའ་ཁོངས་སུ་གཏོགས་པའི་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་འདི་ལ་བོད་ཀྱི་རིག་གནས་དང་སྒྱུ་རྩལ། ཆོས་ལུགས། དམངས་སྲོལ་སོགས་གནའ་སྔ་མོ་དུས་ནས་ད་ལྟའི་བར་དུ་གྲ་མ་ཉམས་པར་རིག་གནས་ཆ་ཚང་ཞིག་གནས་ཤིང་། ད་ལྟ་རེབ་གོང་གསེར་མོ་ལྗོངས་སུ་ཀླུ་རོལ་རྩེ་བའི་གཡང་སྡེ་སོ་སོས་རང་གི་ཡུལ་ལྷ་གཞི་བདག་ཐུགས་དགྱེས་པའི་ཀླུ་རོལ་གྱི་ཆོ་ག་སྣ་ཚོགས་སྤེལ་བ་ལ། སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་གྱིས་ལྭ་གསར་གོན་པ་དང་། ཁྱད་པར་དུ་ལང་ཚོ་རྫོགས་པའི་སྟག་ཤར་དར་མ་དང་སྨན་ཤར་བུ་མོ་རྣམས་ཀྱིས་ཀླུ་རོལ་གྱི་མཛད་སྒོའི་ལྷ་རྩེ་དང་གླུ་གར་ལ་རོལ་བའི་འཆོར་གོས་དང་གསེར་དངུལ་གཡུ་བྱུར་སོགས་རྒྱན་ཆས་ལུས་ལ་མཛེས་པར་སྤྲས་ཏེ། འབྲུ་སྣའི་བཅུད་དང་དཀར་གསུམ་མངར་གསུམ་སོགས་བསང་རྫས་ཕུན་སུམ་ཚོགས་པས་ལྷ་བསང་ཕུད་དེ། ལྷ་བསང་དཀར་པོའི་དུད་སྤྲིན་འཁྲིགས་པ། དམར་པོ་ཁྲག་གི་མཆོད་པ་འབུལ་བ། ཆོས་དུང་དཀར་པོའི་གསུང་སྙན་ལྷང་ལྷང་དུ་སྒྲོག་པ། འབྲུག་སྟོང་ལྡིར་བ་བཞིན་ཤོག་སྦག་གི་སྒྲས་བར་སྣང་འགེངས་པ། རླུང་རྟ་སྤུར་བ། འཁར་རྔ་དང་ལྷ་རྔ་སོགས་བརྡུང་བ་དང་ཡུལ་ལྷའི་བསང་དཔེ་དབྱངས་སུ་གྱེར་ནས་བཏོན་ཏེ་ལྷ་ཕབ་པ། ཤིང་མོ་འཕེན་པ། གླུད་རྟ་གཏོང་བ། ལབ་ཙེ་བསྟོད་པ་མ་ཟད། ཀླུ་རོལ་རྩེ་བའི་བརྒྱུད་རིམ་ནང་དུ་ལག་ལ་ལྷ་རྔ་སོགས་བཟུང་བའི་སྟག་ཤར་སྐོར་ཞིག་གི་ཁ་དང་རྒྱབ་ཀྱི་ཤ་རྗེན་ཐོག་ལ་ལྕགས་ཁབ་མང་པོ་འཛེར་ནས་ལྷ་རྩེ་བྱེད་པ། ལྷ་བས་རང་གི་མགོ་སོགས་ལ་མཚོན་བཞེས་ཏེ་དམར་པ་ཁྲག་གི་མཆོད་པ་འབུལ་བ། སྨན་ཤར་བུ་མོ་རྣམས་མཛེས་པའི་གར་ལ་རོལ་བ་རེད། སྐྱེས་ཕོ་མོ་ཀུན་གྱིས་རང་གི་དད་པའི་སྟོབས་དང་བསྟུན་ནས། ཇ་ཆང་གི་མཚོ་མོ་བསྐྱིལ་བཞིན་བསང་མཆོད་རྒྱ་ཆེར་གཏོང་བའི་ཁྲོད་དུ་ར་ལུག་སོགས་གསོན་པོར་བསྲེགས་ནས་དམར་མཆོད་གཏོང་བ་རེད། ད་ལྟ་དེའི་ཚབ་ཏུ་རྩམ་པས་ར་ལུག་གི་དབྱིབས་ཇི་བཞིན་བཟོས་ནས་ལྷ་བསང་གཏོང་ཞིང་། ལྷ་ཀླུ་དམག་གསུམ་དུ་དབྱེ་བ་ལས་རང་སྡེའི་ཀླུ་རོལ་གྱི་རྩེ་སྟངས་ལྟར། སྟག་ཤར་རྣམས་ཀྱི་ཕྱག་ཏུ་མདའ་མདུང་གྲི་གསུམ་དང་རུ་དར་སྣ་ཚོགས་ཅི་རིགས་ཐོགས་ཏེ་ངག་ནས་དགའ་སྤྲོའི་ཀི་སོ་སྒྲོག་ལ། གླུ་ལེན་གར་རྩེ་བཅས་ལ་སྔར་བཞིན་རོལ་ནས་གླུ་གར་གྱི་མཆོད་པ་འབུལ་བ་སོགས་མཆོད་ལུགས་མ་ཉམས་པར་རྒྱུན་སྐྱོང་བ་དེས། ལོ་གཅིག་གི་ནང་དུ་མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ། ལོ་ཏོག་ལ་སད་སེར་ཐན་སྐྱོན་སོགས་ཀྱི་གནོད་འཚེ་དང་། བགེགས་རིགས་བར་ཆད་མི་འབྱུང་བར་ཆར་ཆུ་དུས་སུ་འབབ་པ་དང་ཞིང་ལ་ལོ་ལེགས་འབྱུང་བ། ཕྱུགས་ཀྱི་འཕེལ་ཁ་མྱུར་བ། རིགས་རྒྱུད་ལོངས་སྤྱོད་རྒྱས་ལ། ཚེ་དང་བསོད་ནམས་དབང་ཐང་འཕེལ་ཞིང་། མི་རིགས་འཆམ་མཐུན་དང་འཛམ་གླིང་ཞི་བདེ་ཡོང་བར་སྐྱབས་འཇུག་ཞུ་བ་གསལ་བར་མཚོན་པ་རེད།

རེབ་གོང་ཀླུ་རོལ་ནི་བོད་ཀྱི་སྤྱི་ཚོགས་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། སྲོལ་རྒྱུན་རིག་གནས་ཀྱི་མ་ལག་ཅིག་དང་རེབ་གོང་མི་དམངས་ཀྱི་འཚོ་བ་དངོས་དང་འབྲལ་ཐབས་མེད་པ་ཞིག་ཀྱང་ཡིན། འདི་ནི་རང་རེའི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་ཤུལ་བཞག་རིག་གནས་ཀྱི་ཡ་གྱལ་ཞིག་ཡིན་པའི་ཆ་ནས་བོད་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་དང་དམག་དོན། རིག་གནས། དཔལ་འབྱོར་སོགས་ལ་རིན་ཐང་ལྡན་པའི་ཞིབ་འཇུག་བྱ་ཡུལ་དུ་གྱུར་ཡོད།

2 དར་ཚུལ།

  དྲུག་པའི་ཀླུ་རོལ་གྱི་རྩེད་མོ་འདི་མགོ་མཇུག་ཆ་ཚང་དུ་གྲུབ་ནས་དངོས་སུ་རྩེ་འགོ་ཚུགས་པའི་དུས་ནམ་ཞིག་ཡིན་ཞེ་ན། བོད་བཙན་པོ་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐུ་རིང་ནས་རྒྱ་བོད་གཉིས་ཀྱི་མཛའ་མཐུན་གྱི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་གྱུར་བ་དང་། སྔོན་ཆད་རྒྱ་བོད་ས་མཚམས་ཀྱི་དམག་འཁྲུག་ནང་དུ་ཕན་ཚུན་གཉིས་ཀྱིས་གསོན་བཟུང་བྱས་པའི་དམག་དཔོན་རྣམས་ཕྱོགས་སོ་སོར་ཕྱིར་སློག་བྱས་ཤིང་།

བཙན་པོ་དང་གོང་མ་སོགས་སྐུ་གཤེགས་པའི་སྐབས་སུ་ཕན་ཚུན་ལ་འདས་མཆོད་འབུལ་རེས་དང་དུས་རྒྱུན་གྱི་རྒྱ་བོད་ཕོ་ཉའི་བར་འགྲོ་འོང་རྒྱུན་མ་ཆད་པ་སོགས་མཛའ་མཐུན་ཞི་བདེའི་འབྲེལ་བ་བཙུགས་མྱོང་ལ། ཕན་ཚུན་བར་བློན་པོ་དང་དམག་དཔོན་གཏོང་རེས་བྱས་ཏེ། སྔོན་ཆད་ཀྱི་དུས་ཡུན་རིང་བོའི་ནང་དུ་རྒྱ་བོད་གཉིས་ཀྱི་མཐའ་མཚམས་སུ་དམག་འཁྲུག་བྱུང་བ་དེ་དག་ཞི་མཐུན་གྱིས་གྲོས་མོལ་མཛད་དེ། རྒྱ་བོད་གཉིས་ཀྱི་བར་དུ་སྔར་ལས་ལྷག་པའི་ཞོད་འཇགས་ཀྱི་ཆབ་སྲིད་བསྐྱངས་པས། དབོན་ཡུལ་ཚོ་རྡོ་རིང་འཛུགས་པར་ཕྱོགས་ཡོངས་ནས་རྨང་གཞི་བརྟན་པོ་བཏིང་མཐར། བོད་ཀྱི་བཙན་པོ་ཁྲི་རལ་བ་ཅན་གྱི་སྐབས་ཏེ་སྤྱི་ལོ823ལོར《དབོན་ཡུལ་ཚོ་རྡོ་རིང》བཙུགས་པ་ཡིན་ལ། དེ་ཡང་བོད་ཀྱི་ཡིག་ཚང་ལས། བོད་ཀྱི་མཆོད་གནས་ལོ་པཎ་རྣམས་དང་རྒྱའི་ཧྭ་ཤང་རྣམས་ཀྱིས་དཔང་བོ་མཛད། ཕྱིན་ཆད་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། སོ་མཚམས་རྨེ་རུ་མན་ལ་བོད་ཀྱིས་དམག་མི་དྲངས། གལ་ཏེ་དྲངས་ནས་རྒྱ་རྗེ་འི་ཕོ་བྲང་གི་མདུན་གྱི་ཡི་གེ་ལན་གསུམ་ཀློག་པས་བོད་ཐམས་ཅད་འཕུང་བར་གྱུར་ཅིག་ཅེས་དབོན་ཡུལ་ཚོ་གིས་བདེན་པ་བཙུགས་ཏེ་དམོད་བོར་བས། བོད་ཀྱི་ས་མཚམས་སྲུང་བའི་དམག་མི་དང་མི་དམངས་མང་ཚོགས་རྣམས་ལ་དགའ་བ་དཔག་ཏུ་མེད་པ་སྐྱེས་ཤིང་། དུས་ཡུན་རིང་པོར་ཞི་བདེའི་དུས་སྐབས་ཤིག་ལ་རེ་སྨོན་བྱས་པའི་དུས་ད་ལྟ་སླེབས་སོ་སྙམ་ནས་སྔར་ཡོད་ཀྱི་དམར་མཆོད་གཏོང་ལུགས་བཞིན་ར་ལུག་སྟོང་ཕྲག་མང་པོས་དམར་མཆོད་རྒྱ་ཆེན་པོ་བྱས་ཏེ། དམག་མི་ཐམས་ཅད་ཀྱིས་ལག་ཏུ་མདའ་མདུང་གྲི་གསུམ་དང་རུ་དར་སྣ་ཚོགས་བཟུང་སྟེ་ཁ་ནས་དགའ་སྤྲོའི་ཀི་སོ་སྒྲོག་པ་དང་། དུང་འབུད་རྔ་རྡུང་བྱེད་པ། ལྷ་ཀླུ་གཉན་གསུམ་དགྱེས་པའི་རྩེད་མོ་སྣ་ཚོགས་འཁྲབ་པ། གླུ་ལེན་གར་རྩེད་སོགས་སྔར་བྱུང་མ་མྱོང་བའི་སྟོན་མོའི་མཛད་སྒོ་རྒྱ་ཆེན་པོ་བསྡུས་པ་ལས་རིམ་བཞིན་དར་བ་ཡིན། ཕྱིས་སུ་ཀླུ་རོལ་རྩེ་བའི་དུས་ཚོད་ཀྱང་ཧོར་ཟླ་དྲུག་པའི་ནང་རྒྱུན་འཇགས་སུ་སོང་བས། ད་ལྟ་དམངས་ཁྲོད་ཀྱི་བཤད་རྒྱུན་དུ་ཡང་དྲུག་པའི་ལྷ་ཟླ་དཀར་པོ་ཞེས་མཐོང་ཆེན་མཛད་ཀྱི་ཡོད་པ་མ་ཟད། རེབ་གོང་དང་ཁྲི་ཀའི་ཕྱོགས་འདི་ལ་ཀླུ་རོལ་རྩེ་བའི་ལུགས་སྲོལ་འདི་མ་ཉམས་པར་ད་ལྟའི་བར་དུ་དར་བ་རེད། མདོར་ན་ཀླུ་རོལ་གྱི་རྩེད་མོ་འདི་ལ་གོ་རིམ་ཆ་ཚང་དུ་གྲུབ་ནས་ཐོག་མར་རྩེ་སྲོལ་ཚུགས་དུས་ནི་རྒྱལ་བོ་ཁྲི་རལ་བ་ཅན་གྱི་སྐབས་ཡིན་པར་འདོད་ལ། རྒྱ་བོད་ས་མཚམས་ནས་ཞི་མཐུན་གྱི་ཆབ་སྲིད་བསྐྱངས་པ་ལ་བོད་འབངས་ཀུན་གྱིས་དགའ་སྤྲོའི་མཛད་སྒོ་རྒྱ་ཆེན་པོ་བསྡུས་པ་དེ་ལས་རིམ་བཞིན་འཕེལ་རྒྱས་བྱུང་སྟེ་དམངས་ཁྲོད་རང་བཞིན་གྱི་ཧོར་ཟླ་དྲུག་པའི་ཀླུ་རོལ་འདི་ཐོག་མར་བྱུང་བ་ཡིན།

3 ཀླུ་རོལ་རྩེ་བའི་གྲོང་སྡེ་དང་དེས་བསྟེན་པའི་ཡུལ་ལྷ་གཞི་བདག

ད་ལྟ་རེབ་གོང་གསེར་མོ་ལྗོངས་སུ་ཀླུ་རོལ་རྩེ་བའི་གྲོང་སྡེ་རོང་བོ་ས་དཀྱིལ་དང་སོག་རུ། ཐེ་བུ། གཉན་ཐོག སྒོ་དམར། རྐ་སར། སེང་གེ་གཤོང་། རྒྱ་ཚང་མ། ཧོར་རྒྱ། ཐོ་རྒྱ་བོད་སྐོར། གར་རྩེབ་གདོང་། ཧྭ་ར་པ་ཐུར། གླིང་རྒྱ་སྡེ་བདུན། སྨད་པ་འཇམ། རི་རྩ། ལྷ་ཁང་། སྡོང་སྐམ། ཧོར་ནག་རེབ་ས། ཡར་ནང་བཙན་མོ་སོགས་ཀྱིས་དྲུག་པའི་ལྷ་ཟླ་དཀར་པོའི་ནང་དུ་རང་སྡེ་བའི་རྒྱུན་སྲོལ་ལྟར། ཡུལ་ལྷའི་གཙོ་བོ་ཨ་མྱེས་རྨ་ཆེན་དང་རེབ་གོང་ཡུལ་ལྷའི་རྒྱལ་བོ་ཨ་མྱེས་བྱ་ཁྱུང་། གཉན་ཆེན། ཀོའུ་མོལ་རི་ལང་། གེ་སར། སྟག་ལུང་། བློན་པོ། དར་རྒྱལ་སྤུན་གསུམ།(ཨ་མྱེས་དར་རྒྱལ་དང་ཨ་མྱེས་དམག་དཔོན། ཨ་མྱེས་ཡུལ་ལྷ་གསུམ་ཡིན) སྲས་ཆུང་འབུམ་པ་དོན་གྲུབ། མཚོ་རྒན་ཕྱུག་མོ། ཨ་མྱེས་ཁུ་ཐོག ཨ་མྱེས་ལྷ་རི། ཨ་མྱེས་དཀོར་བདག ཨ་མྱེས་ཟ་ལུང་། དབང་ཕྱུག་རྡོ་རྗེ་དཔལ་འབར། ཨ་མྱེས་ཐོག་རྒོད། ཨ་མྱེས་རྨོག་པ། ཤན་པ་ར་མགོ ཤན་པ་རྩི་ཐུང་། དགྲ་འདུལ་དབང་ཕྱུག ས་བདག་སོག་པོ་རི་ལང་། ཙུའུ་ཧྲན་འཇམ་པའི་དབྱངས། ཙོ་ཞི་རི་ལང་། པེ་ཧྭ་རི་ལང་། སེ་མགུར་སོགས་ཡུལ་ལྷ་གཞི་བདག་རྣམས་ལ་བསྟེན་པ་རེད།

4 རིགས་དབྱེ།

སྤྱིར་ན་རེབ་གོང་གསེར་མོ་ལྗོངས་སུ་དར་ཁྱབ་ཆེ་བའི་དྲུག་པའི་ཀླུ་རོལ་ལ་རིགས་ཀྱི་སྒོ་ནས་དབྱེ་ན་གསུམ་སྟེ་ལྷ་རྩེད་དང་ཀླུ་རྩེད། དམག་རྩེད་བཅས་ཡིན།

4_1 ལྷ་རྩེད།

ལྷ་རྩེད་ནི་རྩེད་མོ་བ་རྣམས་ཀྱིས་ལག་ཏུ་འཁར་རྔ་དང་ལྷ་རྔ་བཟུང་ནས་རང་གི་བསྟེན་པའི་ཡུལ་ལྷ་གཞི་བདག་མིའི་ལུས་ཁོག་ཏུ་ཞུགས་པ་ལྟ་བུའི་ཚུལ་གྱི་འཁར་རྔའི་སྒྲ་གདངས་དང་བསྟུན་ཏེ་ལུས་ཀྱི་ཉམས་འགྱུར་དང་རྐང་བའི་སྟངས་སྟབས་སོགས་ཅུང་མྱུར་བའི་སྒོ་ནས་ལྷ་ངོམ་པ་དང་ལྷ་རྩེད་བྱེད་ཅིང་། རང་གི་མགོ་དང་དཔྲལ་བར་མཚོན་ཆས་གཏར་བ། ཁ་དང་རྒྱབ་ཀྱི་ཤ་རྗེན་སྟེང་དུ་ལྕགས་ཁབ་མང་པོ་འཛེར་ནས་དམར་པོ་ཁྲག་གི་མཆོད་པ་ཕུལ་ཏེ། བསྟེན་པའི་གཞི་བདག་གི་མཚན་ནས་འབོད་པ་བཅས་ཡུལ་ལྷ་གཞི་བདག་མཉེས་པར་བྱེད་པའི་རྩེད་མོའི་རྣམ་པ་ཞིག་ཡིན།

4_2 ཀླུ་རྩེད།

ཀླུ་རྩེད་ནི་རྩེད་མོ་བ་རྣམས་ཀྱིས་རང་རང་གི་མདའ་མདུང་དར་མཚོན་སོགས་ཀྱི་རྩེད་ཆས་རྣམས་བཟུང་ནས་ཆུ་ཁར་སོང་སྟེ་བསང་མཆོད་རྒྱ་ཆེན་པོ་ཕུལ་བ་དང་། ཕུང་བོ་གཙང་མར་བཀྲུ་བ། མདའ་མདུང་དར་མཚོན་སོགས་ཀྱི་རྩེད་ཆས་རྣམས་ཀྱང་ཆུས་བྱུགས་ནས་ཆབ་རྒྱག་པ་བཅས་བྱས་ཏེ། དམག་དཔོན་ཁང་གི་ལྷས་རར་སྟེགས་བུ་གྲུ་བཞི་རྩེ་མོ་མཐོ་ལ་བང་རིམ་ལྡན་པ་ཞིག་བཟོས་ཏེ་ཕྱོགས་བཞིར་གདོང་ལ་ཞོ་དང་འོ་མས་བྱུགས་ཤིང་ལག་ལ་སྦྲུལ་ཤུན་དང་སྦལ་བ། ཆུ་སྲམ། རུས་སྦལ། གསེར་ཉ་བཅས་སྲོག་ཆགས་སྐམ་པོ་གང་མང་བཟུང་བའི་མི་བཞི་སྡོད་པ་དང་། གྲུ་བཞི་བོར་མདུང་རིང་བཞི་བཙུགས་ནས་བང་རིམ་གྱི་སྟེང་དུ་ཇ་དང་ཆང་གི་མཆོད་པ། ཞོ་དང་འོ་མའི་མཆོད་པ། སིལ་ཏོག་དང་མེ་ཏོག་གི་མཆོད་པ། ལོ་འབྲས་དང་ཤིང་ཏོག་གི་མཆོད་པ། བདུག་སྤོས་དང་བསང་རྩིའི་མཆོད་པ་སོགས་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ། དར་རྒྱའི་ས་སྲུང་དུས་སུ་དར་རྒྱའི་གཡུ་མཚོའི་ཀླུ་ལ་མགོན་པོ་འོད་དཔག་མེད་དང་འཕགས་པ་སྤྱན་རས་གཟིགས་རྣམ་གཉིས་ཀྱི་ཞལ་མངོན་པ་ཇི་བཞིན་སྟག་གཟིག་གི་ཆ་བྱད་སྤྲས་པ་མ་ཟད། སྟག་གཟིག་གི་པགས་པས་གཡོག་བརྒྱབ་པའི་རྐང་ཤིང་སྟེང་དུ་བུད་དེ་འཁར་རྔ་དང་ལྷ་རྔའི་སྒྲ་དང་མཐུན་པར་རྩེ་བ་ཞིག་ཡིན་ཞེས་ཟེར་སྲོལ་ཡོད་མོད། འོན་ཀྱང་ད་ལྟ་སྟག་གཟིག་གི་པགས་པ་མི་གྱོན་པར་རྐང་ཤིང་སྟེང་དུ་སྟག་གཟིག་གི་རི་མོ་ཙམ་ལས་མཐོང་རྒྱུ་མེད། གང་ལྟར་ཀྱང་རྩེ་ཚུལ་འདིའི་ཆ་ཡོངས་ནས་བལྟས་ན། གཙོ་བོ་ཀླུ་ལ་མཆོད་པའི་རྩེད་མོ་ཞིག་ཡིན་པས་ཀླུ་རྩེད་ཅེས་ཟེར། དེ་ཡང་ཀླུ་ལ་མཆོད་པ་རྒྱ་ཆེན་འབུལ་བ་ནི་ཐན་སྐྱོན་སོགས་རང་བྱུང་གི་གནོད་འཚེ་མི་འབྱུང་བར་ཆར་ཆུ་དུས་སུ་བབས་ནས་རྩི་ཤིང་ལོ་ཏོག་འཕེལ་ལ། རོང་འབྲོག་གཉིས་སོགས་ལ་འབྱོར་ཕྱུག་རྒྱས་པའི་སྐྱབས་འཇུག་ཞུ་བ་མཚོན་པ་རེད།

4_3 དམག་རྩེད།

དམག་རྩེད་ནི་རྩེད་མོ་བ་རྣམས་ཀྱིས་ལག་ཏུ་མདའ་མདུང་གྲི་གསུམ་དང་རུ་དར་སྣ་ཚོགས་ཐོགས་ཏེ་ཁ་ནས“བེ་ཧ། བེ་བེ། བེ་ཧ”ཞེས་ཟེར་ཞོར་དུ་གཡས་སུ་འཁོར་ནས་རྩེ་བ་དང་། གཡོན་དུ་འཁོར་ནས་རྩེ་བ། མདའ་མདུང་གྲི་གསུམ་དང་རུ་དར་བཅས་མཁའ་རུ་འཕྱར་ནས་རྩེ་བ། རྩེ་མཁན་རྣམས་ཁག་གཉིས་སུ་བགོས་ཏེ་ཕྱི་ལ་བཀྱེད་ནས་རྩེ་བ་དང་ནང་དུ་རུབ་ནས་རྩེ་བའི་དཀྱིལ་དུ། སྡེ་བའི་ནང་གི་ལོ་ན་མཐོ་བའི་རྒན་པོ་ཞིག་གིས་འཁར་རྔ་དང་ལྷ་རྔ་སོགས་རྡུང་ཞོར་དུ་རང་སྡེའི་གཞི་བདག་མཐུ་བོ་ཆེ་དག་གི་མཚན་ནས་བོས་ཏེ་ཡུལ་མི་ཀུན་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་རེ་བཅོལ་བྱེད་པ་མཚོན་པ་ཞིག་རེད།
དེ་ཡང་བོད་ཀྱི་དེབ་ཐེར་སོགས་སུ་མདོ་སྨད་ཀྱི་ཡུལ་སྡེ་ཐམས་ཅད་ནི་སྔོན་བོད་ཀྱི་བཙན་པོའི་སྐུ་རིང་ལ་ཡུལ་མཚམས་སྲུང་བར་མངགས་པའི་དམག་དཔུང་ཡིན་པར་བཞེད་པ་དེ་བཞིན་དུ། རྩེད་མོ་བ་དག་གི་ལག་ཏུ་མདའ་མདུང་གྲི་གསུམ་དང་རུ་དར་སྣ་ཚོགས་བཟུང་སྟེ་དམག་བསྐྱོད་པའི་ཚུལ་དང་། རྩེད་མཁན་རྣམས་ཀྱི་རྐང་བའི་འདེགས་འཇོག་དོ་མཉམ་པའི་ཆེད་དུ“བེ་ཧ། བེ་བེ། བེ་ཧ”ཞེས་བརྗོད་པ་དེས་ལག་གི་རུ་མཚོན་དང་གོམ་སྟབས་དོ་མཉམ་འབྱུང་བའི་དམག་སྦྱོང་བྱེད་སྟངས་དང་འཚོ་བ་རོལ་སྟངས་ཤིག་མཚོན་པར་འདོད་ལ། སྔོན་ཆད་དམག་འཁྲུག་ནང་དུ་སྐུ་གཤེགས་པའི་དཔའ་བོ་རྣམས་ལ་རྗེས་དྲན་ནམ་སྐབས་དེའི་དངོས་ཡོད་ཀྱི་འཚོ་བར་ཕྱིར་དྲན་བྱེད་པའི་རྩེད་མོ་ཞིག་ཀྱང་ཡིན་པས། དམག་རྩེད་ཅེས་བཏགས་པའང་དོན་དང་མཐུན་པ་ཞིག་རེད།

5 རྒྱན་གོས།

སྤྱིར་རེབ་གོང་ཀླུ་རོལ་ལ་རིགས་མི་འདྲ་བའི་དབང་གིས་སྡེ་བ་ཕལ་ཆེ་བའི་རྒྱན་གོས་རིགས་མི་འདྲ་བ་མང་པོ་སྣང་སྟེ། ལ་ལས་ཕོ་གསར་ཚོའི་མགོ་ལ་ཙོར་དམར་ཅན་གྱི་དབྱར་ཞྭ་གྱོན་པ(དབྱར་ཞྭ་ནི་ཕྱིང་ཞྭའི་དབྱིབས་ལྟར་བཟོས་པའི་རས་ཞྭ)དང་། སྐེ་ལ་གའུ་དང་དར་སྣ་དཔྱངས་པ། རྐང་པར་འབོལ་རིལ་གྱོན་པ། སྲམ་ལྤགས་ཆེ་ཆུང་གང་རུང་བརྒྱབ་ཡོད་པའི་ཕྲུག་ལྭ་དང་གོས་ལྭ་གྱོན་པ། ཕོ་གསར་ཆེ་ཆུང་ཐམས་ཅད་ཀྱི་ལག་ཏུ་འཁར་རྔ་དང་ལྷ་རྔ། མདའ་མདུང་གྲི་གསུམ། རུ་དར་སྣ་ཚོགས། བེར་ཀ་ཙོར་ལོ་ཅན། གླིང་བུ། བསིལ་གཡབ། ཁ་བཏགས་སོགས་བཟུང་ནས་ཀླུ་རོལ་བརྩེ་བ་ཡིན།

དེ་བཞིན་དུ་མོ་གསར་ཚོའི་ལུས་ལ་གཙོ་བོ་ཕྲུག་ལྭ་དང་། གོས་ལྭ། ཐེར་མས་བཟོས་པའི་ཨ་མདོའི་མོ་ལྭ་གྱོན་ཞིང་། མགོ་ལ་སྐྲ་ལན་བུ་མང་དུ་བསླེས་ཏེ་མ་གདན་བཏགས་ཡོད་པ་དང་། མ་གདན་གྱི་སྟེང་དུ་ཅ་ལ་དམར་པའི་དངུལ་སྡོང་ངམ་དངུལ་སྒྲོག་མང་པོ་སྟར་ཕྲེང་བསྒྲིགས་ནས་འདོགས་པ་དང་། སྐེ་དང་རྣ་འགྲམ་གཡས་གཡོན་གཉིས་སུ་བྱུ་རུ་དམར་པོའི་སྐེ་རྒྱན་སོགས་བཏགས་ནས་ཀླུ་རོལ་གྱི་རྩེད་མོ་རྩེ་བ་ཡིན། གཞན་ད་དུང་ཙོར་དང་བྱུ་རུའི་ཕྲ་བརྒྱབ་ཡོད་པའི་མོ་ལྭ་རིགས་མི་འདྲ་བ་ཞིག་ཡོད་པ་ནི་སོག་ལྭའི་ཁྱད་ཆོས་ལྡན་པའི་ལྭ་བ་གྱོན་མཁན་གྱི་སྡེ་བ་འགའ་ཡོད་ལ། དེ་དག་ལས་གཉན་ཐོག་སྡེ་བ་ནི་སྔོན་ཧོར་དམག་གི་རིགས་རྒྱུད་ཡིན་ཟེར། “ཧོར་སེ་ཆེན་རྒྱལ་བོའི་དམག་དཔུང་དོར་རྟ་ནག་པོའི་རྒྱུད་ལས་ཆད་པའི་སྡེ་ལ་རེབ་གོང་གཉན་ཐོག་དོར་སྡེ་ཟེར་ལ། དེང་སང་དོར་རྡོ་ཞེས་ཟུར་ཆགས་ནས་འབོད་ཅིང་། དོར་སྐད་ཟེར་བ་ཡང་དེའི་ཆ་ནས་བཏགས་སོ”ཞེས་འཁོད་ཡོད།

6 ལྷ་བསང་གཏོང་བ།

དེ་ཡང་རེབ་གོང་ཀླུ་རོལ་སྐབས་ཀྱི་ལྷ་བསང་གཏོང་བ་དེ་ལ་མཆོད་རྫས་ཀྱི་རྣམ་གྲངས་དང་མཆོད་སྟངས་སོགས་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ལྷ་བསང་གཏོང་ལུགས་དང་བསྡུར་ན་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་པས། རེབ་གོང་གི་ཀླུ་རོལ་རྩེ་བའི་སྡེ་བ་གང་དང་གང་ཞིག་ཡིན་རུང་། ཀླུ་རོལ་གྱི་སྐབས་སུ་དུད་ཁྱིམ་ཐམས་ཅད་ཀྱིས་རང་ཁྱིམ་ནས་ལྷ་བསང་གཏོང་བྱེད་ཀྱི་ཤུག་པ་དང་རྔ་ཕུད། ཆང་ཕུད། ཞོ་ཕུད། འོ་ཕུད། བསང་རྫས་རིལ་བུ། མེ་ཏོག བདུག་སྤོས། ཁ་བཏགས། དཀར་གཏོ། ལྷ་གོར།(གྲོ་ཕྱེ་ཡིས་བཟོས་པའི་ཉི་ཟླའི་དབྱིབས་ལྟ་བུའི་སྲེག་མ་ཆུང་ཆུང་མང་པོ) མཆོད་མེ། རླུང་རྟ། ཤིང་ཏོག་སྣ་ཚོགས། འབྲུ་རིགས་སྣ་ལྔ། མར་རྩམ། ཀ་ར་བུ་རམ། ཕྱེ་རྩི་སོགས་ཟས་སྣ་མང་པོའི་མཆོད་རྫས་ཀྱི་རིགས་ཕུན་སུམ་ཚོགས་པ་ཁྱེར་ནས་ཁྱིམ་མི་རྒན་གཞོན་དང་གར་མཁན་ཐམས་ཅད་ཀྱི་ལྷ་བསང་འབུལ་ཞིང་། རང་ཉིད་ཀྱི་ཁ་ལས་རླུང་རྟ་དར་བ་དང་། དགྲ་བགེགས་བར་ཆད་སེལ་བའི་ཆེད་དུ་སྐྱབས་འཇུག་ཞུ་བ་དང་སྨོན་ལམ་འདེབས་པ་ཡིན་ལ། ཀླུ་རོལ་གྱི་སྐབས་སུ་ལྷ་བསང་རྒྱུན་མི་ཆད་པར་གཏོང་བ་ཡིན།
ཀླུ་རོལ་གྱི་རྩེད་མོ་མཇུག་སྒྲིལ་བའི་སྐབས་སུ་རང་གི་གཞི་བདག་མཐུ་བོ་ཆེ་དག་གི་གནས་རིའི་བསྟོད་པ་དང་རླུང་རྟ་མྱུར་འདོན་སོགས་སྡེ་བའི་སྐྱེས་པ་རྒན་གཞོན་ཐམས་ཅད་ཀྱིས་མགྲིན་དབྱངས་གཅིག་པའི་དབྱངས་རྟར་གྱེས་ནས་འདོན་ཞོར། དད་པ་རྣམ་དག་གིས་ལག་གི་མཆོད་རྫས་སྣ་ཚོགས་མཐོན་པོར་བཏེགས་ཏེ་ལོ་ན་ཆེ་ཆུང་གི་གོ་རིམ་ལྟར་བསང་ཁྲིའི་སྟེང་དུ་མཆོད་རྫས་རི་ལྟར་སྤུངས་ནས་བསང་མཆོད་རྒྱ་ཆེན་པོ་བྱེད་ཅིང་། དུང་འབུད་པ་དང་ཀི་སོ་སྒྲོག་པ། རླུང་རྟ་སྤུར་བ་སོགས་མཛད་སྒོ་རྒྱ་ཆེན་སྤེལ་བ་རེད།

དཔྱད་གཞིའི་ཡིག་ཆ།
1 སྙིང་ལྕགས་ཀྱིས་གཙོ་སྒྲིག་བྱས་པའི 《རྨ་ལྷོའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ11པར་དཔར་ཐེངས་དང་པོ།

དཔྱད་རྩོམ།

Post navigation

Previous Post: རྩ་བའི་བླ་མ།
Next Post: ངས་བོད་ཀྱི་ཆེད་རང་ཉིད་མེར་བསྲེགས།

Comment (1) on “རེབ་གོང་ཀླུ་རོལ།”

  1. BONPO says:
    2017-07-20 at 12:34 am

    སྤྱིར་སྟངས་ཧ་ལས་པའི་ཡག་པོ་བྲིས་གནང་འདུག ལེགས་གསོལ་ཞུ། ཡིན་ནའང་དུས་ཕྱིས་བོད་པ་ཚང་གི་གོམས་གཤིས་ལྟ་བུར་གྱུར་བ་ཞིག་ནི། སྟོད་ཕྱོགས་ནས་རྒྱ་གར་ཚང་དང་འབྲེལ་བའི་བྱ་སྤྱོད་ཁག་བོད་གདོད་མའི་རིག་གཞུང་ཡིན་ཁུལ་བྱེད་པ་དང་། སྨད་ཕྱོགས་ནས་རྒྱ་ནག་ཚང་དང་འབྲེལ་བའི་བྱ་སྤྱོད་ཁག་བོད་གདོད་མའི་རིག་གཞུང་ཡིན་ཁུལ་བྱེད་པ་འདི་དག་ལ། བོད་རིགས་གཞོན་སྐྱེས་ཚོས་ངེས་པར་དུ་ཞིབ་འཇུག་བྱས་ནས། བོད་རང་ལུགས་ཀྱི་གདོད་མའི་རིག་གཞུང་དངོས་གནས་ཡིན་མིན་ལ་དཔྱད་པ་ཡང་དག་བྱ་དགོས་པར་སེམས་སོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme