Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། ༢༦-༢༧

Posted on 2017-05-212017-05-21 By ཁ་བརྡ 7 Comments on སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། ༢༦-༢༧

མི་གསོན་པོ་ནས།

 

སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། ༢༦

སྙིགས་དུས་ཀྱི་མུན་ནག་ཇི་ལྟར་འཚུབས་ཀྱང་ཐུགས་བསྐྱེད་ཀྱི་འོད་སྣང་ཡལ་མི་སྲིད་ཅིང་། བར་ཆད་ཀྱི་གྲང་རླུང་ཅི་ཙམ་རྒོད་ཀྱང་སྙིང་སྟོབས་ཀྱི་བྲག་རི་འགྱེལ་མི་སྲིད་པ། འགྲོ་མང་གི་མཐའ་དང་བསྐལ་མང་གི་ཡུན་སོགས་གང་ལའང་སྐྱོ་བ་མེད་ཅིང་དུས་ནས་དུས་སུ་གཞན་དོན་གྱི་བགྱི་བ་ཁོ་ན་གཙིགས་སུ་བཟུང་བའི་རྒྱལ་ཀུན་འཕྲིན་ལས་ཀྱི་རོལ་པ་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་དབང་གི་རྡོ་རྗེ་ཞེས་སྤངས་རྟོགས་ཀྱི་ཡོན་ཏན་སངས་རྒྱས་དང་མཉམ་པ། འཕྲིན་ལས་ཀྱི་བགྱི་བ་བྱང་སེམས་དང་མཐུན་པ། མཚན་སྙན་གྱི་གྲགས་པ་གོ་ལའི་ཁྱོན་དུ་ཁྱབ་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་གང་ཉིད་ནུབ་ཕྱོགས་སྟོབས་ཅན་རྒྱལ་ཁབ་དབྱིན་ཡུལ་དུ་ཞབས་ཀྱི་པདྨོ་མངོན་པར་བཀོད་དེ་རླབས་ཆེན་གྱི་མཛད་འཕྲིན་སྐྱོང་བཞིན་པའི་དུས་ཀྱི་ཆར། ཁ་སེང་དེ་སྤྱི་ཟླ་ལྔ་པའི་ཚེས་༡༩ཉིན། རྒྱལ་ས་ལོན་ཌོན་དུ་ཡོད་པའི་བྷི་ཊི་ཤའི་དཔེ་མཛོད་ཁང་དུ་ཕེབས་ཏེ་འཛམ་གླིང་གི་གནའ་དཔེ་ཁག་དང་། ཁྱད་པར་དུ་ཞང་བོད་ཀྱི་གནའ་རབས་ཡིག་རྙིང་སྣ་ཚོགས། དེ་བཞིན་ཏུན་ཧོང་ཐོན་པའི་ཆོས་རྒྱལ་ཁྲི་རལ་པ་ཅན་གྱི་སྐུ་དུས་ཀྱི་གནའ་རབས་ཡིག་རྙིང་སོགས་ལ་ཞིབ་གཟིགས་གནང་འདུག དཔེ་མཛོད་ཁང་དུ་གཟིགས་སྐོར་གྲུབ་རྗེས་དབྱིན་ཇིའི་རྩོམ་རིག་སྐྱར་དར་སྐབས་ཀྱི་རྩོམ་པ་པོ་གྲགས་ཅན་དང་། འཛམ་གླིང་ཟློས་གར་གྱི་ཁྱུ་མཆོག་ཤིག་སི་ཕེར་ཞེས་དུས་རབས་བཅུ་དྲུག་པའི་ནང་དུ་འཛམ་གླིང་ན་གྲགས་པ་འབར་བའི་སྒྱུ་རྩལ་བ་གང་གིས་ཟློས་གར་འཁྲབ་ཡུལ་གྱི་ཁང་པ་མེ་རྐྱོན་གྱིས་ཉམས་གུད་སོང་བ་ཕྱིས་སུ་ཨ་རི་བ་ཞིག་གིས་ཉམས་གསོ་བྱས་པ་དེ་ཉིད་གཟིགས་སྐོར་སོགས་གནང་། དེ་རིང་ཚེས་༢༠ཉིན་དབྱིན་ཡུལ་དུ་ཡོད་པའི་རྒྱལ་བ་བཀའ་བརྒྱུད་པའི་ཆོས་སྡེ་ཁག་དང་དད་སྦྱིན་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། བླ་སྤྲུལ་མཁན་གསུམགཙོ་བོར་བྱས་པའི་འདུས་ཚོགས་སྟོང་ཕྲག་གསུམ་ལྷག་ཙམ་གྱི་འཁོར་སློབ་འདུས་པ་རྒྱ་མཚོ་ལ་དངོས་གཞི་བཀའ་ཆོས་དགེ་བཤེས་གླང་པའི་བློ་སྦྱོང་ཚིག་བརྒྱད་མའི་ལྗགས་ཁྲིད་བཀའ་དྲིན་བསྩལ་གནང་མཛད། བཀའ་ཆོས་ཀྱི་སྔོན་དུ་བཀའ་བརྒྱུད་བསམ་ཡས་གླིང་གི་ཆོས་རྗེ་བླ་མ་ཡེ་ཤེས་ནས་ས་གནས་ཀྱི་དད་ལྡན་པ་རྣམས་ཀྱི་ཚབ་བྱས་ཏེ་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་དབྱིན་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ཐུབ་པར་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་དང་། ཁོང་ཅག་གིས་ལོ་ངོ་བཅུ་ཕྲག་ལྷག་ལ་རེ་སྒུག་བྱས་ཏེ་བླ་མ་ཁོང་གི་ཨ་ར་དཀར་པོ་ཡང་ཆགས་སོང་མོད་ད་ལན་ས་གནས་སུ་ཞབས་སོར་འཁོད་ཐུབ་པ་འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཞབས་ཞུ་རོགས་རམ་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང་། དེ་བཞིན་ལོ་རྗེས་མར་བཀའ་བརྒྱུད་བསམ་ཡས་གླིང་ཆགས་བཏབ་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་ཏུ་༧རྒྱལ་དབང་ཀརྨ་པ་གང་ཉིད་ངེས་པར་དུ་ཆིབས་བསྒྱུར་བཀའ་དྲིན་ཆེ་ཞུའི་སྙན་སེང་ཡང་ཕུལ་སོང་། རྒྱལ་མཆོག་བཅུ་བདུན་པ་གང་གིས་ཆོས་རྗེ་བླ་མ་ཡེ་ཤེས་གཙོས་པའི་བཀའ་བརྒྱུད་བསམ་ཡས་གླིང་གི་འགན་འཛིན་རྣམ་པས་ཨ་ཀོང་རིན་པོ་ཆེ་བཤེགས་རྗེས་ལས་དོན་རྣམས་རྒྱུན་འཛིན་གྱིས་འགན་ཁུར་གནང་ཐུབ་པར་བསྔགས་བརྗོད་དང་སྦྲག་དངོས་གཞི་བཀའ་ཆོས་ཀྱི་དབུ་འཛུགས་གནང་སོང་། བཀའ་ཆོས་ཀྱི་ཆེ་བ་འདོན་ཕྱིར་བློ་སྦྱོང་ཚིག་བརྒྱད་མའི་རྩོམ་པ་པོ་དགེ་བཤེས་གླང་ཐང་པ་རྡོ་རྗེ་སེངྒེའི་མཛད་རྣམ་སྤྱི་དང་། དམིགས་བསལ་ཁོང་ནི་སེམས་ཅན་གྱི་བདེ་སྡུག་ཁུར་དུ་བཞེས་ཐུབ་པའི་ཕྱིའི་རྣམ་འགྱུར་ངོ་གདོང་ནག་ཀྱང་ནང་གི་གཤིས་བརྒྱུད་འཇམ་ཞིང་བྱམས་དང་སྙིང་རྗེས་གང་བ་ཞིག་ཡིན་ཚུལ་དང་། དེ་བཞིན་བྱང་ཆུབ་སེམས་དཔའི་སྙིང་ངམ་སྲོག་ལྟ་བུར་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་སྟབས་དེ་ཉིད་བློ་སྦྱོང་བའི་ཡིག་ཆ་རྣམས་ནི་ཧ་ཅང་གལ་ཆེ་ཚུལ་སོགས་གསུངས། དེ་བཞིན་དངོས་གཞི་བློ་སྦྱོང་ཚིག་བརྒྱད་མའི་འགྲེལ་བཤད་མཛད་པའི་རྡོ་རྗེའི་གསུང་རྣམས་བཅོས་ལྷད་ཀྱིས་མི་སྦག་པའི་ཆེད་ཕལ་སྐད་ཡིག་སྐད་དུ་བཅོས་པ་ཙམ་ལས་སྒྲ་སོར་བཞག་གིས་ལེ་ཚན་ཁ་ཤས་སྒྲ་ཕབ་ཞུས་པ་ནི་འདི་ལྟ་སྟེ། སྤྱིར་བློ་སྦྱོང་ཚིག་བརྒྱད་མ་འདི་ཉིད་ཀྱི་ཤོ་ལོ་ཀ་རེ་རེས་ཉམས་ལེན་གྱི་གནད་རེ་བསྟན་གྱི་ཡོད་པ་ལས་དང་པོས་སེམས་ཅན་ཐམས་ཅད་ལ་གཅེས་ཤིང་སྤྲས་པ་འཛིན་པའི་བློ་སྦྱོང་བར་གསུངས་ཀྱི་ཡོད་རེད། དེའི་དཔེར་ལ་ནོར་བུ་རིན་པོ་ཆེ་ལྟ་བུར་བཞག་ཏེ་ཧ་ཅང་རྩ་ཆེ་བའི་ཚུལ་གསུངས་པ་རེད། དཔེར་ན་དེང་སང་ང་ཚོས་རྩ་ཆེ་བར་བརྩི་བའི་ནོར་བུ་རྡོ་རྗེ་ཕ་ལམ་ལྟ་བུའང་རང་བཞིན་གྱིས་ཡག་པོ་ཡིན་མོད་ས་དང་རྡོ་ལ་སོགས་པས་བཀབ་ནས་ཡོད་པ་ཞིག་ལས་གཙང་མ་ཡག་པོ་ཞིག་གི་རྣམ་པ་རུ་དང་པོ་ནས་མཐོང་གི་ཡོད་མ་རེད། འོན་ཏེ་ས་རྡོས་རྡོ་རྗེ་ཕ་ལམ་གྱི་རང་བཞིན་གྱི་ཡོན་ཏན་རིན་ཐང་ཆེན་པོ་ཡིན་པ་དེ་ལ་གནོད་འཚེ་གང་ཡང་བྱེད་ཐུབ་མེད་པ་བཞིན་དུ་སེམས་ཅན་ལ་གཅེས་ཤིང་སྤྲས་པའི་རང་བཞིན་གྱི་ཡོན་ཏན་དེ་ཉིད་སྐྱོན་དང་ནོར་འཁྲུལ་གྱིས་མེད་པ་བྱེད་མི་ཐུབ་པ་ཞིག་རེད། སེམས་ཅན་གཞན་ལ་གཅེས་སྤྲས་བྱེད་རྒྱུ་དེ་ནོར་བུ་རིན་པོ་ཆེ་ལས་ལྷག་པ་བྱེད་དགོས་གསུངས་པ་ལྟར་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་དེང་སང་ཆ་འཕྲིན་གྱི་དུས་རབས་སྟེ། སྔོན་མ་ལས་སེམས་ཅན་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་ལམ་ཉེ་རུ་འགྲོ་བཞིན་ཡོད་པ་དེ་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་ལྟར། ང་ཚོའི་ཟས་གོས་མཐུན་རྐྱེན་ཚང་མ་གཞན་ལ་ལྟོས་དགོས་པ་ཞིག་ཡིན་དུས་དངོས་སུ་སེམས་ཅན་གཞན་རྣམས་རྩ་ཆེན་ཆགས་ཡོད་པ་ཞིག་རེད། རྡོ་རྗེ་ཕ་ལམ་སོགས་ནོར་བུ་རིན་པོ་ཆེ་ནི་ཁོ་རང་རྩ་ཆེ་བ་མ་གཏོགས་དངོས་སུ་ང་ཚོ་ལ་ཕན་བདེ་སྟེར་མི་ཐུབ་ཞིག་ཡིན་པ་དང་། སེམས་ཅན་གཞན་རྣམས་ནི་དངོས་སུ་ང་ཚོ་ལ་ཕན་བདེ་སྟེར་ཐུབ་མཁན་ཞིག་ཆགས་ཡོད་དུས་དེ་ཉིད་ང་ཚོ་རྩ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཐུབ་དགོས་པ་རེད། དེས་ན་སེམས་ཅན་གཞན་རྣམས་རིན་ཐང་ཆེན་པོ་དང་རྩ་ཆེན་པོ་ཡིན་པ་ངོས་ཟིན་པའི་ཆེད་ཉིན་རེ་བཞིན་བློ་ཡང་ནས་ཡང་དུ་སྦྱངས་དགོས་པ་ཞིག་རེད། བློ་སྦྱོང་ཚིགས་བཅད་གཉིས་པའི་དོན་ནི་གནས་གང་དུ་བསྡད་པ་ཡིན་ནའང་འདྲ། གྲོགས་སུ་དང་འགྲོགས་པ་ཡིན་ནའང་རང་ཉིད་ལ་དམན་པ་བལྟས་ཏེ་གཞན་ལ་གུས་བརྩི་བྱེད་དགོས་པ་ཞིག་རེད། དེ་ནི་གཞན་ལ་གུས་བརྩི་བྱེད་པའི་རང་ཉིད་མི་ཡ་རབས་ཚུལ་ལྡན་ཞིག་ཏུ་འགྱུར་ཐབས་དང་ཕྱོགས་གཞན་ཞིག་ནས་ང་རྒྱལ་གྱི་གཉེན་པོ་གྱུར་པ་ཞིག་རེད། སེམས་ཅན་གཞན་གྱི་དོན་བྱེད་སྐབས་སེམས་ཅན་འབྱོར་བ་ཡོད་པ་ཡོན་ཏན་ལྡན་པ་དང་། དེ་བཞིན་ཡོན་ཏན་མེད་པ་དབུལ་པོ་སོགས་མདོར་ན་སེམས་ཅན་འདྲ་མིན་སྣ་ཚོགས་དང་འཕྲད་སྲིད་པ་ཡིན་སྟབས་དེའི་ཆེད་དུ་གྲ་སྒྲིག་ཡོད་པ་ཞིག་དང་། དམིགས་བསལ་གཞན་དོན་བྱེད་སྐབས་ང་རྒྱལ་ལ་གཟབ་དགོས་པ་དེ་ཧ་ཅང་གལ་ཆེན་རེད། བཀའ་གདམས་གོང་མ་རྣམས་ཀྱི་དམན་ས་བཟུང་བའི་དཔེར་རྒྱ་མཚོ་ཆེན་པོ་འཇོག་གནང་གི་ཡོད་རེད། སྤྱིར་རྒྱ་མཚོ་དེ་གཏིང་ཟབ་པ་དང་རྒྱ་ཆེ་བ་དེ་བཞིན་ནུས་པ་ཆེ་བ་ཞིག་ཡིན་པ་སྟེ་སའི་གོ་ལའི་རྒྱ་ཆ་མང་ཆེ་བ་རྒྱ་མཚོ་ཡིན་པ་ལྟ་བུར་རེད། འོན་ཏེ་རྒྱ་མཚོ་ནི་རྟག་ཏུ་དམའ་ས་ལ་གནས་བསྡད་པ་ཞིག་རེད། གལ་སྲིད་རྒྱ་མཚོ་དེ་ས་ཆ་མཐོན་པོ་ཞིག་ལ་གནས་པ་ཡིན་ན་ཆུ་བོ་རྣམས་རྒྱ་མཚོ་རུ་འབབ་མི་ཐུབ་པ་ཞིག་རེད། དེ་བཞིན་རང་ཉིད་དམན་ས་བཟུང་བ་དེ་ཡང་ཕྱོགས་གཅིག་ནས་རང་ཉིད་སློབ་སྦྱོང་བྱེད་མཁན་ཞིག་གི་འདུ་ཤེས་ཐོག་ནས་སེམས་ཅན་སུ་དང་གང་འདྲ་ཞིག་ཐུག་པ་ཡིན་ནའང་ཡོན་ཏན་ལེན་སའི་ཡུལ་ཞིག་ཏུ་བསམ་བློ་བཏང་ཐུབ་ན་གོང་དུ་ཞུས་པ་ལྟར་ཆུ་བོ་རྣམས་རྒྱ་མཚོ་ལ་འབབ་པ་བཞིན་ཡོན་ཏན་ཐམས་ཅད་རང་རྒྱུད་དུ་འབྱུང་ཐུབ་པ་ཞིག་ཡོང་གི་ཡོད་རེད། དེ་བཞིན་ང་རྒྱལ་ཟེར་བ་དེ་ལྡོག་ཕྱོགས་ནས་བཤད་པ་ཡིན་ན་གོང་བུ་ལྟ་བུར་ཞིག་སྟེ། གོང་བུའི་ཐོག་ཏུ་ཆུ་འཁྱིལ་མི་ཐུབ་པ་བཞིན་དུ་རང་རྒྱུད་ཀྱི་ཡོན་ཏན་ཡར་རྒྱས་འགྲོ་བའི་གོ་བཀག་གི་ཡོད་རེད། དམན་ས་བཟུང་བ་དེ་ནི་རང་ཉིད་ཡོན་ཏན་ཡར་རྒྱས་འགྲོ་བའི་ལམ་ལ་ཞུགས་ཡོད་པ་སྟེ་གཞན་གྱི་ཡོན་ཏན་ལེན་ཐུབ་པའི་གོ་སྐབས་ཤིག་ཡིན་པ་རེད། སྐབས་རེར་ང་ཚོས་ང་རྒྱལ་དང་གདེང་ཚོད་སྤོབས་པ་རྣམས་ཅུང་འཁྲུགས་འགྲོ་གི་འདུག ང་རྒྱལ་ནི་རང་འདོད་དེ་རྒྱུ་མཚན་རྣམ་དག་མ་ཡིན་པའི་རྒྱུ་མཚན་ལྟར་སྣང་ཞིག་ལ་བརྟེན་ནས་རང་རྒྱུད་ཁེངས་པའི་རྣམ་པ་ཅན་ཞིག་ལ་ཟེར་གྱི་ཡོད་སྟབས་དེས་གཞན་གྱི་ཡོན་ཏན་ལེན་སའི་གནས་མེད་པ་བྱེད་ཀྱི་ཡོད་རེད། དེེ་བཞིན་སྐབས་རེར་ང་རྒྱལ་གྱི་གཞན་ལ་ཁྱད་གསོད་ཡང་བྱེད་ཀྱི་ཡོད་རེད། ངས་འདི་ནས་དཔེར་མཚོན་ཞིག་ཞུས་ན་ང་རང་སྐྱེས་ས་བོད་ལ་ཆ་མཚོན་ན་སྤྱི་ཡོངས་ནས་ཤེས་ཡོན་ཐད་ཏོག་ཙམ་སྐྱོ་བོ་རེད། མི་མང་པོས་ཡི་གེ་ཡང་ཀློག་མི་ཐུབ་པའི་དཀའ་ངལ་ཡང་ཡོད་པ་རེད། ང་རང་ཆུང་དུས་ཀརྨ་པ་ལ་ངོས་འཛིན་བྱས་ཏེ་སློབ་སྦྱོང་བྱེད་རྒྱུར་རང་ཉིད་ལ་འདོད་པ་ཡོད་མེད་ལ་མ་བལྟོས་པར་མི་ཡིས་ཨུ་ཚུགས་བྱས་ཏེ་སློབ་སྦྱོང་བྱེད་དགོས་པ་དང་། དེ་བཞིན་རྒྱ་གར་ལ་སླེབས་ཏེ་རྒྱལ་ཁབ་མང་པོ་ཞིག་འགྲོ་རྒྱུའི་གོ་སྐབས་བྱུང་དུས་མཐོང་རྒྱ་ཆེ་རུ་ཕྱིན་པའི་ཐོག་ནས་ཉམས་མྱོང་དང་གོ་རྟོགས་ཐོབ་རྒྱུའི་གོ་སྐབས་མང་པོ་རག་སྟབས་ང་རང་ཕ་ཡུལ་གྱི་མི་རྣམས་ལས་སློབ་སྦྱོང་ཆེ་བ་དང་། མཐོང་རྒྱ་ཆེ་བ། ཉམས་མྱོང་ཆེ་བ་ལྟ་བུའི་ཁོང་ཚོ་ལས་ང་རང་དྲག་གི་ཡོད་དྲན་གྱི་ཡོད་རེད། ཡིན་ནའང་དེ་སང་ཕ་ཡུལ་ནས་མི་མང་པོ་དེ་འདྲ་ཡོང་ཐུབ་ཀྱི་མི་འདུག་ཀྱང་མཚམས་མཚམས་བོད་མི་ཁ་ཤས་རྒྱ་གར་ལ་སླེབས་ཡོང་ནས་ཐུག་འཕྲད་བྱེད་དུས། སྐད་ཆ་མང་པོ་ཤོད་པའི་གོ་སྐབས་དེ་འདྲ་ཡོང་གི་མི་འདུག་ཀྱང་དུས་ཐུང་གི་མཇལ་འཕྲད་ནང་དུ་ཁོང་ཚོའི་བཅོས་མ་མིན་པའི་ལྷག་བསམ་རྣམ་དག་གི་ཀུན་སློང་གིས་རྒྱུན་རིང་པོ་ཞིག་ང་ཚོ་ཐུག་རྒྱུའི་རེ་བ་བྱས་ཏེ་བསམ་བློ་ནང་དུ་ཡུན་རིང་ཉར་བའི་སྐད་ཆ་དེ་འདྲ་བཤད་ཡོང་དུས་ང་རང་གི་ངོས་ནས་ཁོང་ཚོ་བཅོས་མ་མིན་པའི་ལྷག་བསམ་དེ་མཐོང་ཡོང་དུས་ཁོང་ཚོའི་བཅོས་མ་མིན་པའི་བསམ་པ་དེ་དག་ལ་སློབ་སྦྱོང་བྱེད་དགོས་པ་ཞིག་དང་དེ་འདྲ་བའི་བཅོས་མ་མེད་པའི་བསམ་བློ་ཞིག་རང་རྒྱུད་ལ་སྐྱེས་ན་ཅི་མ་རུང་སྙམ་པ་ལྟ་བུར་ཡོང་གི་འདུག ཁོང་ཚོ་ལ་ཤེས་ཡོན་གྱི་ཆུ་ཚད་མཐོན་པོ་མིན་ཡང་བཅོས་མ་མིན་པའི་ལྷག་བསམ་གྱི་ཀུན་སློང་བཟང་པོ་དེ་དག་ལ་སེམས་འགུལ་ཐེབས་པ་དང་ཁོ་ཚོ་དམན་པ་མ་ཡིན་པར་རྩ་ཆེན་པོ་རེད་འདུག་སྙམ་པའི་ཚོར་སྣང་དེ་འདྲ་ཡོང་གི་འདུག ཅེས་བཀའ་བསྩལ།

སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། ༢༧

དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་ཀྱི་རོལ་པ་དཔལ་རྒྱལ་བའི་དབང་པོ་ཀརྨ་པའི་བྱིན་རླབས་དང་ཐུགས་རྗེའི་འཇུག་པ་ནུབ་ཕྱོགས་དབྱིན་ཡུལ་གྱི་འགྲོ་བའི་བསོད་ནམས་དངོས་ཀྱི་བགོ་སྐལ་དུ་གྱུར་བཞིན་པའི་དེང་གི་ཆར་སྤྱི་ཚེས་༢༡ཉིན། ཇོ་བོ་བཀའ་གདམས་པའི་ལམ་རིམ་གྱི་མན་ངག་གནད་དུ་བསྡུས་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་ཀྱི་འཕྲོ་དང་ཉིན་རྒྱབ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བཀའ་དབང་བཅས་བཀའ་དྲིན་བསྩལ་གནང་མཛད། ཐུགས་རྗེ་ཆེན་པོའི་བཀའ་དབང་སྐབས་ཀྱི་བཀའ་སློབ་དང་བློ་སྦྱོང་གི་བཀའ་ཁྲིད་ཆ་ཚང་ཡིག་ཐོག་ཏུ་འགོད་རྒྱུའི་དུས་ཚོད་མ་བྱུང་བས་ཀློག་པ་པོ་རྣམས་ལ་དགོངས་སེལ་དང་སྦྲག་དེ་རིང་གི་མཛད་རིམ་གལ་ཆེ་ཤོས་སུ་གྱུར་པ་ས་གནས་བོད་རིགས་མི་མང་ལ་མཇལ་ཁ་བསྩལ་ཏེ་བླང་དོར་གྱི་བཀའ་སློབ་ཟབ་མོ་བཀའ་དྲིན་བསྐྱངས་པ་འདི་ཉིད་གཙོ་གནད་དུ་བཟུང་སྟེ་ཟིན་བྲིས་སུ་བཏབ་པ་ནི། དེ་ཡང་དབྱིན་ཡུལ་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བླ་སྤྲུལ་མཁན་གསུམ་གྱིས་མཚོན་པའི་སྐྱབས་ཡུལ་དགེ་འདུན་ཀྱི་སྡེ། དབྱིན་ཡུལ་བོད་ཀྱི་དོན་གཅོད་སྐུ་ངོ་མཆོག བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་དབུས་པའི་རྒྱུན་ལས་རྣམ་པ་བཅས་ས་གནས་ཀྱི་བོད་རིགས་རྣམས་ལ་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པས་མཇལ་འཕྲད་གནང་སོང་། སྐབས་དེར་གོ་སྒྲིག་པས་སྔོན་འགྲོའི་གཏམ་བཤད་ནང་དུ་༧དཔལ་རྒྱལ་དབང་ཀརྨ་པ་དབྱིན་ཡུལ་དུ་ཐེངས་དང་པོ་ཆིབས་བསྒྱུར་བསྐྱངས་པར་དགའ་དད་སྤྲོ་གསུམ་གྱིས་ཐུགས་རྗེ་ཆེ་ཞུ་དང་སྦྲག་གང་གིས་ཐུགས་བསྐྱེད་བྱམས་བརྩེ་ཆེན་པོས་ས་གནས་ཀྱི་མི་མང་རྣམས་རྗེས་འཛིན་དང་བྱིན་རླབས་བསྩལ་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུའི་གཏམ་བཤད་གྲུབ་རྗེས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་འབྲེལ་མཐུད་པ་དོན་གྲུབ་ཚེ་རིང་གིས་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་དོན་སྙིང་བསྡུས་སྙན་སེང་ཞུས་ཟིན་པ་ན། ས་གནས་ཀྱི་བོད་རིགས་ན་གཞོན་བྱིས་པ་དག་གིས་ཞི་བདེའི་རྒྱལ་སྲས་ཞེས་པའི་ཉེ་ཆར་བོད་ནང་གི་གླུ་བ་གྲགས་ཅན་ཤེར་བསྟན་གྱིས་རྒྱལ་བ་ཀརྨ་པ་ལ་བསྟོད་གླུ་ཕུལ་བ་དེ་ཉིད་དུས་བབ་དང་བསྟུན་དེ་གླུ་ཚིག་ཅུང་བསྒྱུར་བཅོས་ཀྱིས་ཁྱོད་ནི་ཁ་བའི་བླ་སྲོག་རེད། ང་ནི་ཁ་བའི་བུ་ཕྲུག་ཡིན་སོགས་ནས་ཀརྨ་པ་མཁྱེན་ནོ་ཞེས་གངས་ཅན་བོད་ཀྱི་ལོ་རྒྱུས་ཀྱི་བྱུང་བ་རིང་མོ་ནང་དུ་ཡོངས་སུ་གྲགས་ཟིན་ཅིང་ས་རྡོ་རི་བྲག་གང་སར་ནམ་ཡང་ནུབ་མི་སྲིད་པའི་དད་འདུན་གྱི་གསོལ་འདེབས་ཡིག་འབྲུ་བརྐོས་མ་ལོ་རྒྱུས་ཀྱི་རང་བཞིན་ཅན་བོད་ཁམས་སྟོད་སྨད་བར་གསུམ་ཀུན་ཏུ་མཇལ་རྒྱུ་ཡོད་པ་དང་། དད་ལྡན་གངས་ཅན་བོད་པ་ཚང་གི་སྙིང་ལས་བལྟམས་ཤིང་ངག་ནས་བརྡོལ་བའི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་ཡིག་གེ་དྲུག་མ་དང་ངོ་བོ་བདག་ཅིག་དང་འབྲེལ་བའི་ཀར་མཁྱེན་གྱི་དབྱངས་རྟས་འདུས་པ་ཡོངས་ལ་དད་འདུན་གྱི་ཚོར་སྣང་གྱེན་དུ་བཏེགས། གཉུག་སེམས་ལ་བཅོས་ལྷད་ཀྱི་དྲི་མས་མ་སྦག་པའི་ན་ཆུང་བྱིས་པ་རྣམས་ཀྱིས་ཀར་མཁྱེན་གསོལ་འདེབས་ཀྱི་གླུ་དབྱངས་ལ་འདུས་པ་ཡོངས་ཀྱིས་དགའ་བསུ་ཞུས་ཟིན་པའི་དུས་དེར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༧དཔལ་རྒྱལ་བའི་དབང་པོ་ཀརྨ་མཆོག་གིས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་འགྲོ་དོན་མཁའ་ཁྱབ་མ་དང་གཟུངས་མཆོག་ཡི་གེ་དྲུག་མའི་ལྗགས་ལུང་ཟབ་མོ་བཅས་ཆེས་ཐོག་མའི་ཆོས་སྐལ་གྱི་ཚུལ་དུ་བསྩལ་གནང་མཛད། དེ་བཞིན་ས་གནས་མི་མང་རྣམས་ལ་བླང་དོར་ལམ་སྟོན་གྱི་བཀའ་སློབ་ཟབ་མོ་བཀའ་དྲིན་བསྩལ་གནང་བ་ནི་འདི་ལྟ་སྟེ། ‘‘དེ་རིང་འདིར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ང་རང་ཐོག་མར་ཡོང་རྒྱུའི་གོ་སྐབས་བྱུང་བ་དང་། དེ་བཞིན་དེ་རིང་དམིགས་བསལ་དུ་དབྱིན་ཡུལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོ་ལ་ཐུག་འཕྲད་བྱེད་རྒྱུ་བྱུང་བར་སེམས་གཏིང་ནས་དགའ་ཚོར་ཆེན་པོ་བྱུང་། དེས་ན་ང་ཚོ་ས་གནས་ཀྱི་བོད་རིགས་ཚོགས་པའི་ཚོགས་གཙོ་མཆོག་དང་། དེ་བཞིན་ལས་བྱེད་པ་རྣམ་པ། གཞན་ཡང་འདིར་ཕེབས་པའི་མི་མང་ཡོངས་ལ་ངས་འཚམས་འདྲི་ཞུ་རྒྱུ་ཡིན། ཁྱེད་རང་ཚོ་ཚང་མས་མཁྱེན་གསལ་ལྟར་ང་རང་རྒྱ་གར་དུ་སླེབས་ཏེ་ལོ་བཅུ་བདུན་ལྷག་ཙམ་འགྲོ་བཞིན་ཡོད་རེད། དེའི་ནང་དུ་ཨ་རི་དང་། དེ་བཞིན་ཡུ་རོབ་རྒྱལ་ཁབ་འཇའ་མེན། ཧྥ་རན་སི། སུད་སི་སོགས་ལ་འགྲོ་རྒྱུའི་གོ་སྐབས་བྱུང་སོང་། ས་ཆ་གང་འདྲ་ཞིག་ལ་སོང་ནའང་ས་ཆ་དེར་གནས་སྡོད་བྱེད་མཁན་གྱི་བོད་རིགས་མང་ཚོགས་ཚོ་དང་ཐུག་འཕྲད་བྱེད་རྒྱུ་དེ་ངའི་རེ་བ་ཆེ་ཤོས་ཆགས་ཡོད། ཕྱོགས་གཅིག་ནས་ང་ཚོ་བོད་རིགས་སྤུན་ཟླ་ཕུ་ནུ་མིང་སྲིང་སྟེ། ཤ་རུས་གདུང་བརྒྱུད་གཅིག་ཏུ་གྱུར་པའི་བོད་རིགས་གཅིག་པ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ནང་མི་མཉམ་འཛོམས་ཟེར་ནའང་འདྲ། ཕུ་ནུ་ལྷན་འཛོམས་བྱུང་བ་ལྟ་བུ་ཞིག་ལ་བསམ་བློ་གཏོང་གི་ཡོད། དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་མང་པོ་ཞིག་དང་པོ་ཕྱི་རྒྱལ་དུ་འགྲོ་རྒྱུའི་ཆེད་དུ་དཀའ་ངལ་མང་པོ་ཞིག་འཕྲད། ཕྱི་རྒྱལ་དུ་སླེབས་ཟིན་རྗེས་སོ་སོའི་འཚོ་བའི་ཐད་དུའང་དཀའ་ངལ་དང་འགལ་རྐྱེན་མི་ཉུང་བ་ཞིག་ཡོད་པ་ཡིན་དུས་དེ་དག་སེམས་གསོ་དང་རྒྱབ་སྐྱོར་མཚོན་བྱེད་ལྟ་བུའི་ག་དུས་ཡིན་ནའང་བོད་རིགས་མང་ཚོགས་རྣམས་དང་ཐུག་འཕྲད་བྱེད་རྒྱུ་དེ་གལ་ཆེན་པོ་བརྩི་བཞིན་ཡོད། དབྱིན་ཇི་ལུང་པ་ལ་དཔེར་མཚོན་ན་ལོ་རྒྱུས་ཐོག་ཏུ་བོད་པ་དང་འབྲེལ་བ་ཆེན་པོ་ཡོད་བསྡད་པའི་རྒྱལ་ཁབ་ཞིག་རེད། སྔོན་མར་བོད་ལ་དབྱིན་ཇི་དང་ཨ་རི་གཉིས་ལས་ཕྱི་རྒྱལ་ལུང་པ་གཞན་དག་མིང་གོ་མྱོང་མེད་པ་ལྟ་བུར་ཡིན་སྟབས་སྔོན་ནས་འབྲེལ་བ་ཡོད་པ་ཞིག་ཡིན་ས་རེད། ང་རང་ཡིན་ནའང་ཆུང་དུས་ནས་དབྱིན་ཇི་ལུང་པ་ལ་ཡོང་རྒྱུའི་རེ་བ་ཟེར་ན་འདྲ་བསམ་པ་ཡོད་ཀྱང་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་བརྟེན་ད་ལྟའི་བར་དུ་ཡོང་མ་ཐུབ་པ་རེད། འོན་ཏེ་ལོ་མང་པོའི་ནང་དུ་མི་མང་པོ་ཞིག་གིས་རེ་བ་བྱེད་པ་ལྟར་ད་ལན་ཡོང་རྒྱུ་བྱུང་བ་ཡིན་དུས་ང་རང་ཚོ་རང་གཞན་གཉིས་ཀ་ལ་དགའ་སྤྲོ་ཆེན་པོ་བྱུང་བའི་ཚོར་སྣང་བྱུང་། ང་རང་དབྱིན་ཇི་ལུང་པ་སླེབས་ནས་ཉི་མ་ཁ་ཤས་མ་གཏོགས་འགྲོ་གི་མེད་དུས་ས་གནས་ཀྱི་བོད་རིགས་མང་ཚོགས་ཚོའི་གནས་སྟངས་གང་འདྲ་ཡིན་པ་གསལ་པོ་ཤེས་ཀྱི་མེད་སྟབས་མང་པོ་ཞིག་ཞུ་ཤེས་ཀྱི་མི་འདུག། ཡིན་ནའང་གོ་སྐབས་འདི་དང་བསྟུན་ནས་ཞུ་རྒྱུ་གལ་ཆེ་ཤོས་དེ་ང་རང་ཚོ་སྤྱི་ལོ༡༩༥༩ལོ་ནས་གཞིས་བྱེས་གཉིས་སུ་ཁ་བྲལ་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བོད་མི་སྐྱབས་བཅོལ་དུ་འགྲོ་དགོས་པའི་གནས་སྟངས་ཆགས་པ་རེད། སྐྱབས་བཅོལ་དུ་འགྲོ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་སོ་སོའི་ཆོས་དང་རིག་གཞུང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་། མི་རིགས་རང་དབང་བཅས་གང་ཅིའི་ཐོོག་ཏུ་འགོག་རྐྱེན་དང་དཀའ་ངལ་འཕྲད་པ་ལ་བརྟེན་ནས་བཙན་བྱོལ་དུ་ཕྱིན་པ་རེད། དེས་ན་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་རྐྱེན་དེ་དག་ང་ཚོས་གསལ་པོ་ཤེས་དགོས་པ་དེ་གལ་ཆེན་པོ་རེད། ལྷག་པར་དུ་བོད་པའི་ཆོས་དང་རིག་གཞུང་ཐམས་ཅད་ཀྱི་རྩ་བ་དེ་བོད་པའི་སྐད་ཡིག་གཉིས་ཆགས་ཡོད་སྟབས་བོད་པའི་སྐད་ཡིག་ལ་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད། དམིགས་བསལ་དུ་ཕྱི་རྒྱལ་དུ་འཚར་ལོངས་བྱེད་བཞིན་པའི་བོད་པ་ལོ་ཆུང་ན་གཞོན་རྣམས་ཀྱིས་བོད་པའི་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས། བོད་ཀྱི་སྐད་ཡིག་ནི་བོད་པའི་ཆོས་དང་རིག་གཞུང་གི་སྲོག་རྩ་དང་། བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་གལ་ཆེ་ཤོས་དེ་ཆགས་ཡོད་སྟབས་དེ་ཉིད་བོར་བརླག་མ་སོང་བར་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དེ་གལ་ཆེ་ཤོས་ཆགས་ཡོད་རེད་དྲན་གྱི་འདུག དེ་བཞིན་ད་ལྟ་ཡིནའང་རེད། མ་འོང་པ་ཡིན་ནའང་འདྲ། ང་ཚོ་བོད་པ་ནང་ཁུལ་མཐུན་འབྲེལ་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དེའང་གལ་ཆེན་པོ་རེད། བོད་ཆོལ་ཁ་གསུམ་ཟེར་ནའང་འདྲ་བོད་ཡུལ་སྟོད་སྨད་བར་གསུམ་གང་ཞིག་ཡིན་ནའང་བོད་མི་རིགས་ཀྱི་ཤ་རུས་གདུང་བརྒྱུད་གཅིག་པ་ཡིན་པ་དང་། ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་ལ་རྒྱ་ཟེར་ནའང་འདྲ། ཆིག་སྒྲིལ་གྱི་ནུས་པ་དེ་སྔར་དང་མི་འདྲ་བའི་ཡར་རྒྱས་དང་ནུས་པ་ཆེན་པོ་ཆགས་ཡོད་པ་ཡིན་དུས་དེ་ཉིད་བསྲུང་སྐྱོབ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། བོད་མི་རིགས་ཀྱི་བདེ་སྡུག་དང་མི་རིགས་ཀྱི་གནས་སྟངས་ཡག་སྡུག་གང་འདྲ་ཞིག་ཆགས་པ་ནི་ང་རང་ཚོ་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་གདུང་ཤུགས་གཅིག་སྒྲིལ་ཡོད་མེད་ལ་རག་ལས་པ་ཤིག་ཏུ་མཐོང་གི་ཡོད། དེས་ན་ང་ཚོ་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་རེད། ལྷག་པར་དུ་ཕྱི་རྒྱལ་དུ་ཡོད་མཁན་བོད་པ་རྣམས་ག་ས་གང་དུ་ཁ་འཐོར་ནས་བསྡད་ཡོད་པ་ཡིན་དུས་ཕན་ཚུན་གཅིག་གིས་གཅིག་ལ་འབྲེལ་བ་བྱེད་རྒྱུ་དང་། དེ་བཞིན་མཛའ་བརྩེའི་འབྲེལ་ལམ་བཟང་པོ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། གཞན་མང་པོ་ཞིག་ཞུ་རྒྱུ་མེད་ལ་ཞུ་ཤེས་སའང་མ་རེད། ད་ལན་དབྱིན་ཇི་ལུང་པ་ལ་ཡོང་བ་ཐེངས་དང་པོ་ཡིན་དུས་རྒྱལ་ས་ལོན་ཌོན་ལས་ས་གནས་གཞན་མང་པོ་ལ་སླེབས་ས་མ་རེད། རྗེས་མར་ཡོང་བའི་སྐབས་སུ་ས་གནས་གང་སར་འགྲོ་ཐུབ་ན་བསམ་པ་དེ་འདྲ་རེད། ཡིན་ནའང་ཁྱེད་རང་ཚོ་དབྱིན་ཡུལ་གྱི་ལུང་པ་ག་ས་གང་ནས་ང་ཐུག་ས་སླེབས་ཡོང་བར་དགའ་བོ་བྱུང་། ཁྱེད་རང་ཚོ་ལ་དུས་རྒྱུན་དུ་ནས་ཕྱོགས་གང་ཐད་ནས་བཀྲ་ཤིས་པ་དང་ཕུན་སུམ་ཚོགས་པ་དོན་གྲུབ་པ་སོགས་ཀྱི་སྨོན་འདུན་ཞུ་བཞིན་ཡོད། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། ང་རང་ཚོ་བོད་མི་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་ཐུབ་པའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་བཀའ་བསྩལ།” འཇུག་ཏུ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྤེན་པ་བློ་བཟང་ནས་༧དཔལ་རྒྱལ་བ་ཀརྨ་མཆོག་ལ་ས་གནས་བོད་རིགས་ཚོགས་པའི་ཚབ་བྱས་ཏེ་ཕྱག་རྟགས་དང་ལྷ་དར་བཅས་ཕུལ་ཏེ་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་དང་འགྲོ་བ་སྤྱི་དང་བྱེ་བྲག་བོད་མི་རིགས་ཀྱི་མགོན་དཔུང་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་འདུན་བཅས་ཞུས་སོང་།

གསར་འགྱུར།

Post navigation

Previous Post: དོ་ཧ་མི་དགོས་རྣམ་དགུ།
Next Post: སེམས་དཔའ་ཆེན་པོ་རྗེ་བློ་བཟང་དགེ་འདུན་མཆོག་སྐུ་འདས་ནས་བགྲང་བྱ་དགུ་འཁོར་བར་རྗེས་དྲན་ཆེད་རྩོམ།

Comments (7) on “སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། ༢༦-༢༧”

  1. ནུབ་ཕྱོགས་གངས་ཕྲུག says:
    2017-05-22 at 1:13 am

    དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་བྲིས་དགོས་མ་གཏོགས། དེ་མིན་སྒྲོ་བཏགས་ནས་བཤད་ན་དུས་རབས་ཉེར་གཅིག་པ་འདིའི་ནང་ལ་ཁུངས་འཁྱོལ་མི་ཡོང་། རྩོམ་དེའི་ནང་ལ་སྤངས་རྟོགས་ཀྱི་ཡོན་ཏན་སངས་རྒྱས་དང་མཉམ་པ། ཧ་ཧ་ཧ ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འདི་ནི་དགེ་ལུགས་པའི་རྗེ་ཙོང་ཁ་པ་ལ་བྲིས་སྲོལ་རེད། ད་དུང་མང་ངོ།

  2. བཀྲ་ཡེ་ཚང་། says:
    2017-05-22 at 4:41 pm

    དགེ་ལུགས་པའི་༧ རྗེ་རིན་པོ་ཆེ་ལ་དེ་འདྲ་འབྲི་སྲོལ་མེད་ན་གཞན་པ་ཚོས་འབྲི་མི་ཆོག་པ་ག་རེ་ཡིན་ནམ། རྒྱལ་བ་ཀརྨ་པ་མཆོག་ལ་དད་པ་དམ་ཚིག་ཡོད་མཁན་ཚོའི་སྣང་ངོར་སངས་རྒྱས་ཡིན་སྲིད་པ་རེད།

  3. ནུབ་ཕྱོགས་གངས་ཕྲུག says:
    2017-05-22 at 10:59 pm

    ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་ཙོང་ཁ་པ་ཞེས་བྲིས་སྲོལ་ཡོད། ཀརྨ་པ་ཨོ་རྒྱན་འཕྲིན་ལས་ད་ལྟ་ཁོ་རང་རྒྱུད་སྟོད་ལ་གནས་ཚང་གཡར་འདུག ཀམ་ཚང་དགོན་པ་ཚང་མ་ཁོ་རང་གི་མངའ་འོག་ལ་མི་འདུག ད་དུང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ག་འདྲ་སེ་རེད།

  4. ཀརྡོ་རབ་འབྱམས་པ་ says:
    2017-05-23 at 2:41 am

    ་་་་་་་་་་ དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། ང་རང་ཚོ་བོད་མི་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་ཐུབ་པའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་བཀའ་སྩལ། ་་་་་་་་་

  5. དགའ་སྐུ་ says:
    2017-05-23 at 9:12 pm

    སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ་ཨེ་མ་ཧོ། དུས་གསུམ་རྒྱལ་ཀུན་གཅིག་འདུས་ཀརྨ་པ་མཁྱེན་ནོ། མི་གསོན་པོ་ལགས་མུ་མཐུད་འགོད་རོགས་གནང་ཁྱེད་ལ་བཀའ་དྲིན་ཆེ་ཞུ།

  6. བན་དེ་བ། says:
    2017-05-23 at 11:13 pm

    མི་གསོན་པོ་ལགས་་་་དེར་ཡོད་དཔལ་དགྱེས་པ་རྡོ་རྗེའམ་ཨེ་མ་ཧོ་ཟེར་བ་དེ་ཀརྨ་པ་མཆོག་ལ་མཇལ་ཁར་བཅར་སོང་ངམ། ཁོང་ག་དུས་ཡིན་ཡིན་ནའང་ཞྭ་དམར་ཀརྨ་པ་དང་སི་ཏི་ཀརྨ་པ་ཞེས་རྟག་པར་རྟག་གཅིག་བཤད་བསྡད་ཡོང་མཁན་ཞིག་རེད། དེའི་རིགས་ལ་གཟབ་དགོས།

  7. བཀྲ་ཤིས། says:
    2017-05-24 at 4:54 pm

    དད་པ་དང་དམ་ཚིག། དག་སྣང་དང་གསོལ་འདེབས་ཟེར་བ་འདི་ཚོ་ཆོས་ཞིག་འགྲུབ་དགོས་ན་མེད་དུ་མི་རུང་བའི་གལ་ཆེན་ཞིག་ཡིན་ཀྱང། རང་མཐོང་ང་རྒྱལ་ཅན་གྱི་དག་སྣང་དང། གཞན་ལ་མཐོང་ཆུང་དང་ཁྱད་གསོད་ཅན་གྱི་དད་པ་འདི་རིགས་ཆོས་ལོག་བདུད་དུ་སོང་བ་དང། སྨན་ལོག་དུག་ཏུ་སོང་བ་བཞིན་ཡིན་པས་དཔྱད་པར་འཚལ་ལོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme