Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕོ་བྲང་དཀར་པོའི་ནང་ས་གཡོམ་ཐེངས་འགའ་བརྒྱབ་འདུག

Posted on 2017-05-142017-05-14 By ཁ་བརྡ 6 Comments on ཕོ་བྲང་དཀར་པོའི་ནང་ས་གཡོམ་ཐེངས་འགའ་བརྒྱབ་འདུག

ལྷ།བྱ་འཕུར་མ།

 

ད་ལོའི་ཟླ་༡ ཚེས་ ༢༠ ཉིན་ལོ་བདུན་བཅུ་ཡིན་པའི་ཨ་རིའི་ས་ཁང་འཛུགས་སྐྲུན་གྱི་ཕྱུག་དབང་ཆེན་པོ་སྐུ་ཞབས་ཁྲི་རོན་པུ་(Donald J Trump)ལགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་མདུན་ཐང་དུ་སྲིད་འཛིན་ ༤༥ ཡི་སྲིད་འཛིན་དམ་འབུལ་གནང་རྗེས། ཕོ་བྲང་དཀར་པོའི་ནང་ས་གཡོམ་རིམ་པ་འགའ་བརྒྱབ་པ་དང་རྒྱག་གི་ཡོད་སྟབས། ཨུ་རུ་སུའི་མའོ་སུ་ཁོ་( Moscow) དང་རྒྱ་ནག་གི་པེ་ཅིན་གྱི་དཔོན་རིགས་གཙོས། ཨ་རིའི་གསར་ཁང་སེ་ཨན་ཨན་ (CNN) ཧྥོ་ཁུ་ (Fox News)། ནེའུ་ཡོག་དུས་བབ། ཝ་ཤིན་ཊོན་ཆ་འཕྲིན་གཙོས་འཛམ་གླིང་གི་གསར་ཁང་ཁག་གིས་དུས་ཚོད་ཉེར་བཞི་རིང་ཕོ་བྲང་དཀར་པོའི་མདུན་ཕྱོགས་ཀྱི་སྒེའུ་ཁུང་ཉི་ཤུ་དང་སྒོ་གཅིག་པུར་ལྟ་སྲུང་བྱེད་བཞིན་ཡོད་པ་དང་། སྲིད་འཛིན་ཁྲི་རོམ་པུ་ལགས་དང་ཁོང་གི་སློབ་སྟོན་པ། ལས་བྱེད་དག་གིས་སྔར་བཞིན་ཕོ་བྲང་དཀར་པོའི་ནང་དུ་ས་གཡོམ་བརྒྱབ་མེད་མདོག་མདོག་གིས། སྲིད་འཛིན་གྱི་འབྲེལ་ཡོད་གནད་ཡོད་མི་སྣ་དང་རྒྱལ་ཁབ་གཞན་གྱི་མཐོ་རིམ་དཔོན་རིགས་དག་ཕོ་བྲང་དཀར་པོའི་རྒྱབ་ཕྱོགས་སུ་སྣེ་ལེན་ཕེབས་བསུ་བྱས་དང་བྱེད་བཞིན་ཡོད།

དམག་དོན་གསང་བའི་ལས་ཁུངས་ཀྱི་སློབ་སྟོན་པ་གནས་དབྱུང་། 

༢༠༡༦ ལོར་ཨ་རིའི་སྲིད་འཛིན་འོས་བསྡུ་སྐབས་སྲིད་འཛིན་ཁྲི་རོན་པུ་ལགས་རྒྱབ་སྐྱོར་བྱེད་མཁན་སྐར་གསུམ་ཅན་གྱི་དམག་སྤྱི་ཟུར་བ་ཧྤེ་ལིན་( Michael Flynn)  ལགས་ཀྱིས། དེ་སྔོནསེ་རུ་ཡ་ (Syria) དང་ཨེ་རག་( Iraq) ཁུལ་དུ་ཡོད་པའི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་པས་བཙུགས་པའི་ཁ་ཆེ་རྒྱལ་ཁབ་(ISIS)ཟེར་བ་རྩ་མེད་གཏོང་ཆེད་སྲིད་འཛིན་ཨོ་བྷ་མ་ལ་ཨ་རིའི་དམག་དཔུང་གཏོང་དགོས་པའི་སྐུལ་སློང་བྱས་དེ་ལྟ་བྱུང་མེད་སྟབས། ཁོས་ཨོ་བྷ་མའི་དཀྱིལ་ཤར་ཨེ་ཤ་ཡའི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པར་གོ་གནས་ཕྱིར་འབུད་བཏང་ཡོད། སྐབས་དེར་ཁོང་ནི་ཨ་རིའི་དམག་དོན་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཡིན། ཨ་རིའི་སྲིད་འཛིན་འོས་སྐབས་ཁོས་ཨོ་བྷ་མ་སྲིད་གཞུང་གིས་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་གང་སར་ཁྱབ་བཅུག་པ་དང་དཀྱིལ་ཤར་ཨེ་ཤ་ཡའི་ཕྱི་འབྲེལ་སྲིད་བྱུས་ལྷོད་གཡེང་ཤོར་བའི་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད།

ད་ལྟའི་ཨ་རི་སྲིད་འཛིན་ཁྲི་རོན་པུ་ལགས་ལ་སྲིད་འཛིན་འོས་བསྡུ་ཐོབ་རྗེས། ཁྲི་རོན་པུ་ལགས་ཀྱིས་ཁོ་རང་ཨ་རིིའི་དམག་དོན་གསང་བའི་ལས་ཁུངས་ཀྱི་སློབ་སྟོན་པ་བསྐོ་རྒྱུ་ཡིན་པའི་གནས་ཚུལ་སར་ལམ་ཁག་ཏུ་ཐོན་པ་དང་། ཨ་རིའི་གསར་ལམ་ཁག་ཏུ་ཡང་བསྐྱར། ཁོ་རང་གིས་ཨ་རིའི་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་ཁེ་སུལ་ཡཱ་ཁུ་(Sergey Kislyak) ལ་ཁ་པར་བརྒྱུད་འབྲེལ་བ་བྱས་ཏེ། སུ་རི་ཡའི་ནང་འཁྲུགས་ཀྱི་གནད་དོན་དང་ཨ་རིའི་སྲིད་གཞུང་གསར་པས་དེ་སྔོན་ཨོ་བྷ་མ་སྲིད་གཞུང་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས། ཨུ་རུ་སུས་ཡོ་ཁུ་རེན་( Ukraine) གྱི་རང་སྐྱོང་མངའ་ཁུལ་ཁུ་རེ་མེ་ཡ་(Crimea)བཙན་བཟུང་བྱས་པར་དཔལ་འབྱོར་ཉེས་ཆད་བཏང་བ་དེ་ཕྱིར་འཐེན་བྱ་རྒྱུའི་སྐད་ཆ་བཤད་ཡོད་པའི་སྐོར་གནས་ཚུལ་ཐོན་པར་བརྟེན། དེ་སྔོན་ཁོས་བདམས་ཐོན་སྲིད་འཛིན་གཞོན་པ་པེན་སི་(Mike Pence) ལགས་ལ་གནས་ཚུལ་འདི་སྐོར་གསལ་བོ་སྙན་གསང་ཞུ་ཡོད་མི་འདུག

ཨ་རིའི་འགྲོ་སྟངས་ལྟར། ལས་ཐོག་སྲིད་འཛིན་གྱིས་བདམས་ཐོན་སྲིད་འཛིན་ཕོ་བྲང་དཀར་པོའི་ནང་མགྲོན་འབོད་བྱས་སྟེ། ཨ་རིའི་ནང་སྲིད་དང་ཕྱི་སྲིད་འབྲེལ་ལམ་གཙོས་གནད་དོན་སྐོར་ལ་ལམ་སྟོན་དང་རྩིས་སྤྲོད་གནང་གི་ཡོད། ༢༠༡༦ ལོའི་ཟླ་༡༡ ཚེས་ ༡༠ ཉིན། སྲིད་འཛིན་ཨོ་བྷ་མས་ཀྱང་བདམས་ཐོན་སྲིད་འཛིན་ཁྲི་རོན་པུ་དང་སྐུ་ཟླ་གཉིས་ཕོ་བྲང་དཀར་པོའི་ནང་མགྲོན་འབོད་དང་ཐུག་འཕྲད་སྐབས། སྲིད་འཛིན་ཨོ་བྷ་མས་ཁྲི་རོན་པུ་ལགས་ལ་དམག་སྤྱི་ཟུར་བ་ཧྥེ་ལིན་དམག་དོན་གསང་བའི་ལས་ཁུངས་ཀྱི་སློབ་སྟོན་པ་བསྐོ་བཞག་བྱེད་པར་ཉེན་ཁ་ཡོད་པའི་བསམ་ཚུལ་བཏོན་ཡོད་ཀྱང་། ཁྲི་རོན་པུ་ཨ་རིའི་སྲིད་འཛིན་ཆགས་རྗེས་སྲིད་འཛིན་ཨོ་བྷ་མའི་བསམ་ཚུལ་སྣང་མེད་བཞག་ཏེ་ཧྥེ་ལིན་གསང་བའི་ལས་ཁུངས་གལ་ཆེན་དེའི་སློབ་སྟོན་པ་བསྐོ་བཞག་བྱས་ཡོད།

ཟླ་གཉིས་པའི་ཚེས་མགོར་གསར་ལམ་བརྒྱུད་ལམ་ཁག་ཏུ་ཡང་བསྐྱར་དམག་སྤྱི་ཟུར་བ་ཧྥེ་ལིན་ལགས་ཀྱིས། ན་ནིང་སྤྱི་ཟླ་༡༢་ཚེས་ ༢༩ ཉིན་གཙོས་ཐེངས་འགར་ཨུ་རུ་སུའི་གཞུང་ཚབ་ཆེན་མོར་ཁ་པར་བརྒྱུད་སེ་རུ་ཡ་དང་ཨུ་རུ་སུའི་དཔལ་འབྱོར་ཉེས་ཆད་སྐོར་ལ་སྐད་ཆ་བཤད་ཡོད་པར་བདེན་དཔང་བྱས་ཡོད་པ་དང་། ཉིན་དེར་ཨོ་བྷ་མ་སྲིད་གཞུང་གིས་ཨ་རིའི་ནང་ཡོད་པའི་ཨུ་རུ་སུའི་གཞུང་འབྲེལ་མི་སྣ་༣༥ ཡིས་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་བྱུས་གཏོགས་དང་ཨ་རིའི་ནང་གསང་བའི་ལས་ཀ་བྱས་ཡོད་པས། ཁོ་ཚོ་དང་ཁྱིམ་མི་རྣམས་དུས་ཚོད་༢༤་ནང་འཚུད་དུ་ཨ་རིར་འགྲོ་དགོས་པའི་བཀའ་རྒྱ་བཏང་བ་དང་། དེ་ནི་རྒྱལ་སྤྱི་ལོ་སར་ལ་ཏག་ཏག་འཁེལ་ཡོད། ཨུ་རུ་སུ་སྲིད་འཛིན་པུ་ཌིན་ལགས་ཀྱིས་ཨོ་བྷ་མ་སྲིད་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་པ་མ་གཏོགས་ཨུ་རུ་སུའི་ནང་ཡོད་པའི་ཨ་རིའི་གཞུང་འབྲེལ་མི་སྣ་སུ་ཡང་ཕྱིར་འབུད་བཏང་མེད། དེ་ལས་ལྡོག་ཏེ་སྲིད་འཛིན་པུ་ཌིན་ལགས་ཀྱིས་ཨུ་རུ་སུའི་ནང་ཡོད་པའི་ཨ་རིའི་གཞུང་འབྲེལ་མི་སྣ་དང་ཁོ་ཚོའི་བྱིས་པ་ཚོར་ལོ་སར་ལ་མགྲོན་འབོད་དང་སྦྲགས། ཨ་རིའི་སྲིད་གཞུང་གསར་བ་མཉམ་དུ་ཕྱི་འབྲེལ་ཡག་པོ་ཡོད་རེ་བ་རྒྱག་གི་ཡོད་ཅེས་བརྗོད། དེ་ལ་བདམས་ཐོན་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱིས་ཌི་ཝེ་ཌིར་(Twitter)བརྒྱུད་སྲིད་འཛིན་པུ་ཌིན་ལགས་ཧ་ཅང་སྤྱང་གྲུང་ལྡན་པའི་སྲིད་དོན་པ་ཞིག་ཡིན་པའི་བསྔགས་བརྗོད་བྱས་ཏེ་ཁོ་རང་ཕོ་བྲང་དཀར་པོ་ནང་བསླེབས་རྗེས་ཨ་རི་དང་ཨུ་རུ་སུ་གཉིས་ཀྱི་ཕྱི་སྲིད་འབྲེལ་ལམ་ཡག་པོ་ཆགས་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་ཡོད། དོན་དངོས་ཐོག་སེ་རི་ཡའི་གནད་དོན་ཐོག་རྒྱལ་ཁབ་གཉིས་བར་གྱི་ཕྱི་སྲིད་འབྲེལ་ལམ་ཁྱི་དང་ར་ལྟ་བུའི་ཆགས་ཏེ་ཧ་ཅང་རྣོ་ངར་ལྡན་ཞིག་ཡིན།

དམག་སྤྱི་ཟུར་བ་ཧྥེ་ལིན་ལགས་ཀྱིས་ཨུ་རུ་སུ་གཞུང་ཚབ་ཆེན་མོ་ལྐོག་འབྲེལ་བྱས་པའི་གནས་ཚུལ་གསར་འགྱུར་ཁག་ནང་བསྟུན་མར་ཐོན་བརྟེན། ཟླ་༢ ཚེས་༡༣ ཉིན་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱིས། ཧྥེ་ལིན་ཀྱིས་སྲིད་འཛིན་གཞོན་པ་པན་སི་ལགས་ལ་མགོ་སྐོར་བཏང་བའི་གནས་ཚུལ་འོག་ཁོ་རང་དམག་དོན་གསང་བའི་ལས་ཁུངས་ཀྱི་སློབ་སྟོན་པའི་གོ་གནས་ནས་དགོངས་ཞུ་དགོས་བའི་བཀའ་ཕེབས་པ་དང་དགོངས་ཞུ་ཡོད་འདུག

ཧྥེ་ལིན་གྱིས་དགོངས་ཞུ་ཡི་གེའི་ནང། གནས་ཚུལ་བྱུང་བའི་གོམ་ཁ་ཧ་ཅང་མགྱོགས་པ་དང་སྟབས་མ་ལེགས་པར་སྲིད་འཛིན་གཞོན་པ་པན་སི་ལགས་ལ། ཨུ་རུ་སུའི་གཞུང་ཚབ་ཆེན་མོ་ལ་ཁ་པར་ནང་འབྲེལ་བ་བྱས་པའི་གནས་ཚུལ་ཆ་ཚང་ཞིག་དོ་གལ་མི་མིན་པའི་གནས་སྟངས་འོག་སྙན་གསང་ཆ་ཚང་ཞུས་མ་ཐུབ་པས། རང་ངོས་ནས་ལྷག་བསམ་རྣམ་དག་གིས་སྲིད་འཛིན་གཙོ་གཞོན་གཉིས་ལ་དགོངས་དག་ཞུས་ཡོད་ཅེས་བྲིས་ཡོད། དེ་ནི་སྲིད་འཛིན་ཁྲི་རོན་པུ་ལགས་ཕོ་བྲང་དཀར་པོ་ནང་བསླེབས་རྗེས་ཀྱི་ཉིན་༢༤ ནང་བྱུང་བའི་ས་གཡོམ་ཐོག་མ་དེ་ཆགས་ཡོད།

དེང་སང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཧྥི་ལིན་ལགས་ཀྱིས་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་ལ་སྐད་ཆ་གང་དག་ཡོད་མེད་དང་ལྐོག་དངུལ་བླངས་ཡོད་མེད་འདྲི་རྩད་གནང་གི་ཡོད་ལ། ཁུངས་ལྡན་གནས་ཚུལ་ཐོན་པ་ལྟར་ན། ༢༠༡༥ ལོར་ཨུ་རུ་སུའི་ཉིན་རེ་བརྙན་འཕྲིན་ཁང་(RT) གིས་༢༠༡༥ ཡུལ་བབ་སྲིད་བྱུས་དང་འཛམ་གླིང་ནང་གི་ཨུ་རུ་སུའི་བྱེད་སྒོ་འགྱུར་ལྡོག་ཟེར་བའི་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་ཡོད་པ་དང་། ཧྥེ་ལིན་བགྲོ་གླེང་ཐོག་གསུང་བཤད་གནང་མཁན་ལ་མགྲོན་འབོད་གནང་སྟེ། ཁོ་རང་ལ་གནམ་གྲུ་གླ་ཆ་དང་མགྲོན་ཁང་། ཟས་དོད་སོགས་ཀྱི་འགྲོ་གྲོན་བཏང་ཡོད་པ་མ་ཟད་། དབྱིན་ཡུལ་རྒྱལ་ས་ལོན་ཊོན་(London)ཡོད་པའི་གསར་ཁང་གི་ཡན་ལག་བརྒྱུད་ནས་ཨ་སྒོར་༣༣༧༥༠ ཧྥེ་ལིན་མཐུན་ཚོགས་ལ་སྤྲད་ཡོད་འདུག སྐབས་དེར་ཧྥེ་ལིན་དང་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་ལགས་གཉིས་མཉམ་དུ་སྒྲོག་ཙེ་གཅིག་སྟེང་དུ་གསོལ་སྟོན་རོལ་བའི་གོ་སྐབས་ཡང་བྱུང་ཡོད་འདུག

ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ཀྲུང་དབྱང་བརྙན་འཕྲིན་ཁང་ནི་རྒྱ་ནག་དམར་ཤོག་ཚོགས་པས་སྟངས་འཛིན་འོག་དམར་ཤོག་ཚོགས་པའི་སྲིད་བྱུས་ལངས་ཕྱོགས་དང་མཐུན་པའི་གསར་འགྱུར་སྤེལ་གྱི་ཡོད་པ་ལྟར། ཨུ་རུ་སུ་ཉིན་རེ་བརྙན་འཕྲིན་གསར་ཁང་གིས་ཡང་ཨུ་རུ་སུའི་ལངས་ཕྱོགས་ཁོ་ན་ལྟར་གསར་འགྱུར་སྤེལ་གྱི་ཡོད་ཚུལ་ངོས་འཛིན་བྱེད་ཀྱི་ཡོད།  ལྷག་དོན་གསར་ཁང་འདི་ཨུ་རུ་སུ་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པས་ཧྥེ་ལིན་མཐུན་ཚོགས་ལ་འབྱོར་བའི་དངུལ་ཡང་ཨུ་རུ་སུ་གཞུང་གིས་སྤྲད་ཡོད་པར་དོགས་པ་ཟ་བཞིན་ཡོད།

དེ་མིན་ཨ་རིའི་ནང་ཡོད་པའི་ཨུ་རུ་སུའི་དྲ་ཚིགས་བདེ་འཇགས་ཁེ་ལས་མཐུན་ཚོགས་( Kasperysky Lab )  ཀྱིས་རྒྱལ་ས་ཝ་ཤིན་ཊོན་(Washington D.C) ནང་དྲ་ཚིགས་བདེ་འཇགས་ཚོགས་ཆེན་ཐོག་ཧྥེ་ལིན་མགྲོན་འབོད་དང་གཏམ་བཤད་སྤེལ་བར་ཨ་སྒོར་༡༡༢༥༠ ཞིག་ཡང་སྤྲད་ཡོད་འདུག གནས་སྟངས་འདི་དག་གི་འོག་ནས་ཁོ་རང་ཨུ་རུ་སུར་སྒེར་འབྲེལ་ཤུགས་ཆེན་ཡོད་སྟབས། ཁོ་རང་ཨུ་རུ་སུའི་གཡོ་སྒྱུ་འོག་ཚུད་ནས་ཨ་རི་རྒྱལ་ཁབ་ཀྱི་བདེ་འཇགས་དང་དམག་དོན་གསང་བ་ཕྱིར་ཤོར་བའི་ཉེན་ཁ་ཆེན་པོ་ཡོད་པས་དགོངས་པ་མ་ཞུ་ག་མེད་ཆགས་འདུག

སློབ་སྟོན་པ་གཉིས་ཀྱི་འགའ་ཟླ།

ཧྥེ་ལིན་གྱིས་ཨ་རིའི་དམག་དོན་གསང་བའི་ལས་ཁུངས་ཀྱི་སློབ་སྟོན་པའི་གོ་གནས་ནས་དགོངས་པ་ཞུས་རྗེས། ཕོ་བྲང་དཀར་པོའི་ནང་དུ་ཁོ་རང་ལ་རྒྱབ་སྐྱོར་བྱེད་མཁན་ཕོ་བྲང་དཀར་པོའི་སྲིད་བྱུས་སློབ་སྟོན་པ་བྷེན་ནོན་( Steve Bannon) ལགས་དང་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱི་སློབ་སྟོན་པ་དང་བུ་མོའི་མག་པ་ཁོབ་ཞི་ནར་(Jared Kushner )གཉིས་བར་ཨ་རིའི་འཕྲོད་བསྟེན་དང་སྐྱབས་བཅོལ། ཚོང་ལས། དཔྱ་ཁྲལ་སོགས་ཀྱི་སྲིད་བྱུས་ལག་ལེན་གནང་སྟངས་ཐོག་ལྟ་བ་མ་མཐུན་པར་སྲིད་འཛིན་ཁྲི་རོན་པུ་ཁོང་ཁྲོ་ལངས་ཏེ་ཅུང་ཙམ་མ་གཏོགས་སློབ་སྟོན་པ་བྷེན་ནོན་གྱི་གོ་གནས་ཤོར་འགྲོ་བྱས་ཡོད། ཡིན་ནའང་། བྷེན་ནོན་ནི་མི་རིགས་རིང་ལུགས་པ་དང་ཨ་རིའི་ཁེ་ཕན་གཙོ་བོ་འཛིན་བྱེད་མཁན་བྱེད་ཞིག་ཡིན་པས་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱི་ལངས་ཕྱོགས་དང་མཐུན་པའི་ཆ་མང་པོ་ཡོད་འདུག

ཟླ་༡ ཚེས་༢༧ ཉིན། ཨ་རིའི་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱིས་སྲིད་འཛིན་གྱི་དམིགས་བསལ་དབང་ཆ་བེད་སྤྱོད་ཀྱིས་ཁ་ཆེ་རྒྱལ་ཁབ་སེ་རི་ཡ་དང་ལེ་བྷེ་ཡ་(Libya)། ཨེ་རན་(Iran)།  ཡེ་མན་(Yemen)། སོ་དན་(Sudan)། སོ་མྰ་ལེ་ཡ་(Somalia)། ཨེ་རག་བཅས་ཀྱི་ཕྱི་འབྲེལ་མི་སྣ་མ་ཡིན་པའི་མི་སེར་ཨ་རིའི་ནང་དུ་ཟླ་གསུམ་རིང་ཡོང་བར་བཀག་འགོག་བྱས་པའི་བཀའ་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཨ་རིའི་ནང་གི་རྒྱལ་སྤྱི་གནམ་ཐང་ཁག་ཏུ་གོང་གི་རྒྱལ་ཁབ་དག་གི་མི་སེར་ལ་ཨ་རིའི་གཏན་སྡོད་ཆོག་མཆན་དང་མཐོང་ཆེན་ཡོད་ཀྱང་གནམ་ཐང་དུ་བཀག་པ་དང་ཕྱིར་ལོག་པ་སོགས་ཀྱི་དཀའ་ངལ་ཆེན་པོ་བྱུང་བརྟེན། ཨ་རིའི་ནང་ཡོད་པའི་ཁ་ཆེ་མི་རིགས་གཙོས་མི་མང་གིས་བཀའ་རྒྱ་དེས་དམིགས་བཀར་ཁ་ཆེ་ཆོས་ལུགས་ཟུར་ཕུད་དང་བརྙས་བཅོས། འདྲ་མཉམ་མིན་པས་ངོ་རྒོལ་ཤུགས་ཆེན་བྱས་པར་ཨ་རིའི་མཐོ་རིམ་ཁྲིམས་ཁང་ཁག་ཅིག་གི་ཁྲིམས་དཔོན་ཁག་འགས་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱི་བཀའ་ཁྱབ་ཁྲིམས་མཐུན་མིན་པར་རྩིས་མེད་བཏང་བ་རེད།

ཟླ་༣་ཚེས་ ༦ ཉིན་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱིས་ཨེ་རག་མ་ཚུད་པའི་གོང་གི་རྒྱལ་ཁབ་དྲུག་གི་མི་སེར་ཨ་རིའི་ནང་ཡོང་བར་བཀག་འགོག་བཀའ་རྒྱ་ཐེངས་གཉིས་པ་བསྒྲགས་ཀྱང་།  ཡང་བསྐྱར་ཁྲིམས་དཔོན་འགས་རྩིས་མེད་བཏང་བས་སྲིད་འཛིན་ཁྲི་རོན་པུའི་བཀའ་རྒྱ་ནུས་མེད་ཆགས་པ་དང་ལེགས་འགྲུབ་བྱུང་མེད། དེ་ནི་སྲིད་བྱུས་སློབ་སྟོན་པ་བྷེན་ནོན་ལགས་ཀྱིས་སྲིད་འཛིན་ལ་སྲིད་བྱུས་ལམ་སྟོན་བྱས་པའི་ཕམ་འབྲས་ཞིག་ཡིན་སྟབས། སྲིད་འཛིན་ཀྱི་མག་པ་ཁོབ་ཞི་ནར་དང་ཁོ་གཉིས་བར་འགལ་ཟླ་ཤུགས་ཆེར་འགྲོ་མགོ་བཙུགས་ཡོད། གལ་སྲིད། དམག་སྤྱི་ཟུར་བ་ཧྥེ་ལིན་དགོངས་ཞུ་གནང་མེད་ན་སྲིད་འཛིན་གྱི་མག་པ་ཕོ་བྲང་དཀར་པོའི་ནང་དེ་ཙམ་དབང་ཤུགས་ཆེན་པོ་ཆགས་ཀྱི་མེད།  སྐབས་དེར་ཞི་ཅིན་ཕིན་ཨ་རིར་འབྱོར་བ་ཏག་ཏག་འཁེལ་ཡོད་ལ་མཚན་མོར་གཞུང་འབྲེལ་གསོལ་སྟོན་མ་བཤམ་གོང་།  སྲིད་འཛིན་ཁྲི་རོན་པུ་ལགས་ཀྱིས་སེ་རི་ཡའི་དམག་དཔུང་གནམ་ཐང་ཤཱ་རཱ་ཌི་(Shayrat Air Base )ལ་མེ་ཤུགས་སྒྱེལ་མདེལ་ ༥༩ གཡུག་སྐབས། རང་གི་མག་པ་དང་སྲིད་བྱུས་སློབ་སྟོན་པ་བྷེན་མོན་གཉིས་བར་ཕན་ཚུན་བར་བསམ་ཤེས་བྱེད་དགོས་འབོད་སྐུལ་བྱས་ལྟར། སློབ་སྟོན་པ་གཉིས་བར་འགྲིག་མཐུན་བྱུང་བ་དང་དེ་ནི་ཕོ་བྲང་དཀར་པོའི་ནང་དུ་ས་གཡོམ་རྒྱུགས་ཙམ་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད།

དེ་རྗེས་ཀྱི་གཟའ་འཁོར་གཅིག་གཉིས་རྗེས། སྲིད་འཛིན་ཁྲི་རོན་པུ་ལགས་ཀྱིས་རང་གི་བུ་མོ་ཨེ་བན་ཀཱ་( Ivanka Trump) གླ་ཆ་མེད་པའི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་ལ་བསྐོ་བཞག་གནང་ཡོད། སྲིད་དོན་ཉམས་ཞིབ་ཚོས། སྲིད་འཛིན་ཁྲི་རོན་པུ་ལགས་ཀྱི་གཡས་གཡོན་དུ་སྲིད་འཛིན་རང་གི་མག་པ་དང་བུ་མོ་གཉིས་ཀྱིས་སྲིད་འཛིན་སློབ་སྟོན་པ་དང་ཕྱག་རོགས་གནང་གི་ཡོད་དུས་སྲིད་འཛིན་ཁྲི་རོན་པུ་ལགས་དང་བྷེན་ནོན་གཉིས་ཀྱི་ལངས་ཕྱོགས་ལྟར་འགྲོ་ཐུབ་ཀྱི་མེད་ལ། མ་འོངས་པར་ཕོ་བྲང་དཀར་པོའི་ཚ་ཚ་འུར་འུར་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད།  ཨེ་བན་ཀཱ་ཕོ་བྲང་དཀར་པོ་བསླེབས་རྗེས་རང་གི་ཨ་ཕ་ལ་ཤུགས་རྐྱེན་དང་བཟའ་ཟླ་ཁོབ་ཞི་ནར་གྱི་སྲིད་བྱུས་ལངས་ཕྱོགས་ལ་ཇི་ལྟར་རམ་འདེགས་བྱེད་མིན་སྐོར་ད་རུང་ཤེས་ཀྱི་མེད་ཀྱང་། མ་འོངས་བར་ཕོ་བྲང་དཀར་པའི་ནང་མག་པ་ཁོབ་ཞི་ནར་གྱི་དབང་ཤུགས་ཆེ་འགྲོ་བའི་མངོན་རྟགས་ཏན་ཏན་ཡིན།

ཕོ་བྲང་དཀར་པོའི་ཞབས་ཞུ་འགན་འཛིན་གནས་དབྱུང་།

ཟླ་འདིའི་ཚེས་༥ ཉིན་སྲིད་འཛིན་ཁྲི་རོན་པུ་འཛིན་སྐྱོང་གིས་ཕོ་བྲང་དཀར་པོའི་ཞབས་ཞུ་འགན་འཛིན་ལྕམ་ཨམ་ཇིལ་ལཱ་རེལ་ཌི་(Angella Reid) ལགས་རྒྱུ་མཚན་ཏག་ཏག་མེད་པར་གནས་དབྱུང་བཏང་ཡོད་པ་དང་སི་ཨན་ཨན་གསར་འགོད་པས་མོ་རང་ལ་འབྲེལ་བ་བྱས་ཏེ་མོ་རང་གནས་དབྱུང་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་སྐོར་དྲིས་པར། མོས་གནས་ཚུལ་འདིའི་སྒང་ལ་སྐད་ཆ་གང་ཡང་བཤད་འདོད་མེད། དེ་ལ་ཕོ་བྲང་དཀར་པོས་ལན་ཡག་ཤོས་རྒྱག་གི་རེད་ཅེས་ལན་བཏབ་འདུག ཕོ་བྲང་དཀར་པོའི་གསར་འགོད་མགྲིན་ཚབ་གཞོན་པས་གནས་ཚུལ་དེར། ང་ཚོས་ཆ་རྐྱེན་ཡག་པོ་ཐོག་ནས་ཐག་གཅོད་གནང་ཡོད་པས་མ་འོངས་པར་མོ་རང་གི་མི་ཚེ་ནང་བྱ་བ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད་ཅེས་བརྗོད་འདུག

ཕོ་བྲང་དཀར་པོའི་ཞབས་ཞུ་འགན་འཛིན་གྱི་ལས་གནས་སྲིད་དོན་ཚོགས་པའི་ངོ་བོ་གང་མེད་པར་ཨ་རིའི་གཞུང་ཞབས་སྦྱི་མཚུངས་ལྟར་ཕྱག་ལས་གནང་ཡོད། ལས་འགན་གཙོ་བོ་ཕོ་བྲང་དཀར་པོའི་དངོས་པོ་ཉར་ཚགས་དང་གཙང་སྦྲ།  ཞབས་ཞུ་ལྟ་རྟོག། ཟ་མ། སྲིད་འཛིན་དང་གཞུང་འབྲེལ་སོགས་ཀྱི་གསོལ་སྟོན་གོ་སྒྲིག་གི་ཡོད། ཡིན་ནའང་གསར་ལམ་ཁག་ཏུ་མོ་རང་སྲིད་འཛིན་ཟུར་བ་བྷོ་མ་ལ་ཆེས་དགའ་མོས་བྱེད་མཁན་ཞིག་ཡིན་པའི་རྒྱུ་མཚན་གྱིས་སྲིད་འཛིན་ཁྲི་རོན་པུ་ཕྱོགས་ཀྱི་ལས་བྱེད་གསར་བ་ཚོར་མཉམ་དུ་མ་འགྲིག་བྱུང་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག འདི་ཡང་ཕོ་བྲང་དཀར་པོའི་ནང་གི་ས་གཡོམ་བརྒྱབ་པའི་རྟགས་མཚན་ཞིག་ཡིན།

གསང་བའི་འགན་འཛིན་གནས་དབྱུང་།

ན་ནིང་ཨ་རིའི་སྲིད་འཛིན་འོས་བསྡུ་སྐབས་ནས་བཟུང་ཨུ་རུ་སུས་སྲིད་འཛིན་འོས་མི་ཁྲི་རོན་པུ་ལ་ཨ་རིའི་སྲིད་འཛིན་ཐོབ་ཆེད་བྱུས་གཏོགས་བྱས་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད། སྐབས་དེར་ཝེ་ཀེ་ལེ་ཁུ་སི་( Wikileaks) ཡིས་དམངས་གཙོ་ཚོགས་པའི་ཚོགས་གཙོ་དང་སྲིད་འཛིན་འོས་མི་ལྕམ་ཧེད་ལཱ་རེལ ( Hillary Clinton) ། ཧེད་ལཱ་རེལ་སྲིད་འཛིན་འོས་བསྡུ་འགན་འཛིན་བཅས་ཀྱིས་ལྕམ་ཧེད་ལ་རེལ་ཡི་ཁ་གཏད་སྲིད་འཛིན་འོས་མི་སེན་ཌིར་ ( Bernie Sanders) དམངས་གཙོ་ཚོགས་པའི་སྲིད་འཛིན་མི་འོས་མ་ཐོབ་ཆེད་ལྐོག་ཇུས་གནས་ཚུལ་སོགས་ཕྱིར་བཏོན་པ་དང་། དེ་རྗེས་ཨ་རིའི་མནའ་འབྲེལ་གསང་བའི་ཁུངས་(FBI)ཀྱི་འགན་འཛིན་ཇེམ་སི་ཁོབ་མེ་(James Comey) ཡིས་ལྕམ་ཧེད་ལཱ་རེལ་གློག་འཕྲིན་གནད་དོན་ལ་ཁུངས་གནས་གསར་རྙེད་བྱུང་ཚུལ་ཡོད་བརྗོད་དེ།  ཡང་བསྐྱར་མོ་རང་གི་གློག་འཕྲིན་གནད་དོན་བསྐྱར་ཞིབ་བྱེད་མགོ་བཙུགས་པ་རེད། དེ་ནི་ཨ་རིའི་སྲིད་འཛིན་འོས་བསྡུ་ཉེས་སྐབས་ཡིན་པས་དམངས་གཙོ་ཚོགས་པས་འགན་འཛིན་ཇེམ་སི་ཁོབ་མེ་ལ་སྲིད་དོན་ཀུན་སློང་ཡིན་པར་སྐྱོན་བརྗོད་ཤུགས་ཆེན་བྱས་ཀྱང་། མོ་རང་གི་གློག་འཕྲིན་གནད་དོན་ལ་བསྐྱར་ཞིབ་བྱས་ཀྱང་གྲུབ་འབྲས་གང་ཡང་བྱུང་མེད་ཀྱང་། ལྕམ་ཧེད་ལཱ་རེལ་གྱི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ལ་གནོད་སྐྱོན་ཆེན་པོ་བྱུང་ཡོད།

སྐབས་དེར་མནའ་འབྲེལ་གསང་བའི་ལས་ཁུངས་ཀྱིས་སྲིད་འཛིན་འོས་མི་ལྕམ་ཧེད་ལཱ་རེལ་གྱི་གློག་འཕྲིན་གནད་དོན་བསྐྱར་ཞིབ་གསལ་བསྒྲགས་བྱས་རྗེས། སྲིད་འཛིན་འོས་མི་ཁྲི་རོན་པུ་ཡིས་གསང་ལས་ཁུངས་ཀྱི་འགན་འཛིན་ཇེམ་སི་ཁོབ་མེ་ལ་བསྔགས་བརྗོད་དང་། ཁོ་རང་ཨ་རིའི་སྲིད་འཛིན་ཆགས་རྗེས་ཕོ་བྲང་དཀར་པོའི་ནང་དུ་གཞུང་འབྲེལ་གནད་ཡོད་མི་སྣ་ཐུག་འཕྲད་སྐབས། སྲིད་འཛིན་ཁྲི་རོན་པུ་ལགས་ཀྱིས། འགན་འཛིན་ཇེམ་སི་ཁོབ་མེ་ཚུར་སྐད་བཏང་སྟེ། ཁྱེད་རང་ང་ལས་སྐད་གྲགས་ཆེན་པོ་རེད་ཅེས་གདེང་འཇོག་ཚད་མེད་བྱས་ཡོད།

དེ་སྔོན་དམག་སྤྱི་ཟུར་བ་ཧྥེ་ལིན་གྱིས་ཨ་རིའི་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་དང་འབྲེལ་བ་བྱས་པའི་གནད་དོན་དང་འབྲེལ་ཏེ། ཨ་རིའི་གྲོས་ཚོགས་འོག་མའི་ནང་༢༠༡༦ ལོའི་སྲིད་འཛིན་འོས་བསྡུ་ལ་ཨུ་རུ་སུས་ཤུགས་རྐྱེན་དང་བྱུས་གཏོགས་བྱས་ཡོད་མེད་ཀྱི་གླེང་སློང་ཤུགས་ཆེར་སོང་སྟབས། ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཇེམ་སི་ཁོབ་མེ་ཡིས་མགོ་ཁྲིད་འོག་སྲིད་འཛིན་འོས་བསྡུ་སྐབས་ཨུ་རུ་སུ་དང་ཁྲི་རོན་པུ་འོས་བསྡུ་ལྷན་ཚོགས་ཀྱི་ཚོགས་མི་བར་གྱི་འབྲེལ་ལམ་སྐོར་རྟོག་ཞིབ་བྱེད་མགོ་བཙུགས་པ་དང་། གཟའ་འཁོར་སྔོན་མའི་ནང་འགན་འཛིན་ཇེ་སི་ཁོབ་མེ་ཁྲིམས་དོན་ལས་ཁུངས་སུ་སོང་སྟེ། ཨུ་རུ་སུས་སྲིད་འཛིན་འོས་བསྡུ་ལ་བྱུས་གཏོགས་བྱས་ཡོད་མེད་ཀྱི་རྟོག་ཞིབ་ལ་ཁྲིམས་དོན་ལས་ཁུངས་ཀྱིས་ཡིག་ཆ་མཁོ་སྤྲོད་དང་གནད་ཡོད་མི་སྣ་ལ་འདྲི་གཅོད་ཆོག་པའི་དབང་ཆ་སོགས་ཀྱི་ཕྱོགས་ནས་རམ་འདེགས་དགོས་ཚུལ་བརྗོད་པ་དང་། ཉིན་གཅིག་གཉིས་རྗེས་ཁོ་རང་གཞུང་འབྲེལ་ཐོག་ཨ་རིའི་གྲོང་ཁྱེར་ལོབ་སི་ཨན་ཇིལ་ལེ་སི་(Los Angeles)ནང་དུ་འགྲོ་ཡོད་འདུག

ཡིན་ནའང་། དེ་རྗེས་ཨ་རིའི་ཁྲིམས་དོན་ལྷན་ཁང་གི་དྲུང་ཆེ་ཇེ་ཧྥུ་སེ་ཞོན་( Jeff Session ) དང་དྲུང་ཆེ་གཞོན་པ་རོབ་སེན་སི་དིན་(Rod Rosenstein) གཉིས་ཕོ་བྲང་དཀར་པོའི་ནང་ཕྱིན་ཏེ་སྲིད་འཛིན་ཁྲི་རོན་པུ་ལ་ཐུག་འཕྲད་གནང་ཡོད་པ་དང་། ཁོང་ཚོས་མནའ་འབྲེལ་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གནས་དབྱུང་གཏོང་བའི་སྐོར་ལ་གླེང་མོལ་གང་བྱས་མེད་ཤེས་ཀྱི་མེད་ཀྱང་རྗེས་སུ་ཏག་ཏག་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཇེམ་སི་ཁོབ་མེ་ལས་གནས་གནས་དབྱུང་བཏང་ཡོད།  ཁྲིམས་དོན་ལྷན་ཁང་གི་དྲུང་ཆེ་གཙོ་གཞོན་གཉིས་སྲིད་འཛིན་ཁྲི་རོན་པུ་ཡིས་དྲུང་ཆེའི་མིང་འདོན་བྱས་སྟེ་གྲོས་ཚོགས་འཐུས་མི་ཚོས་བསྐོ་བཞག་བྱས་པ་ཞིག་ཡིན།

ཟླ་འདིའི་ཚེས་ ༩ ཉིན་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱིས་ཁྲིམས་དོན་ལྷན་ཁང་གི་དྲུང་ཆེ་གཙོ་གཞོན་གཉིས་ཀྱི་ལམ་སྟོན་འོག ཨ་རིའི་མནའ་འབྲེལ་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཇེམ་སི་ཁོབ་མེ་ཡིས་གསང་བའི་ལས་ཁུངས་ཀྱི་ཕྱག་ལས་ཚགས་ཚུད་གནང་བའི་འཇོན་ཐང་མེད་པས་གནས་དབྱུང་བཏང་བའི་གསལ་བསྒྲགས་བྱས་ཡོད་པ་དང་། སྐབས་དེར་འགན་འཛིན་ཇེམ་སི་ཁོབ་མེ་ཡིས་གྲོང་ཁྱེར་ལོབ་སི་ཨན་ཇིལ་ལའི་ནང་གི་གསང་བའི་ལས་བྱེད་ཚོར་ཟབ་སྦྱོང་གཏམ་བཤད་གནང་བའི་སྐབས་ཤིག་ཡིན་ལ། ཁོང་གིས་གསར་འགྱུར་ཐོས་འཕྲལ་གཏམ་བཤད་ཤོད་བཞིན་པ་མཚམས་འཇོག་བྱས་ཡོད་འདུག

སྲིད་འཛིན་ཁྲི་རོན་པུ་ཡིས་གནས་དབྱུང་ཡི་གེ་ནང་དུ། ཁྲིམས་དོན་ལྷན་ཁང་གི་དྲུང་ཆེ་གཙོ་གཞོན་གྱིས་ཁྱེད་རང་གསང་བའི་ལས་ཁུངས་ཀྱི་འགན་འཛིན་བྱེད་པའི་འཇོན་ཐང་མེད་པས་ལས་གནས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། ཁྱེད་ཀྱིས་ང་ལ་འདྲི་བརྩད་རྟོག་ཞིབ་བྱེད་ཀྱི་མེད་པའི་གནས་ཚུལ་ཐེངས་གསུམ་བཤད་པར་ཡིད་རངས་བྱེད་ཀྱི་ཡོད་སོགས་འཁོད་འདུག

ཉིན་དེར་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱིས། ཨ་རིའི་གསང་ལས་ཁུངས་ཀྱི་འགན་འཛིན་གནས་དབྱུང་བཏང་རྗེས། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་( Sergey Lavrov) གཙོས་ཨུ་རུ་སུའི་གཞུང་ཆེན་མོ་དང་གཞུང་འབྲེལ་མི་སྣ་བཅས་ཕོ་བྲང་དཀར་པོའི་གདན་འདྲེན་གྱིས་ཐུག་འཕྲད་གནང་སྟེ། ཨ་རི་དང་ཨུ་རུ་སུའི་ཕྱི་འབྲེལ་སྲིད་བྱུས་གཙོས་སུ་རི་ཡའི་གནད་དོན་སེལ་ཕྱོགས་གྲོས་མོལ་གནང་བ་དང་ཕྱོགས་གཉིས་ཀྱིས་གྲོས་མོལ་ཡག་པོ་བྱུང་སྐོར་བརྗོད་ཡོད།

གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཕྱིར་འབུད་བཏང་བའི་ཐད། ཨ་རིའི་གྲོས་ཚོགས་འཐུས་མི་ལ་ལས་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱི་ཐག་གཅོད་ལ་རྒྱབ་སྐྱོར་དང་ལ་ལས་སྐྱོན་བརྗོད་བྱས་པ་མ་ཟད། འགན་འཛིན་ཇེམ་སི་ཁེབ་མེ་ཡིས་ཨུ་རུ་སུ་དང་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱི་འོས་བསྡུ་ལྷན་ཚོགས་གཉིས་ཀྱི་འབྲེལ་ལམ་སྐོར་རྟོག་ཞིབ་བྱེད་བཞིན་ཡོད་པར་ཞེད་སྣང་སྐྱེས་ཏེ་ཁོ་རང་ཕྱིར་འབུད་བཏང་ཡོད་པ་དང་། གནད་དོན་དེ་རྟོག་ཞིབ་བྱེད་པར་གྲོས་ཚོགས་ཀྱིས་རང་དབང་ལྡན་པའི་དམིགས་བསལ་ཚོགས་ཆུང་ཆེད་འཛུགས་དགོས་པའི་རེ་བ་རྒྱག་གི་ཡོད་འདུག

ཟླ་འདིའི་ཚེས་ ༡༠ ཉིན་གནས་དབྱུང་བཏང་བའི་འགན་ཛིན་ཇེམ་སི་ཁེབ་མེ་ཡིས་ལས་རོགས་ཚོར་བཏང་བའི་འཕྲིན་ཡིག་ནང་དུ། ངས་སྔོན་མ་ནས་སྲིད་འཛིན་གྱིས་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་གསང་བའི་འགན་འཛིན་ནམ་ཡིན་ལ་གནས་དབྱུང་གཏོང་ཆོག་པར་ཡིད་ཆེས་བྱེད་ཀྱི་ཡོད། ངས་འཛིན་སྐྱོང་གིས་གནས་དབྱུང་བཏང་བའི་ཐག་གཅོད་ཐོག་དུས་ཚོད་གང་ཡང་གཏོང་འདོད་མེད་ལ། ང་མི་སྒེར་མཚོན་ན་སྐྱོན་གང་མེད། ངས་སྔོན་མ་ཁྱེད་ཚོར་བཤད་པར་ལྟར། ཟིང་ཆ་ཚ་བོའི་སྐབས། ཨ་རིའི་མི་མང་གིས་གསང་བའི་ལས་ཁུངས་ཀྱི་བརྟན་བརླིང་དང་དྲང་བདེན། རང་ཚུགས་མཐོང་བ་བཟོ་དགོས་ཀྱི་ཡོད་ཅེས་སོགས་བྲིས་འདུག

དེ་བཞིན། གྲོས་ཚོགས་གོང་མའི་གསང་བའི་ཚོགས་ཆུང་གིས་གསང་བའི་ལས་ཁུངས་ཀྱི་ལས་ཚབ་འགན་འཛིན་མེལ་ཁེད་བྷེ་(Andrew McCabe ) ལགས་གྲོས་ཚོགས་ཚོགས་ཆུང་ནང་སྐད་བཏང་སྟེ། གནས་དབྱུང་བཏང་བའི་གསང་བའི་འགན་འཛིན་ཇེམ་སི་ཁོབ་མེ་ལགས་ལ་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཚོས་ཡིད་ཆེས་བརླག་ཡོད་དམ་དྲིས་པར། ཁོང་གིས། མེད། ངས་ཁོང་གི་འཇོན་ཐང་དང་དྲང་བདེན་གྱི་གཤིས་ཀ་ལ་གུས་བརྩི་ཆེན་པོ་བྱེད་ཀྱི་ཡོད། ལས་བྱེད་མང་ཤོས་ཀྱིས་ཁོང་ལ་ཁ་ཡོད་ལག་ཡོད་ཀྱིས་ཡིད་ཆེས་དང་རྒྱབ་སྐྱོར། འབྲེལ་ལམ་གཏིང་ཟབ་ཡོད་མཁན་ཤ་སྟག་ཡིན་ཞེས་ལན་སྐྱོན་འདུག

ཐེངས་འདིར་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱིས་ཨ་རིའི་མནའ་འབྲེལ་གསང་ལས་ཁུངས་ཀྱི་འགན་འཛིན་ཕྱིར་འབུད་བཏང་བ་དེ་ཕོ་བྲང་དཀར་པོའི་ནང་ས་གཡོམ་བརྒྱབ་པ་ཐོག་མ་དང་མཐའ་མ་མིན་པས། གསར་འགྱུར་བརྒྱུད་ལམ་ཁག་ཏུའང་འ་བྱུང་འགྱུར་ཕོ་བྲང་དཀར་པོས་སུ་ཞིག་གནས་དབྱུང་གཏོང་གི་ཡོད་མེད་དང་ཨུ་རུ་སུས་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་ཐེས་གཏོགས་བྱས་ཡོད་མེད་ཀྱི་རྟོག་ཞིབ་བྱེད་ཐུབ་མིན་སྐོར་གླེང་སློང་ཤུགས་ཆེན་བྱེད་བཞིན་ཡོད་འདུག

ཟུར་མཆན།
༡) སློབ་སྟོན་པ་ནི་ཨ་རིའི་སྲིད་འཛིན་གྱིས་གྲོས་ཚོགས་ཀྱི་མང་མོས་ཐོབ་མིན་ལ་ལྟ་མི་དགོས་པར་རང་གི་མཐུན་ཕྱོགས་ཀྱི་མི་སྣ་ཉམས་མྱོང་ཅན་དག་ཐད་ཀར་བསྐོ་གནང་ཆོག དེ་མིན་ཕྱི་འབྲེལ་དྲུང་ཆེའམ་བློན་ཆེན་གཙོས་བློན་ཆེན་རྣམ་གྲོས་ཚོགས་འཐུས་མིས་འདྲི་གཅོད་བརྒྱུད་མང་མོས་འོས་ཤོག་གིས་བསྐོ་བཞག་གནང་གི་ཡོད།
༢) བདམས་ཐོན་སྲིད་འཛིན་ཟེར་བ་ནི་ཨ་རིའི་སྲིད་འཛིན་འོས་བསྡུ་ཐོབ་མཁན་ལ་གོ ཨ་རིའི་ལྟ་བུ་ཡིན་ན། ལོ་བཞི་མཚམས་ཀྱི་ཟླ་༡༡་ཚེས་ ༨་ཉིན་སྲིད་འཛིན་འོས་བསྡུ་བྱེད་ཀྱི་ཡོད་པ་དང་ལོ་དེ་རྗེས་མའི་ཟླ་༡ ཚེས་༢༠ ཉིན་བདམས་ཐོན་གྱི་སྲིད་འཛིན་གྱིས་སྲིད་འཛིན་དམ་འབུལ་གནང་སྟེ་ཕོ་བྲང་དཀར་པོའི་ནང་ཕྱག་ལས་གནང་མགོ་བཙུགས་ཀྱི་ཡོད།
༣)ཧེད་ལཱ་རེལ་གློག་འཕྲིན་གནད་དོན་ནི་སྔོན་མ་མོ་རང་ཨ་རིའི་རྒྱལ་དོན་དྲུང་ཆེའི་ཕྱག་ལས་གནང་སྐབས། མོ་རང་གིས་ཨ་རིའི་གཞུང་འབྲེལ་དྲ་ཚིགས་བེད་སྤྱོད་མ་བཏང་བར་སྒེར་གྱི་དྲ་ཚིགས་ཐོག་གཞུང་འབྲེལ་ཀྱི་གསང་བའི་ཡིག་ཆ་དང་གློག་འཕྲིན་གཏོང་ལེན་བྱས་ཡོད་པ་དང་།དེར་ཨ་རིའི་མནའ་འབྲེལ་གསང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གསང་བ་ཤོར་ཡོད་མེད་ལ་རྟོག་ཞིབ་བྱས་ཀྱང་མོ་རང་ལ་ཁྲིམས་འགལ་གྱི་ནག་ཉེས་གང་ཡང་ཕོགས་མེད།
བསམ་ཚུལ།

Post navigation

Previous Post: ཨ་མ་ལགས།
Next Post: ཨ་མའི་དུས་དྲན།

Comments (6) on “ཕོ་བྲང་དཀར་པོའི་ནང་ས་གཡོམ་ཐེངས་འགའ་བརྒྱབ་འདུག”

  1. བསམ་ཤེས། says:
    2017-05-14 at 5:02 pm

    དཀའ་ལས་བརྒྱབ་འདུག བཀའ་དྲིན་ཆེ།

  2. བསམ་ཤེས། says:
    2017-05-14 at 5:05 pm

    མིའི་མིང་བསྒྱུར་བའི་སྐོར་ལ་གླེང་འདོད་བྱུང་།

    དེ་ཕོ་ཚགས་པར་ནས། ཁྲོམ་ཧྥི་ལྟ་བུ་ཞིག་སྒྱུར་གྱི་འདུག ཧྥི་དེ་གང་ནས་ཡོང་ངམ།

    ཁྱེད་ཀྱིས་ཁྲི་རོན་པུ་བསྒྱུར་འདུག གཞན་པས་ཁྲོམ་རོམ། ཊོ་རོམ། ལྟ་བུ། ང་ཚོས་མི་གཅིག་ལ་མིང་ཞིག་སྒྱུར་སྟངས་སྐོར་ལ་གཅིག་འགྱུར་ཞིག་ཡོང་ཐུབ་ན་ཤིན་དུ་བཟང་།

    འདི་ཤིན་དུ་གལ་ཆེ། རྗེས་མ་གཞན་གྱིས་ཁྲོམ་རོམ་གྱི་སྐོར་ལ་རྩོམ་ཡིག་བཙལ་དགོས་ན། ཊོ་རོམ་འདི་བརྒྱབ་ན་འདི་གཅིག་པུ་བཀོད་པའི་ཁྲོ་རོམ་གྱི་རྩོམ་ལས་མི་བརྙེད།

    འདི་ལ་བོད་ཡིག་འབྲི་མཁན་ཚོས་ཁ་ཡོད་ལག་ཡོད་ཀྱི་བགྲོ་གླེང་ཞིག་གནང་ཐུབ་ན་ཅིས་མི་ལེགས།

  3. བོད་གཤེས་ཡག says:
    2017-05-14 at 10:27 pm

    དཀའ་ལས་བརྒྱབ་འདུག བཀའ་དྲིན་ཆེ།

  4. ལ་དྭགས་འཇམ་དཔལ།། says:
    2017-05-15 at 3:19 am

    ཁྲི་རོན་པུ་(Donald J Trump)། བོད་ཡིག་འབྲི་དགོས་ན། “དོ་ནལྡ་ ཏྲམྤ། “ཨིན་ཡིག་ཏུ་ ཡི་གེ་ཇི་ལྟར་བཞིནབོད་ཡིག་ཏུ་བྲིས་པ་ལ། transliteration ཟེར། དེ་བསྒྱུར་པ་མ་ཡིན། ལེགས་སྦྱར་ནས་བོད་སྐད་དུ། བསྒྱུར་བ་ན། དཔེར་ན། ཀཽ་ཤི་ཀ། ཞེས་པར་སྒྲ་བཤད་མེད་པས། རང་ཆགས་ཡི་གེ་ཇི་ལྟ་བར་འབྲི་བ་ལེགས་སོ་ སྙམ།

  5. ནོར་བུ says:
    2017-05-15 at 4:58 am

    TRUMP – ཁྲོམ་པུ ་ སྒྲ་ནི་ཨ་མི་རི་ཁའི་དབྱིན་སྐད་ཡིན །

    ཨིན་ཇིའི – ཨིན་སྐད་ནི་རྡ་སའི་གཡས་གཡོན་དུ་མང་ངོ །།

  6. ཨ་ཁུ་འབྲོག་པ། says:
    2017-05-15 at 2:53 pm

    ཌོ་ནལ་ཊོམ། ཞེས་གཅིག་གྱུར་བྱུང་ན་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme