Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༢)

Posted on 2017-05-042017-05-04 By ཁ་བརྡ No Comments on ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༢)

སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།

 

གཉིས་པ། ཏེ་ཛུ་པུར་གྱི་འདས་དོན།

ང་རང་ཕྱིར་ལྷོ་ཕྱོགས་སུ་འགྲོ་བར་ཉེ་བའི་སྐབས་སེར་བྱེས་གྲྭ་ཚང་གི་ཕྱག་མཛོད་ཆེན་མོ་ཐུབ་བསྟན་སྨོན་ལམ་མཆོག་ནས་ཞལ་པར་ནང་གསུངས་དོན། གྲྭ་ཚང་གི་གྲོས་ཚོགས་འཐུས་མིའི་རྒྱུན་ལས་བཞི་བོ་གང་རུང་ཞིག་མོན་རྟ་དབང་གི་སེར་བྱེས་དགོན་ལག་དང་འབྲས་ལྗོངས་སེར་བྱེས་དགོན་ལག་གཉིས་ཀའི་མཁན་པོ་དང་ཕྱག་མཛོད་གསར་བསྐོའི་ཟུར་དཔང་དང་རྩིས་སྤྲོད་ལེན་གྱི་གཟུ་དཔང་དུ་ཕེབས་དགོས་ཚུལ་གསུངས་བྱུང་བས། བདག་གི་ལས་རོགས་རྣམ་པ་ཚོ་ཕྱག་ལས་གཞན་པའི་རྐྱེན་ཁོམ་སྐབས་བྲལ་བས་ང་རང་འགྲོ་དགོས་ཁེལ་བ་ལྟར། ང་རང་རྡོར་གདན་ནས་ཐད་ཀར་ཏེ་ཛུ་པུར་ལ་ཕྱིན་ཏེ་ཁོ་ཚོ་དང་ལྷན་ཅིག་མོན་ཡུལ་དུ་འགྲོ་རྒྱུའི་ཁ་ཆད་བྱས་ཏེ། མོན་ཡུལ་དུ་འགྲོ་བར་གྲ་སྒྲིག་བྱས་ཤིང་། རྡོར་གདན་དུ་སྡོད་སྐབས་ཀྱི་འགྲོ་རོགས་འདུག་རོགས་དང་། ལོ་མང་པོའི་རིང་གི་འཛིན་གྲོགས་ལྷོ་པ་དགེ་བཤེས་བློ་བཟང་དབང་ཕྱུག་དང་། བསམ་བློ་རྒན་ཤེས་རབ་རྒྱ་མཚོ་གཉིས་ལ་གནས་སྐབས་བདེ་སྨོན་གྱི་ཁ་གཡང་ལྷན་དུ་ལམ་དུ་ཆས།

རྡོར་གདན་ནས་གྷ་ཡ་དང་། གྷ་ཡ་ནས་པར་ན། པར་ན་ནས་མེ་འཁོར་ལ་ཞུགས་ཏེ་ཆུ་ཚོད་ཉེར་གསུམ་ཙམ་གྱི་འགྲུལ་བཞུད་བྱས་མཐར་མཚན་གྱི་ཆུ་ཚོད་བཅུ་གཅིག་ཙམ་ལ་གྷོ་ཧ་ཊི་ལ་སླེབས་སོང་ཡང་། གནས་འདིའི་མེ་འཁོར་འབབ་ཚིགས་ཆུང་ཞིང་། གྲོང་ཁྱེར་ཕྱི་རོལ་གྱི་ས་ཁུག་ཅིག་ལ་ཆགས་འདུག ས་ཆ་དེར་ཇག་རྐུན་མང་རབས་ཀྱི་གཏམ་སྔོན་ནས་གོ་མྱོང་ཡོད་པས་ཅུང་བློ་བག་མི་བདེ་བ་ཞིག་འདུག་མོད། ཅི་བྱས་ཀྱང་མགྲོན་ཁང་འཚོལ་བར་གྲོང་དཀྱིལ་དུ་མི་འགྲོ་ཐབས་མེད་པས། གླ་འཁོར་རྐང་གསུམ་ཞིག་ལ་སྒོར་བརྒྱ་སྤྲོད་རྒྱུ་བྱས་ཤིང་། གླ་འཁོར་གྱི་ཨང་རྟགས་དེ་ཁ་ལོ་བའི་མཐོང་ས་ནས་ཁ་པར་ནང་བྲིས་ཏེ་གཞན་ལ་བསྐུར་བ་ཡིན། དེ་ནི་དོན་རྐྱེན་མི་འབྱུང་བའི་ཆེད་དང་གལ་སྲིད་རྐྱེན་ངན་འདྲ་བྱུང་ནའང་རྗེས་མ་ཁུངས་འདེད་བྱ་ས་ཞིག་གི་ཆེད་ལོས་ཡིན། སྟབས་ལེགས་ནས་དོན་རྐྱེན་ཅི་ཡང་མ་བྱུང་བར་མགྲོན་ཁང་ཅིག་ཏུ་བསྐྱལ་སོང་།

ཕྱི་ཉིན་ཞོགས་པ་ཆུ་ཚོད་དྲུག་དང་ཕྱེད་ལ་ཏེ་ཛུ་པུར་ལ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་ནང་ལམ་དུ་ཆས། ཉིན་གུང་ཙམ་ལ་ཏེ་ཛུ་པུར་ལ་སླེབས་སོང་། ལྕགས་རྟའི་གླ་འཁོར་ཞིག་ལ་བསྡད་དེ་མགྲོན་ཁང་དུ་ངལ་གསོ་བར་ཕྱིན། ཕྱི་ཉིན་ཞོགས་པ་སྔ་བོར་འཆམ་འཆམ་དུ་སྐྱོད་བཞིན་པའི་མུ་ལ་གློ་བུར་དུ་ཏེ་ཛུ་པུར་ཟེར་ནས་ཆིག་ལབ་ཅིག་ཤོར་བ་དང་ཆབ་ཅིག།མིང་དེ་ལས་འཕྲོས་པའི་འཆར་སྣང་མང་པོ་གཅིག་རྗེས་གཉིས་མཐུད་དུ་ཡིད་ལ་འཁོར་ནས་འོང་།

འོ་ཏག་ཏག་རེད། ང་རང་སྔོན་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་སྐབས་ང་ཚོས་༸ གོང་ས་ཡིད་བཞིན་ནོར་བུ་སྐུ་ཕྲེང་བཅུ་བཞི་བ་མཆོག་བཙན་བྱོལ་ལ་ཕེབས་ནས་རྒྱ་གཞུང་གིས་བོད་གངས་ཅན་ལྗོངས་རྩ་མེད་བཟོ་འདོད་ཀྱི་བྱ་སྤྱོད་ངན་པ་ཐེར་འདོན་དང་། བཙན་འོག་ཏུ་བཞག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་ངོས་ལེན་མེད་པའི་གསལ་བསྒྲགས་སྤེལ་བ་སོགས་གནད་འགག་ཆེན་པོ་ཡིན་ཚུལ་གྱི་གཏམ་བཤད་བྱས་པ་སོགས་རེ་རེ་བཞིན་དྲན་འོང་ལ། ཇ་ཁང་ཞིག་ཏུ་ངལ་གསོ་བཞིན་དེའི་ཕྱོགས་ལ་བསམ་གཞིག་གི་སྣེ་མོ་དབང་མེད་དུ་སྐོར་དགོས་བྱུང་།

ངའི་སེམས་ལ་༸གོང་ས་ཡིད་བཞིན་ནོར་བུ་མཆོག་རང་གི་ཕ་ཡུལ་ནས་སྐྱབས་བཅོལ་དུ་མི་ཕེབས་ཀ་མེད་བྱུང་སྟེ། ཐོག་དང་པོར་ཏེ་ཛུ་པུར་ལ་འབྱོར་དུས་ཁོང་གི་ཐུགས་དགོངས་ལ་ཅི་འདྲ་ཞིག་འཁོར་ཡོད་དམ་སྙམ་བྱུང་། རྒྱ་གཞུང་གི་མེ་མདའི་སོ་ཁ་ནས་ཐར་ནའང་། སྲིད་བློ་ནེ་ཧ་རུའི་རྣམ་འགྱུར་དང་སྐབས་དེའི་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་གསལ་བསྒྲགས་དེ་ཚོས་ག་བྱེད་འདི་བྱེད་མེད་པའི་མཚམས་ལ་བསྐྱལ་ཡོད་ངེས་ཙམ་མ་ཟད། སྐུ་རྗེས་སུ་འབྲངས་པའི་འབངས་མི་ཁྲི་སྟོང་མང་པོའི་འཚོ་བ་དང་མདུན་ལམ། བོད་གངས་ཅན་ལྗོངས་ཀྱི་ཡ་ང་བའི་གནས་སྟངས་དང་། མ་འོངས་པར་རྒྱ་གཞུང་དང་བདེན་དོན་ཇི་ལྟར་རྩོད་དགོས་མིན་སོགས་ལན་མེད་པའི་དྲི་བ་མང་པོ་ཞིག་གིས་ཁོང་གི་ཐུགས་སེམས་ལ་ལྕི་ཡེར་ཡེར་གྱི་གནོན་ཤུགས་ཅི་འདྲའི་མང་པོ་ཞིག་བསྣམས་ཡོད་ཨང་སྙམ་ལ། བཟོད་གླགས་བྲལ་བའི་སྐྱོ་བ་གནོན་དཀའ་བ་ཞིག་སྐྱེས་ཏེ་ཉིན་ཐོ་འདི་འབྲི་བཞིན་པའང་མཚམས་བཅད་དེ། སྐད་འཕྲིན་ལས་ཁ་བརྡ་བྱེད་པ་སོགས་ཀྱིས་སེམས་གཡེང་ཐབས་བྱས།
ཏེ་ཛུ་པུར་ནས་ཉིན་གཉིས་ཙམ་བསྡད་པའི་རིང་ལ་དགའ་སྐྱོ་གཉིས་རྐྱ་འཐབ་པའི་བར་ནས་ཟིན་ཐོ་མུ་མཐུད་ནས་བྲིས། ༸གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་དུས་རྒྱུན་དུ་སྐབས་དེ་དག་གི་གནས་སྟངས་གསུང་སྐབས། ངོ་ཤེས་མཁན་ས་དང་གནམ་མ་གཏོགས་མེད་པའི་དུས་ཚོད་ཅིག་ལ་ངོས་འཛིན་པ་མིན་ནམ། ཡིན་ནའང་ས་གནས་འདི་ནས་༸གོང་ས་ཡིད་བཞིན་ནོར་བུས་རང་དབང་གི་སྒོ་ནས་འཛམ་གླིང་མི་མང་ལ་བོད་ཀྱི་བདེན་དོན་གསལ་བསྒྲགས་གནང་ཞིང་། དེ་ནི་ཁོང་ཉིད་རང་དབང་ལྡན་པའི་བོད་མིའི་མགྲིན་ཚབ་པ་བྱས་པའི་བསྒྲགས་གཏམ་ཐོག་མ་དང་། རླབས་ཆེ་བའི་ཞི་བདེའི་ཕོ་ཉ་ཞིག་རང་ཚུགས་ལྡན་པའི་ངང་འཛམ་གླིང་མི་མང་གི་མིག་མདུན་དུ་ཐོག་མར་ཕེབས་པ་ཡིན་ལ། ས་གནས་འདི་ནས་བཟུང་སྟེ་དཀའ་ངལ་གྱི་རི་བོ་ཕྲག་ཏུ་བླངས་ཤིང་། ཡུལ་གྱར་བའི་མིང་བྱང་དབུ་ལ་ཁུར་ནས་བོད་མི་རྣམས་ལ་ས་མཐའི་ཁྱིམ་གཞིས་བཙུགས་པ་མ་ཟད། འཛམ་གླིང་ཡངས་པའི་ཐ་གྲུ་ཀུན་ལ་ཞི་བདེ་དང་ཡ་རབས། ཤེས་རབ་དང་སྙིང་རྗེའི་སྟོན་པ་ཆེན་པོ་ཞིག་གི་མཛད་འཕྲིན་གྱི་མགོ་རྩོམ་ས་རེད་ཟེར་ཀྱང་མི་ཆོག་པ་མེད། ལྷག་པར་དུ་ལོ་རྒྱུས་རིམ་བརྒྱུད་དུ་བསགས་པའི་རྐྱེན་ངན་ལ་འབྲས་བུ་སྨིན་ཏེ། རང་ཡུལ་དགྲ་ལ་ཤོར་ཞིང་སྐྱབས་མེད་མགོན་མེད་དུ་གཞན་ཡུལ་བསྙེགས་པའི་བོད་མི་སྐྱབས་བཅོལ་བ་ཚོར། སྐྱིད་སྡུག་གི་རེ་བ་བཅོལ་སའི་བཙན་བྱོལ་གཞུང་བཙུགས་པ་མ་ཟད། དེང་རབ་དམངས་གཙོ་ལམ་སྲོལ་གྱི་རྨང་གཞིའི་ཐོག་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་པར་བྱས་པ་ནས། སྤྱི་ཚོགས་ཁྲིམས་ལུགས་དང་དམངས་གཙོར་བརྟེན་པའི་ཡང་དག་པའི་སྒྲིག་འཛུགས་ཆགས་པ་དང་། འཛིན་སྐྱོང་འགན་དབང་དམངས་གཙོའི་འདེམས་ཤོག་བརྒྱུད་པའི་སྲིད་སྐྱོང་བྱུང་བ་དང་། མི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་ཁང་གསར་འཛུགས་བཅས་ཡར་ཐོན་སྤྱི་ཚོགས་ཀྱི་སྒྲོམ་གཞི་སྲ་བརྟན་བཏིང་བ་བཅས་གཞན་ཡུལ་དུ་སྐྱབས་བཅོལ་བ་སུ་གཅིག་ལ་མེད་པའི་སྒྲིག་འཛུགས་བཙུགས་པ་དང་། རྒྱ་གར་གྱི་ཕྱོགས་བཞིར་འབྱོར་ཕྱུག་དང་འཕེལ་རྒྱས་ལྡན་པའི་གཞིས་ཆགས་ཁག་གསར་འཛུགས་དང་། དེ་དག་གི་མ་འོངས་པའི་བུ་ཕྲུག་ཚོའི་ཆེད་དམ་ཡང་ན་བོད་མི་རིགས་ཀྱི་མ་འོངས་པའི་འཕེལ་རྒྱས་སླད་བཙུགས་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་མང་པོ་དང་། རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་དགེ་འདུན་པ་ཁྲི་ཕྲག་དུ་མས་ནང་བསྟན་མདོ་སྔགས་ལ་སློབ་གཉེར་བྱེད་སའི་དགོན་སྡེ་བརྒྱ་ཕྲག་དུ་མ་བྱུང་བ་ཐམས་ཅད། ༸གོང་ས་ཐམས་ཅད་མཁྱེན་པས་གནས་འདི་ནས་གནང་བའི་རང་དབང་གི་འབོད་པའམ། བོད་མིའི་བདེན་དོན་གྱི་གསལ་བཤད་དེ་ནས་མགོ་བརྩམས་པ་ཡིན་ལ།

ད་ལྟ་ལྷོ་བྱང་ཨ་རི་དང་། ཡུ་རོབ། ཤར་གླིང་རྒྱལ་ཁབ་ཧ་ཅང་མང་པོར་བོད་མིའི་སློབ་མ་དང་། གཞིས་ཆགས། ཆོས་ཚོགས་སོགས་བརྟན་བརླིང་ངང་ཚུགས་ཡོད་པ་དང་། ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཁག་ཏུ་བོད་མིའི་གྲངས་འབོར་ལོ་རེ་ན་ལོ་རེར་འཕར་སྣོན་འབྱུང་བཞིན་པ་འདི་དག་ཚང་མ་༸གོང་ས་ཐམས་ཅད་མཁྱེན་པས་བོད་མིའི་རང་དབང་སླད་གནས་འདི་ཞབས་ཀྱིས་བཅགས་ཏེ། འཛམ་གླིང་ལ་ཕྱོགས་པའི་རང་དབང་གི་བགྲོད་ལམ་དེས་བསྐྱེད་པ་ཤ་སྟག་ཡིན།

ལོ་རབས་བརྒྱད་ཅུ་པའི་རྗེས་སུ་ཧི་མ་ལ་ཡའི་རི་རྒྱུད་བརྒྱུད་དེ་རང་རིགས་སྟོང་ཕྲག་མང་པོ་ཕ་ཁྱིམ་ལ་བུ་ཡོང་བ་ལྟར་རྒྱ་གར་དུ་ཡོང་ནས་སློབ་གྲྭ་འགྲིམས་པ་དང་། ནང་ཆོས་ཀྱི་ལྟ་གྲུབ་སློབ་པ། ཚོང་ལས་གཉེར་བ། ཕྱི་རྒྱལ་དུ་བསྐྱོད་པ་སོགས་དུས་རབས་ཉི་ཤུའི་སྨད་དང་ཉེར་གཅིག་གི་མགོ་སྟོད་དུ་བྱུང་བའི་བོད་མིའི་ལོ་རྒྱུས་ཀྱི་རླབས་ཆེ་ས་ཚང་མ་གནས་འདི་ནས་བསྒྲགས་པའི་༸གོང་ས་མཆོག་གི་གསལ་བསྒྲགས་དེ་དང་འབྲེལ་ནས་བྱུང་ཞིང་། བོད་ནང་གི་རང་དབང་གི་འབོད་སྒྲ་དང་འཇིགས་ཞུམ་བྲལ་བའི་བདེན་དོན་འཐབ་རྩོད་ཀྱི་རྦ་རླབས་མཐའ་དག་པའང་སྐྱེས་བུ་ཆེན་པོ་ཁོང་གི་རླབས་ཆེ་བའི་འགྲུལ་བཞུད་འདི་དང་ཁ་འབྲལ་ཐབས་མེད་པར་གྱུར་ཡོད།

གང་ལྟར་ཏེ་ཛུ་པུར་ཞེས་པའི་གནས་འདི་ནི་དེང་རབས་བོད་མིའི་ལོ་རྒྱུས་ཁྲོད་འགྱུར་ལྡོག་རླབས་ཆེ་བ་མཐའ་དག་གི་དབུ་ཁྱུད་འབྲི་སའི་ས་གནས་ཤིག་ལ་ངོས་འཛིན་ཆོག་ལ། ཁོ་བོའི་ངོས་ནས་གནས་འདི་ནི་བཀྲ་ཤིས་པའི་གནས་མཆོག་ཅིག་གི་འདུ་ཤེས་བྱུང་། རླབས་ཆེ་བའི་དབུ་ཁྱུད་དེ་དང་ལྷན་དུ་འབྱུང་འགྱུར་ལ་ཕྱོགས་པའི་ཡི་མུག་རེ་ཡང་རང་བཞིན་གྱིས་སྐྱེ་ཡོང་བས་དགའ་སྐྱོའི་རྦ་རླབས་གཅིག་འཇགས་གཉིས་ལངས་ཀྱི་ཚུལ་དུ་དུས་འདའ་བར་བྱས་ཤིང་། འགྲོ་རོགས་ཚོ་དང་བསྡོངས་ཏེ་མོན་ཡུལ་དུ་བསྐྱོད་པའི་འགྲུལ་བཞུད་ཀྱང་མགོ་རྩོམ་ལ་ཉེ་བས་ཏེ་ཛུ་པུར་གྱི་འདས་དོན་འབྲི་རྒྱུ་མཚམས་འཇོག་བྱས་པ་ཡིན། (མུ་འགོད།)

ལྷུག་རྩོམ།

Post navigation

Previous Post: འགྱོད་སེམས་ཀྱི་རྒྱང་ཤེལ་དཀར་པོ།
Next Post: ཆོས་པ་དང་། ཆོས་ལུགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme