Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཕྱི་ནང་གཉིས་ལ་སྤྲིངས་པའི་རྩམ་པ་མངར་མོ་འདི་གཙང་བཞེས་གནོངས།

Posted on 2017-04-052017-04-05 By ཁ་བརྡ་ 3 Comments on བོད་ཕྱི་ནང་གཉིས་ལ་སྤྲིངས་པའི་རྩམ་པ་མངར་མོ་འདི་གཙང་བཞེས་གནོངས།

དུར་བྱང་།
 

བོད་ཕྱི་ནང་གཉིས་ལ་སྤྲིངས་པའི་རྩམ་པ་མངར་མོ་འདི་གཙང་བཞེས་གནོངས།
(ཁྱེད་ཅག་གིས་རྒྱ་ནག་གིས་བོད་ཐོག་བཟུང་བའི་སྲིས་ཇུས་གཏིང་རིང་དེ་དག་ལ་དོ་སྣང་བྱས་ཡོད་དམ།)

སྔར་ལོར། ཁོ་བོས་སྐུ་ཞབས་ལྷ་སྡེ་གནམ་ལོ་ཡག་གིས་སློབ་དཔོན་ཆེན་མོ་ཡན་ཧོང་པེན་ལ་བཅར་འདྲི་བྱས་པའི་ལེ་ཚན་ཞིག་ཞིབ་ཏུ་བཀླགས་པ་ཡིན། བརྗོད་སྙིང་གཙོ་བོ་ནི་འགོ་མཇུག་བར་གསུམ་ལ་སྲིད་འཛིན་ཞི་ཅེན་པེན་གྱིས་གཙོ་སྐྱོང་བྱས་པའི་ «བོད་ཀྱི་བྱ་བའི་ཚོགས་འདུ» དང་འབྲེལ་བོད་ཐོག་བཟུང་བའི་སྲིད་ཇུས་ཅི་ཞིག་ཡིན་པའི་སྐོར་རེད།

ཁ་དཔེར། རང་གིས་བཟོས་པའི་རལ་གྲི། རང་སྲོག་གཅོད་པའི་གཞི་མ་ཟེར་བ་ལྟར། ད་ནི་འོ་སྐོལ་ཚོས་ཁ་དང་ལག་པ་འགུལ་མཚམས་མ་བཞག་ན་རང་ཉིད་རྩ་མེད་གཏོང་བའི་ཉེན་ཆ་ཤིན་ཏུ་ཆེ་སྟེ། ཁ་ལག་ཁོམ་སྐབས་དང་བསྟུན་བྱུང་རྒྱལ་དུ་སྨྲ་བའི་རང་གཤིས་དེ་རྒྱང་དུ་འདོར་བར་ཞུ།

ཕྱི་ལོ་༢༠༡༦ ལོའི་ཟླ་༢ ནང་རྒྱ་ནག་ནས་ཡོངས་གྲགས་མ་ཡིན་པའི་ལམ་ནས་ «བོད་ཀྱི་བྱ་བའི་ཚོགས་འདུ» ཟེར་བ་ཞིག་བསྐོངས་འདུག “ཚོགས་ཐོག་དེར་བསྒྲགས་པ་ལྟར་ན། དེང་ཕྱིན་ཏཱ་ལའི་བླ་མ་ལ་ཆ་རྐྱེན་བརྗེ་རེས་ཀྱི་འབྲེལ་མོལ་རྩ་བ་ནས་མི་བྱེད། ཏཱ་ལའི་བླ་མས་ཉེས་པ་ངོས་ལེན་གནང་བ་ཡིན་ན་ཕྱིར་ཀྲུང་གོའི་ནང་ལོག་ཆོག ཡིན་ནའང་། པེ་ཅིན་ནམ་རི་བོ་རྩེ་ལྔ་ནས་བཞུགས་པ་ལས་བོད་ཁུལ་དུ་ཕེབས་མི་ཆོག

དེ་ནི་མ་འོངས་པར་དམར་གཞུང་གིས་ཏཱ་ལའི་བླ་མར་བཟུང་བའི་སྲིད་ཇུས་རེད་ཟེར། རྒྱུ་མཚན་ནི་ཀྲུང་གོའི་ངོས་ནས་ད་ལྟའི་བར་དུ་ཏཱ་ལའི་བླ་མ་མཆོག་ལ་འབྲེལ་མོལ་བྱས་པར་གྲུབ་འབྲས་མ་ཐོན་པ་ཞིག་ལ་ལྟ་བཞིན་ཡོད་ཚུལ་གླེང་འདུག འདི་ནི་ཀྲུང་གོ་སྲིད་གཞུང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་ཀྱི་ཕྱོགས་གཅིག་རེད།

ཕྱོགས་གཞན་གཅིག་ནི་ཏཱ་ལའི་བླ་མའི་ཉེ་འཁོར་གྱི་མི་ཚོར་མུ་མཐུད་དུ་འཐབ་ཕྱོགས་གཅིག་གྱུར་སྲིད་ཇུས་སྤེལ་དགོས། མི་དེ་དག་ལ་འཛིན་པའི་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ནི་ལས་ཀ་གཉིས་ལ་དམིགས་འདུག
གཅིག ཐབས་བརྒྱ་ཇུས་སྟོང་གིས་ཡུལ་གྱར་བོད་མིའི་སྤྱི་ཚོགས་ནང་གི་ལམ་དབུ་མ་དང་རང་བཙན་ལངས་ཕྱོགས་འཛིན་མཁན་གྱི་ཤོག་ཁག་གཉིས་མཉམ་འབྲེལ་ཡོང་མི་ཐུབ་པར་ཤུགས་སྣོན་བྱེད་དགོས།
གཉིས། རྒྱ་བརྒྱུད་ནང་བསྟན་ལ་དད་མཁན་ཁྲོད་ནས་ཏཱ་ལའི་བླ་མ་ལ་དད་པ་བྱེད་མཁན་ཇེ་མང་ཡིན་པའི་སྣང་ཚུལ་ཞིག་མུ་མཐུད་བསྐྲུན་རྒྱུ་དང་། དེ་ནི་ལམ་དབུ་མ་དང་རང་བཙན་ལངས་ཕྱོགས་འཛིན་མཁན་གྱི་ཤོག་ཁག་གཉིས་མཉམ་འབྲེལ་མི་ཡོང་བའི་གཞོགས་འདེགས་ཆགས་ཡོད”ཟེར།

འདི་ནི་རྒྱ་ནག་ལ་ཤིན་ཏུ་རྒྱུས་ཆེ་བའི་སློབ་དཔོན་ཆེན་མོ་ཡན་ཧོང་པེན་གྱི་དྲི་ལན་རེད། དམར་གཞུང་གི་ཆབ་སྲིད་ཀྱི་སྟེགས་བུ་མཐོ་སར་འགྱིངས་པའི་མྱི་འབེལ་བོ་ཞིག་ཁོང་གི་སློབ་གྲོགས་ཞེས་ «རྔམ་བརྗིད་རི་བོའི་ཚོགས་རྣམས་ཐོད་ཀྱིས་བསུ» ཞེས་པར་གསལ། ཁོང་གི་སྐད་ཆ་དེ་དག་ཚད་མར་འཛིན་དགོས་པའི་རྒྱུ་མཚན་ཡང་འདི་ཡིན།

ལར། ཉེ་རབས་ཀྱི་ལོ་རྒྱུས་འགའ་ལ་ཕྱིར་རྟོག་བྱ་འོས། བོད་སྡེ་བ་གཞུང་དང་བཀྲ་ཤིས་ལྷུན་པོ་གཉིས་ཀྱི་བར་ལ་ཁྲལ་དང་འབྲེལ་ནས་ནང་ཁུལ་གྱི་ཉོག་དྲ་ཞིག་བྱུང་ཡོད། དེ་མ་ཐག་གོ་སྐབས་དམ་འཛིན་གྱིས་རྒྱ་ནག་གིས་པཎ་ཆེན་རིན་པོ་ཆེར་སྲུང་སྐྱོབ་བྱེད་ཁུལ་དང་། ཁོང་རང་ཡུལ་དུ་ཕེབས་སྐབས་རྒྱ་ནག་གིས་དམག་ཕྲེང་བསྟར་ནས་ཡོང་བ་རེད། བསམ་བཞིན་དུ་འགལ་བ་ཆེ་རུ་བཏང་སྟེ་ང་ཚོའི་རང་སྟོབས་ཀྱི་ནུས་པ་ཡོངས་སུ་བཅོམ་སྟེ་བོད་ཁུལ་ཟ་བའི་རྔམ་གནག་གི་སྲིད་ཇུས་སྔོན་མ་ནས་ཡོད་རེད། ད་ལྟ་ང་ཅག་གི་རང་ས་སྣུམ་པོ་གཞན་ལག་ཏུ་ཤོར་ནས་ཁ་འཐོར་དགུ་འཐོར་དུ་ཕྱིན་པ་འདི་དག་ད་དུང་མིག་གིས་མི་མཐོང་ངམ།

ཨ་འབྲུག་དགོན་པོ་བཀྲ་ཤིས་ཀྱིས་གསར་དུ་བཙུགས་པའི་ (1958 ལོར་དབུ་བརྙེས།) ཆུ་བཞི་སྒང་དྲུག་ཅེས་པའི་ཚོགས་པ་དེ་ཤིན་ཏུ་གཉེན་འཕྲང་ཆེ་བའི་སྐབས་སུ་དུས་ཐོག་ཆར་བའི་དཔེ་རུ་ཕྱིན་པ་རེད་དེ། རྒྱ་ནག་ལ་འཐབ་རྒོལ་བྱེད་པའི་སྟོབས་ཤུགས་ཀྱི་ནུས་པ་གཅིག་ཏུ་སྤུངས་པའི་གོང་བུ་ལྟ་བུར་ཆགས་པ་རེད་དེ། དེ་མ་ཐག་རྒྱ་ནག་གིས་ཁ་གཏད་ཀྱི་ཚོགས་པ་ཞིག་གསང་བའི་སྒོ་ནས་བཙུགས་ཏེ། ཆུ་བཞི་སྒང་དྲུག་གི་མིང་ཐོག་ནས་མི་དམངས་བསད་པ་དང་བཙན་གཡེམ་ལ་སོགས་བྱས་ནས་མགོ་སྐོར་བཏང་བ་རེད་ལ། ང་ཚོ་ཏག་ཏག་གཡོ་ཐབས་དེའི་འོག་ཚུད་སོང་། མཐར་གཞིས་བྱེས་གཉིས་སུ་གྱེས་པའི་སྐྱོ་གར་གྱི་ལེའུ་རིང་མོ་འདི་བརྒྱུད་པ་མ་ཡིན་ནམ།

ལོ་འགའི་སྔོན་ནས་བཟུང་། ལྷ་མེད་སྨྲ་བའི་སྲིད་གཞུང་ཞིག་གིས་ལྷ་སྲུང་ལ་ཁ་གཡར་ཏེ་ང་ཚོར་ཉོག་དྲ་ག་ཚོད་ཅིག་བཟོས་པ་དྲན་ནམ། ངེས་པར་དུ་དྲན་པར་ཆུད་དགོས་ཏེ་ནང་ཁུལ་གཏོར་བཤིག་ཏུ་འགྲོ་བའི་ཇུས་གཞི་གཏིང་ནག་དེ་མུ་མཐུད་ནས་འགྲོ་བཞིན་པ་རེད། ཁོ་ཚོས་དོལ་རྒྱལ་བ་འབེལ་བོ་ཞིག་ལག་འོག་ཏུ་ཚུད་པར་བྱས་ཏེ་འཛམ་གླིང་ལ་རྫུན་གཏམ་འུར་ཆེན་སྒྲོག་དོན་ཅི་ཞིག་ཡིན་ནམ།

ད་ལྟའི་ཆར། སྐད་འཕྲིན་དང་སྐད་འཕྲིན་བརྒྱུད་ནས་བོད་གཞིས་བྱེས་གཉིས་ཀྱི་བར་དུ་འགལ་བ་བཟོ་བཞིན་པ་རེད། ཕན་ཚུན་ལ་གོ་བརྡ་མ་འཕྲོད་པའི་དབང་གིས་ཚོགས་སྡེ་ཆེན་པོ་འདི་གཉིས་ཀྱི་བར་དུ་འདྲེ་ལག་བརྐྱངས་ནས་མི་མངོན་པའི་ཚུལ་དུ་ལྐོག་མདའ་འཕེན་བཞིན་པ་ཁྱེད་ཅག་གིས་ཚོར་མ་སོང་ངམ། གོང་དུ་དྲངས་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཚན་པ་འགའ་ཡིག་ཚོགས་ལ་མ་འཛེམ་པར་གསལ་འགྲེལ་བྱ་དོན་ང་ཚོར་གོ་བརྡ་འཕྲོད་པའི་སླད་དུ་ཡིན། རྒྱ་ནག་གིས་གོ་སྐབས་གང་དུ་ཡོད་ན་དེ་ལ་ལག་པ་བརྐྱངས་ཏེ་བོད་མི་ནང་ཁུལ་འགལ་ཟླར་འགྱུར་བར་ཐབས་ལམ་བརྒྱ་དང་ཇུས་གཞི་སྟོང་ཡོད་པ་ངེས་ཤེས་རྙེད་པའི་ཕྱིར་དུ་ཡིན།

ང་ཚོ་སྟེ་བོད་མི་རིགས་ཡིན། བཙན་པོའི་སྐབས་སུ་ས་ཆེན་སྒུལ་མྱོང་བའི་དཔའ་མཛངས་ཅན་གྱི་གདུང་རྒྱུད་ཡིན། ཁྲང་ཨན་ཆམ་དུ་ཕབ་སྟེ་གོང་མ་ཁྲི་ལས་ཕབ་སྟེ་འཛམ་གླིང་སྒུལ་མྱོང་བའི་ཤར་ཕྱོགས་པའི་གདོང་དམར་བོད་ཡིན། གནའ་ནས་ད་ལ་ཐུག་གི་བར་དུ་འགྲོ་བ་མིའི་རིགས་ཀྱིས་གཅིག་གིས་གཅིག་ལ་བཙན་འཛུལ་དང་འཐབ་རྩོད། རང་རིགས་ཀྱི་ས་ཁོངས་རྒྱ་བསྐྱེད་བྱས་ནས་ཡོང་བ་ནི་ལོ་རྒྱུས་རེད་ལ། མཐར། རང་ས་རང་གིས་བཟུང་སྟེ་རང་རིགས་རང་གིས་བསྐྱངས་ནས་འགྲོ་དགོས་པ་ནི་གཡོལ་ཐབས་མེད་པའི་ཆོས་ཉིད་ལྟ་བུར་ངེས། དེ་བས། ང་ཚོར་དཔའ་ཞུམ་ནས་གཉའ་སྒུར་ནས་འགྲོ་དོན་ཨེ་ཡོད་སོམས་ཤིག

སྔ་མོ་ཞིག་ལ་ང་ཚོ་དམར་གཞུང་གི་གཡོ་ཇུས་འོག་ཏུ་ཚུད་ནས་མཇུག་འབྲས་ཅི་ཞིག་བྱུང་བ་མ་བརྗེད་པར་གྱིས་ལ། དེང་ཕྱིན་མི་སྒེར་གྱི་དགའ་སྐྱོ་ཆགས་སྡང་དང་། གཟུགས་མེད་སྐུད་ལམ་ནས་བྱུང་རྒྱལ་སྨྲ་བའི་རང་གཤིས་དེ་ཅི་བས་ཀྱང་འདོར་བར་ཞུ། མི་སྒེར་གྱི་ཐོལ་བྱུང་གི་ཚོར་བ་ཞིག་དང་དུ་བླངས་ཏེ་མི་རིགས་ནང་ཁུལ་ལ་འགལ་བ་བཟོ་དོན་ཅི་ཞིག་ཡིན་ནམ།

ལྐོག་ལྟ་བ་ཚོས་འཛུམ་དམུལ་དམུལ་ངང་ང་ཚོར་ཐལ་མོ་རྡེབ་བཞིན་ཡོད། སྐད་འཕྲིན་བརྒྱུད་ནས་ཡོང་བའི་ངག་འཕྲིན་དང་ཡིག་འཕྲིན་དེ་དག་གི་ནང་དོན་ཅི་ཞིག་ཡིན། བོད་གཞིས་ཅིག་ཅིག་དང་། བོད་བྱེས་ཉིག་ཉིག་རེད། དེ་ནས་་ཁྱོད་དང་ང་། ཕྱི་ལོག་དང་ནང་ལོག་ཅེས་ཅི་ཞིག་རྩོད་བཞིན་པའི་རྒྱབ་ལྗོངས་ན་དམར་གཞུང་གི་ཇུས་གཞི་གཏིང་ནག་ཅིག་ཡོད་པ་ལོ་རྒྱུས་ལ་ཕྱིར་རྟོག་བྱས་པས་རྟོགས་ལ། བྲང་ཁར་ལག་པ་བཞག་སྟེ་འདང་བརྒྱབ་ནའང་ཤེས་ནུས། དེ་བས། “སྨྲ་བ་མང་བོ་གྱོད་ཀྱི་གཞི་མ” ཡིན་ཞེས་པའི་རྫ་དཔལ་སྤྲུལ་གྱི་བསླབ་བྱ་འདི་མ་བརྗེད་པར་གྱིས།

ཞིབ་ཏུ་སོམས། ལམ་དབུ་མ་ནི་རི་མཐོ་ས་གཙང་གི་ཁོག་ཡུག་དཔལ་ལ་འགྲན་པ་དེ་དང་ཕུལ་དུ་བྱུང་བའི་གནའ་བོའི་རིག་གཞུང་། མནར་གཅོད་དང་དམར་གསོད་དངོས་སུ་མྱོང་བཞིན་པའི་སྐྱོ་གར་བརྗོད་ལས་འདས་པ་དེ་དག་སྐྱེན་པོར་མཚམས་འཇོག་བྱས་ཏེ་བོད་མི་རིགས་ཀྱི་ས་ཁུལ་འདི་ཞི་བདེའི་ལྟེ་གནས་ཤིག་ཏུ་བསྒྱུར་བའི་རེ་སྨོན་ཞིག་ཡིན། དེའང་རླབས་ཆེ་བའི་སྐྱེས་ཆེན་ཞིག་གི་ཐུགས་དགོངས་ལས་འཁྲུངས་པ་ཡིན་པས་དེ་ལ་སུ་ཞིག་མི་མགུའམ། རང་བཙན་ནི་ང་ཚོར་དབང་བའི་ཐོབ་ཐང་དང་བདག་དབང་ཡིན་པས། དེ་ལ་གཏིང་ནས་མི་དགའ་བའི་མྱིག་ཞར་སུ་ཞིག་མཆིས་སམ། འདིའི་བར་ན་ང་ཚོར་རྩོད་པ་ཅི་ཡང་མེད།

གཞིས་ལུས་བོད་པ་ཚོ་ཡུལ་གྱར་བ་ཚོའི་མིག་དང་སྲོག་སྟེ། དགྲ་བོའི་མེ་མདའ་དང་རལ་གྲིའི་སོ་ཁ་ན་དཔའ་ངར་གྱིས་འགྱིངས་པའི་རང་ས་རང་ཡུལ་སྲུང་མཁན་གྱི་དམག་དཔོན་ཏག་ཏག་ཡིན་ན་ཁོང་ཚོ་ལས་བཀའ་དྲིན་ཆེ་བ་གང་ན་ཡོད་ཏེ་གཏན་ནས་མེད། ཡུལ་གྱར་བོད་པ་ཚོ་གཞིས་བཞུགས་བོད་པ་ཚོའི་ཁ་དང་ལག་པ་སྟེ། རང་ཡུལ་གྱི་དཀའ་སྡུག་དང་མུན་པར་གནས་པའི་ཡུལ་ངོས་དམར་དམར་རྗེན་རྗེན་དུ་འཛམ་གླིང་ལ་སྒྲོག་པའི་མངག་གཞུག་པ་ཏག་ཏག་ཡིན་ན་འདི་ལས་ལྷག་པ་གང་དུ་མཆིས་སམ། འདིའི་བར་ན་ང་ཚོར་རྩོད་པ་ཅི་ཡང་མེད།

ད་ནི་མཇུག་འདྲིལ་བར་བྱ་སྟེ། ང་ཚོ་སྦྲེལ་ཐག་གཅིག་གིས་དམ་དུ་བསྡམས་ནས་ཡོད། ང་ཚོ་ལས་དབང་གཅིག་གི་ཀློང་དུ་འཁྱམ་ནས་ཡོད། ང་ཚོ་རང་ས་བཙན་གྱིས་འཕྲོག་ཅིང་གཞན་ལག་ཏུ་ཤོར་བའི་བར་དོ་བ་རྐྱང་རྐྱང་ཡིན། ང་ཚོ་སྲིད་གཞུང་གི་གཡོ་ཇུས་འོག་ཏུ་ཚུད་མི་ཉན། ང་ཚོས་ལོ་རྒྱུས་ལས་བྱུང་བའི་ཉམས་མྱོང་དེ་དག་ལ་སྣང་ཆུང་བྱ་མི་རིགས། ང་ཚོས་མེ་མདའ་ལག་ནས་ཤོར་བ་མིན། ང་ཚོས་རལ་གྲིའི་རྣོ་དབལ་ཉམས་པ་མིན། ང་ཚོས་དྲང་བདེན་གྱི་མེ་ལྕེ་མཁའ་ལ་བསྒྲོན་ལ་རྣམ་དཔྱོད་ཀྱི་རླུང་གཡབ་ཤུགས་ཀྱིས་གཡུག་དགོས། འདི་ནི་མཐའ་མའི་གདམ་ཁ་ཡིན་སྲིད། ཆིག་སྒྲིལ་རྒྱལ་ལོ།། སྟོབས་ཤུགས་རྒྱལ་ལོ།།

2017.04.05

བསམ་ཚུལ།

Post navigation

Previous Post: ཡང་རྐུན་ལ་ཤོར་སོང་།
Next Post: སྙིང་གཏམ་དམར་པོ་འདི་ཚར་གཅིག་ཀློག་རོགས། (འོས་སྦྱོར།)

Comments (3) on “བོད་ཕྱི་ནང་གཉིས་ལ་སྤྲིངས་པའི་རྩམ་པ་མངར་མོ་འདི་གཙང་བཞེས་གནོངས།”

  1. གནམ་ says:
    2017-04-05 at 8:54 pm

    ངན་པའི་ཕྱོགས་ལ་རྒྱབ་ལངས་མ་བྱས་ན། དེ་གས་འགྲིག་པ་རེད། བླ་མ་སུ་ཞིག་གི་གསུངས་ཡིན་ན་ཡང་། ཁ་མ་གྲག་པར་བསྡད་ན་མི་འགྲིག། ངན་པ་བོ་ངན་པ་ཡིན་པའི་ངན་མཚང་རྟོལ་དགོས། བོད་ཕྱི་ནང་གཉིས་ལ་ཤེས་སུ་འཇུག་དགོས།

    དགྱ་ནག་གི་གཡོ་ཇུས་གཅིག་པོས་ང་ཚོ་གཏོར་མི་ཐུབ། དགྱ་ནག་གི་གཡོ་དངུལ་བྱུང་ན། དེ་ནས། ང་ཚོས་ང་ཚོ་ཏག་ཏག་ལ་བཟོ་སྲིད་པ་ཡིན་པས། གཡོ་དངུལ་ལེན་བཞིན་པའི་མི་བུ་འདྲ་ཤེས་ན་གསལ་རྗེན་དུ་གཏོང་རོགས་ཞུ།

    ཁང་པ་རྫིག་པོ། མོ་ཏྲ་གསར་བ། དངུལ་ཁུག་མཐུག་པོ། དངུལ་ཆང་འབེལ་པོ་སུ་ལ་འདུག། དེ་ཚོ་གང་ནས་པ་བྱུང་བ་ཤེས་དགོས། ཕོ་གཉའ་གཉིས་མ་ཚ་བར་བུ་ཞིག་འཁྲུང་རྒྱུ་མེད་པ་ཤེས་གསལ་རེད།

    རང་བཙན་ལ་འཇུག་ན། ཆེས་ཉུང་ན་ཡང་དཔའ་བོ་ཁྲག་ལ་དགའ་བ་ཁྲི་གཅིག། གང་ནས་ཐོན་ན། རྒྱག་གཅིག་དང་མཆོང་གཅིག་བྱེད་ཐུབ་པ་་ཞིག་དགོས་འདུག། ད་ལྟ་དུས་རབས་གསལ་བ་ཡིན་པས། ལག་ཆ་འུར་ཆ་དང་འུར་རྡོ་གཅིག་པོས་བྱུང་བ་མི་འདུག་པས། རང་བཙན་ཐོབ་པའི་རྒྱལ་ཁ་རྩོད་ན། དུག་མདའ་དང་དུག་སྦྱོར་གྱི་གོ་ཆ་ཡོད་པ་ཡིན་དགོས་འདུག།

    དེ་དག་མི་འཛོམས་ན།
    ཁ་ཕོ་དང་ལག་མོ་ཡིན་འདུག་པའི་མིའི་བུ་འདྲ་ཡོད་ན། (སྙིང་རྗེ། ཁོ་རང་སེམས་ཤུགས་ཆེན་པོ་རེད་དེ། ད་ལྟ་འདི་ལ་དགོས་བའི་ཀླད་པ་དེ་སྟོང་པ་རེད་) ཟེར་ནས་མཐོང་ཆུང་ཞིག་བྱས་ནས་བཞག་ན་ཡང་མ་འགྲིག་པ་ཡོད་རྒྱུ་མ་རེད།

    བོད་ཕྱི་ནང་འཐོར་གི་མ་རེད་ལ། བོད་ཆོལ་ཁ་ཡང་འཐོར་གི་མ་རེད། རྒྱུ་མཚན་ཡོད་དེ། ཆོས་རྒྱུད། རུས་རྒྱུད་ཀྱིས་མི་རབས་ནས་བསྐལ་བ་ལ་བཅིང་བ་ཞིག་ཡིན་པས། འདྲེ་ཁ་ནག་འགས་ཁ་ནས་ཐོན་ཚད་བཤད་པ་ལ་ཉན་ནི་མང་པོ་ཡོད་མི་སྲིད།

    ངས་བརྡ་འཕྲིན་གྱི་རྒྱུད་རབས་འདི་ནས་ཧ་གོ་བ་ནི། མི་ངན་དང་གཡོ་ཚོང་བ་དགའི་ཁ་ལག་བར་ནས། བོད་བསྟན་པ་ཆབ་སྲིད་ལ་རྨ་རྨོས་བྱུང་དུ་མི་འཇུག་པའི་ངར་སྒྲ་སྒྲོག་བཞིན། མདུན་སྐྱོད་བྱེད་བཞིན་པ་ནི་བོད་ཕྱི་ནང་གི་ཁ་རྗེ་དབང་ཐང་ཅན་ཚོ། བྱང་ཆུབ་སེམས་དཔའི་བྱིན་ཞུགས་པའི་བོད་མི་དང་མ་དང་། རྣལ་མ་ཚོ་རེད་འདུག་པས། དགའ་དགོས་སོ།

    སློབ་སྦྱོང་བྱོས། ཟླ་བའི་སྒང་ལ་བོད་ཕྲུག་ཞིག་འགྲོ་ཐུབ་པའི་ཉིན་མོ་དེར། བོད་འདིས་ག་རེ་བཤད་ན་ལས་ཐུབ་པའི་དུས་ལ་སླེབ་ཡིན་པས། སྐབས་དེར་བོད་རང་བཙན་ཡིན་པས་མ་ཚད། ད་དུང་གླིང་གཞན་ཞིག་ལ་ཡང་སྐེ་ཞིག་སྲེང་ཆོག་པའི་བྱས་བ་བཞག་པ་ཡིན་པས། ཕ་མས་བུ་ཕྲུག་གི་ཆར་བ་ཕོབས། བུ་ཕྲུག་གིས་ཤེས་བྱ་ཡི་གནམ་འཕང་སྟོད།

    བོད་མི་འཕེལ་བསྡོད་དུས། ཤེས་བྱ་རྒྱས་བསྡོད་དུས། ངས་ཁྱེད་ཚོ་ལ་བོད་རང་བཙན་གྱིས་མ་ཚད་པའི་ཡོད་ཚད་ཀྱི་ཡོད་ཚད་ཕུལ་ཆོག། གཤིན་རྗེ་ཆོས་རྒྱལ། གོ་སོང་ངམ།

  2. དགེ་འདུན་རྒྱ་མཚོ། says:
    2017-04-06 at 5:37 am

    རྩོམ་ལས་མཆན་རྗིག་པོ་བྲིས་འདུག་བསམ་སོང་། ཧཧཧ

  3. ཀརྡོ་རབ་འབྱམས་པ་ says:
    2017-04-06 at 7:58 am

    ་་་་་་་་ ང་ཚོ་སྟེ་བོད་མི་རིགས་ཡིན། བཙན་པོའི་སྐབས་སུ་ས་ཆེན་སྒུལ་མྱོང་བའི་དཔའ་མཛངས་ཅན་གྱི་གདུང་རྒྱུད་ཡིན། ཁྲང་ཨན་ཆམ་དུ་ཕབ་སྟེ་གོང་མ་ཁྲི་ལས་ཕབ་སྟེ་འཛམ་གླིང་སྒུལ་མྱོང་བའི་ཤར་ཕྱོགས་པའི་གདོང་དམར་བོད་ཡིན། ་་་་་་་
    ་
    བོད་གཞིས་ཅིག་ཅིག་དང་། བོད་བྱེས་ཉིག་ཉིག་རེད།
    འདི།
    བོད་གཞིས་ཅིག་ཅིག་དང་། བོད་བྱེས་གཉིས་གཉིས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme