Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོང་བ་ལོ་ཙ་བ་ཞིག་གཤེགས་པ་ལ་མྱ་ངན་ཞུ་བ།

Posted on 2017-03-022017-03-02 By དགེ་རབ་ 2 Comments on ལོང་བ་ལོ་ཙ་བ་ཞིག་གཤེགས་པ་ལ་མྱ་ངན་ཞུ་བ།
pema-translating4
ཨ་ཁུ་པད་མས་སྐད་བསྒྱུར་གནང་བཞིན་པ།

ད་ནངས་ཞོགས་ཀར་གྲོགས་པོ་ཟུང་གིས་ཁ་པར་བརྒྱུད་དེ་ཨ་ཁུ་པད་མའམ་ཨ་མདོ་པད་མ་ཞེས་གྲགས་པའི་ལོང་བ་ལོ་ཙ་བ་ཁོང་ཉེ་ཆར་ཕྱི་ཟླ་གཉིས་པའི་ཚེས་ ༢༧ ཉིན་གྲོངས་ཡོད་པའི་གཏམ་ཐོས་བྱུང་། ཡིད་སྐྱོའི་གནས་ཚུལ་འདི་སེམས་ལ་ཉར་ནས་སྔོན་ཁ་བརྡ་དྲ་བར་བཀོད་ཟིན་པའི་ཁོང་གི་ལོ་རྒྱུས་ PDF ཅན་དེ་སླར་ཡང་བཀོད་ཡོད། (འབྲེལ་ཐག་འདིར་བསྣུན་ནས་གཟིགས་རོགས།amdo-pema-pdf ) དེ་དང་ཆབས་གཅིག་ཕྲན་གྱིས་དེབ་དེའི་སྔོན་གླེང་དུ་བྲིས་པའི་ལོ་རྒྱུས་མདོར་བསྡུས་འདི་ཡང་ལྷན་གཅིག་ཏུ་བཀོད་པ་ཡིན། སྔོན་ཁ་བརྡ་དྲ་བའི་ཐོག་བཀོད་སྐབས་མཆན་འགའ་ཡང་ཐེབས་འདུག་པ་དག་ལ་གཟིགས་ན་འབྲེལ་ཐག་འདིར་ཡོད། https://www.khabdha.org/?p=327དགེ་འདུན་རབ་གསལ་གྱིས་མྱ་ངན་ཞུ་བ་དང་བཅས་ཕུལ།

==================================

སྔོན་གླེང་།

akhupema7_300གལ་སྲིད་ཁྱེད་རང་རྒྱ་གར་ལྷོ་ཕྱོགས་ཀྱི་མོན་གློ་གཞིས་ཆགས་སུ་ཕེབས་མྱོང་ཡོད་ཚེ། ཨ་ཁུ་པད་མ་ཞེས་པའི་མི་འདི་ཡང་ཁྱེད་ཀྱིས་མཐོང་ཐོས་ཡོད་སྲིད། གཞིས་ ཆགས་དེར་ཁོང་ནི་མི་གྲགས་ཅན་ཞིག་རེད། ཕྲན་རང་གིས་ ༡༩༨༧ ལོ་ནས་ ༡༩༩༠ ལོའི་བར་དགའ་བྱང་གྲྭ་ཚང་དུ་ཐོས་བསམ་སློབ་གཉེར་བྱེད་སྐབས། ཨ་ཁུ་པད་མ་དང་འབྲེལ་འདྲིས་བྱུང་ལ། དུས་དེ་ནས་བཟུང་ཁོང་ནི་ངའི་སེམས་ནས་ཡལ་ཐབས་མེད་པར་གྱར།
ཞྭ་མོ་གོར་དབྱིབས་ཅན་ཞིག་གི་འོག་ན་མིག་ཤེལ་ནག་པོ། གཟུགས་པོ་མི་རིང་ མི་ཐུང་ཞིང་། ཤ་མདངས་རྒྱས་ལ་དར་བ། ལག་པ་གཡོན་པས་ཕྲེང་བ་འདྲེན་པ་དང་། ལག་པ་གཡས་པས་ལག་རྟེན་གཡུགས་ཤིང་ལམ་སྣ་འཚོལ། ལག་རྟེན་དེ་ནི་ཁོང་གི་མིག་གི་ཚབ་ཡིན་ལ། གྲོང་སྡེ་གསུམ་པའི་གཡས་གཡོན་གྱི་གདན་ས་ཁག་ལ་རང་ཉིད་གཅིག་པུར་རྒྱུན་དུ་འགྲོ་མཁན་ཞིག་ཡོད། དེ་ནི་ཨ་ཁུ་པད་མ་རེད།
ངས་ཨ་ཁུ་པད་མ་དང་འབྲེལ་འདྲིས་བྱས་པ་ནས་བཟུང་། ཁོང་གི་ལོ་རྒྱུས་དག་ངའི་སེམས་ལ་རི་མོ་བཞིན་བབས། ཁོང་གི་ལག་པ་ནས་འཇུས་ཏེ་ལམ་རྒྱུས་བྱེད་སྐབས། ཁོང་གི་ངོ་ཤེས་པ་ཚོས་སྐད་གཟེངས་མཐོན་པོས། ཨ་ཁུ་པད་མ། གསར་འགྱུར་ག་རེ་འདུག ཅེས་འདྲི། དེ་ནས་ཁོས་ཀྱང་སྐད་གཟེངས་མཐོན་པོས་གསར་འགྱུར་བཤད་ཅིང་། ཨ་ཁུ་པད་མས་སྐད་གདངས་ལ་བརྟགས་ནས་མི་སུ་དང་སུ་ཡིན་པའི་ངོ་ཐག་ཆོད། ཨ་ཁུ་པད་མས་བཤད་པ་ལྟར་ན། ཁོང་གིས་བི་བི་སི་(BBC)དང་ཝོ་ཡེ་སི་ ཨོཕ་ཨ་མི་རི་ཀ་(Voice of America) ཨོལ་ཨིན་དི་ཡ་རེཌའོ་(All India Radio)བཅས་ཀྱི་ཧིན་སྐད་གསར་འགྱུར་ལ་ཉན་གྱི་ཡོད་ཟེར་ལ། དེས་ཁོང་ནི་གསར་འགྱུར་གྱི་ཡོང་ཁུངས་ཤིག་ཏུ་བསྒྱུར་པ་རེད།
File_000ངེད་ཀྱི་གྲོགས་པོ་ཁ་ཤས་ཀྱིས་ང་ལ། ཁྱེད་ཀྱིས་ཅིའི་ཕྱིར་ཨ་ཁུ་པད་མའི་ལོ་རྒྱུས་འབྲི་གི་ཡོད། ཨ་ཁུ་པད་མ་ལ་ལོ་རྒྱུས་ག་རེ་ཡོད་པ་རེད། ཅེས་དྲིས་མྱོང་། ངས་ད་བར་དུ་དྲི་བ་དེ་ལ་ལན་བཏབ་མེད། དེའི་ལན་ནི་འདི་ལྟ་སྟེ། ཨ་ཁུ་པད་མ་ནི་ལོ་ཙཱ་བ་ཞིག་ཡིན། ཨ་ཁུ་པད་མས་ལོང་བའི་གཙགས་ཡིག་ཐོག་ཧིན་དིའི་སྐད་འབྲི་ཀློག་ཐུབ་ཀྱི་ཡོད། ཨ་ཁུ་པད་མ་ནི་བོད་ཡིག་ལོང་བའི་གཙགས་ཡིག་ཏུ་འབྲི་མཁན་ཕལ་ཆེར་ཐོག་མ་དེ་ཡིན། ཨ་ཁུ་པད་མས་འཇོན་ཚོད་ཀྱིས་བོད་མི་ཚོས་ཧིན་སྐད་མི་ཤེས་པའི་སྐབས་སུ་སྐད་བསྒྱུར་གྱི་ཞབས་ཞུ་ཞུས། འོན་ཀྱང་ཁོང་ལ་ཐོབ་དང་གོ་ས་གཏན་ནས་མ་ཐོབ། ཁོང་གིས་སྐད་བསྒྱུར་གྱི་རིན་ཡང་བླངས་མ་མྱོང་ཟེར། ཨ་ཁུ་པད་མས་མི་ཚེ་གཅིག་ལ་མིག་ཤེས་ཡོད་པ་དང་མིག་ཤེས་མེད་པའི་སྐྱེ་བ་གཉིས་བླངས། ཨ་ཁུ་པད་མས་བོད་རང་བཙན་ཡིན་པའི་སྐབས་དང་ཤོར་བའི་སྐབས་གཉིས་ཀའི་ནང་མི་ཚེ་བསྐྱལ། འདི་ལྟར་བསམས་ཚེ་ངས་ཨ་ཁུ་པད་མའི་མི་ཚེ་ལ་ནི་རིན་ཐང་ཡོད་པར་འདོད་དོ།།
ཨ་ཁུ་པད་མའི་ལོ་རྒྱུས་ནང་ཁོང་གིས་སྐད་བསྒྱུར་བྱས་པའི་ཚུལ་དེ་ཁུངས་སྐྱེལ་བྱ་དགོས་པ་ནི་ང་ལ་གལ་ཆེན་པོར་གྱུར། ཁོང་གིས་སྐད་བསྒྱུར་གྱི་ཞབས་ཞུ་ཡུལ་གྱི་ཁོངས་སུ་ཀུན་བདེ་གླིང་ཛ་སག་ཀྱང་ཡོད་ཟེར། ངས་དོན་དེ་བརྩད་གཅོད་བྱེད་སླད་ཀུན་བདེ་གླིང་གི་མི་ཚེའི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ཐབས་བྱུས་སྙིང་སྟོབས་ཀྱི་འབྲས་བུ་ཞེས་པའི་་པོད་གཉིས་དེ་ཉོས་པ་ཡིན། དེབ་འདིའི་ནང་ཨ་ཁུ་པད་མས་ཁོང་ལ་སྐད་བསྒྱུར་བྱས་རིགས་མ་འཁོད་མོད། དེབ་དང་པོའི་ཤོག་ངོས་ ༣༤༨ པར་ཚིག་འདི་འདྲ་ཞིག་འཁོད་ཡོད། “ལྷག་པར་དབྱིན་ཧིན་སྐད་ཡིག་ཡེ་ནས་མི་ཤེས་པའི་ནག་ཁུང་ནག་རྐྱང་ལས་ཀ་མང་ཆེ་སྐད་བསྒྱུར་ཁོ་ནར་བསྟེན་དགོས་མུན་ནག་སྦར་འཚོལ་ཆ་རྐྱེན་དང་དམིགས་ཡུལ་རི་ཟོར་ག་འཛོལ་རང་སྟོབས་ཀྱི་ནུས་པ་དེ་འདྲ་ཞིག་ལས་མེད་ཀྱང་ལྷག་བསམ་སེམས་ཤུགས་ཀྱི་གོ་ཆ་གྱོན་ཏེ་ལྐུགས་པ་ཨ་ཚུགས་ཀྱིས་ཕུ་རྒྱུགས་མདའ་རྒྱུགས་བྱ་དགོས་སྟབས་སྐབས་རེ་ཕ་རོལ་རོགས་རམ་གྱི་རེ་ལྟོས་ཞུ་ཡུལ་དང་། སྐབས་རེ་མཉམ་འཁྲིད་སྐད་བསྒྱུར་ང་གཉིས་བར་ལ་ངས་དབྱིན་ཇི་མ་ཤེས། ཁོས་བོད་སྐད་ཡག་པོ་མ་ཤེས་པའི་སྐབས་སུ་ཕན་ཚུན་བསུན་སྣང་མཐོང་ཆུང་གིས་སྣང་ཚུལ་འདྲ་མིན་བྱུང་བའི་སྐབས་འགར་བློ་ཕམ་གྱིས་རང་གིས་རང་ལ་དུས་སྐབས་ཀྱི་དྲན་གསོ་དང་། སེམས་གསོ་བྱེད་དགོས་པའང་ཡང་ཡོང་གི་ཡོད།”ཅེས་འཁོད་འདུག གོང་གསལ་གྱི་ཚིག་ཕྲེང་རིང་པོ་དག་གི་ནང་དོན་ཅི་ཡིན་ཏག་ཏག་ཅིག་གོ་དཀའ་མོད། ཁོང་དང་སྐད་བསྒྱུར་བ་ལ་དྭགས་པའམ་ཀར་ཤཱ་པ་སོགས་ཀྱི་བར་གོ་བརྡ་ལེགས་པོ་མ་འཕྲོད་པའི་ཚུལ་ཞིག་གསལ་ལ། དེ་ལྟར་ན་ཁོང་གིས་ཨ་ཁུ་པད་མ་ལ་རེ་བཅོལ་བྱས་ཡོད་སྲིད་པ་ཞིག་རེད། འོན་ཀྱང་མིག་མེད་ཅིག་སྐད་བསྒྱུར་ལ་འཁྲིད་པ་དེ་ལོ་རྒྱུས་སུ་འགོད་འདོད་མེད་པ་ཡིན་ནམ་གང་ལྟར་འདིའི་སྐོར་གོང་གསལ་གྱི་དེབ་ནང་ཡོད་པ་ངའི་མིག་ལམ་དུ་མ་ཡོང་ལ། མ་སུ་རིའི་འོ་མ་ལས་རྡ་རམ་ས་ལའི་ཆུ་ཞིམ་ཟེར་བའི་གཏམ་དེ་ཡང་ཁོང་གིས་ཞལ་བཞེས་གནང་མི་འདུག་གོ།
ཡིག་ཐོག་ནས་ངས་ཨ་ཁུ་པད་མ་སྐད་བསྒྱུར་བ་ཡིན་པའི་ཁུངས་སྐྱེལ་མ་རྙེད་ནའང་། དོན་འདི་པར་གྱི་ཐོག་ནས་མངོན་སུམ་གྱིས་ར་འཕྲོད་པ་འདུག་པ་ནི་འདིར་འཁོད་པའི་པར་རིགས་ལ་གཟིགས་དང་གསལ་ལོ།།
ད་ནི་དེབ་ཆུང་འདིའི་བྱུང་རིམ་ཅུང་ཟད་བསྙད་པར་བྱ་སྟེ། དེ་ཡང་ཕྱི་ལོ་ ༢༠༠༠ ལོའི་ལོ་གསར་སྐབས་སུ་ངེད་མོན་གློ་གཞིས་ཆགས་སུ་བསྐྱོད་པའི་སྐབས་དང་བསྟུན་ནས་ངས་ཨ་ཁུ་པད་མའི་མི་ཚེའི་ལོ་རྒྱུས་སྒྲ་ཕབ་འཁོར་ལོར་བཅུག དེ་ནས་ཡུན་རིང་ཞིག་འགོར། མཚམས་ཤིག་ངེད་ཀྱི་སྒྲ་ཕབ་འཁོར་ཐག་དེ་དག་ཀྱང་མི་རྙེད་པར་གྱུར། ཡང་བསྐྱར་ངེད་ཀྱི་ཆོས་གྲོགས་བསྟན་འཛིན་སྐལ་ལྡན་ལགས་དང་དགེ་འདུན་ལེགས་བཤད་གཉིས་བརྒྱུད་ནས་བཅར་འདྲི་ལན་གཉིས་ཞུས། བཅར་འདྲི་དེ་དག་བཅར་འདྲིའི་ངོ་བོར་ལུས། སྔ་ལོར་དེ་དག་རིམ་གྱིས་ཡི་གེར་ཕབ་སྐབས་བོད་ཀྱི་དུས་བབ་གསར་ཁང་གི་དགེ་འདུན་རྒྱ་མཚོས་རོགས་རམ་གནང་།
འོན་ཀྱང་ངའི་ཁོར་ཡུག་འདིའི་ནང་དཔེ་དེབ་འབྲི་བའི་མཐུན་རྐྱེན་ཧ་ཅང་དཀོན། རང་གི་ཧམ་སེམས་ཀྱིས་ལས་ཀ་འདིའི་སྣེ་ལ་འཇུས་ཀྱང་། རང་གི་ལེ་ལོ་དེས་རང་ཉིད་བརྙན་འཕྲིན་ལ་བཏགས། མུ་མཐུད་ནས་ནར་འགྱངས་སུ་སོང་། ལས་ཀ་འདིའི་ཐོག་ལ་དུས་ཚོད་ཉུང་ངུ་ཞིག་ལས་གཏོང་མ་ཐུབ། ༢༠༠༤ལོར་ངེད་ཀྱིས་ཨུ་ཚུགས་ཀྱིས་འབད་པ་བྱས་པའི་འབྲས་བུར་ད་ཆ་གཞི་ནས་དེབ་ཆུང་འདི་ཡང་འཁྲུངས་པར་གྱུར།
ཐོག་མའི་འཆར་གཞི་ལ་ངེད་ཀྱིས་བོད་ནས་ཡིག་ཆ་འཚོལ་སྒྲུབ་སོགས་བརྒྱུད་ནས་ཨ་ཁུ་པད་མའི་མི་ཚེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཅུང་རྒྱས་པ་ཞིག་འབྲི་འདུན་གྱིས་འབད་འབུངས་བྱས་མོད། ཡིག་ཆ་ཁག་གཅིག་མ་འབྱོར་ཞིང་། འབྱོར་བའི་ཁོངས་ནས་ང་ལ་དགོས་པའི་གསལ་ཆ་རིགས་མི་འདུག་བརྟེན། འདིར་འཁོད་ཀྱི་རྒྱབ་ལྗོངས་མདོར་བསྡུས་དེ་ལས་བྲིས་པ་མེད་ཅིང་། བསྐྱར་དུ་བསམས་སྐབས་དེ་ནི་ཕྱོགས་གཅིག་ནས་དགེ་བར་མཐོང་སྟེ། ཨ་ཁུ་པད་མའི་མི་ཚེ་མ་སྒྲིབ་པར་འདུག་པས་སོ༎
རྒྱུ་ཆ་འཚོལ་བ་དང་ཞུ་དག་གི་ལས་རིམ་ཁྲོད། ལ་རྩེ་དེང་རབས་བོད་ཀྱི་རིག་གཞུང་དཔེ་མཛོད་ཁང་གི་དབུ་འཛིན་སྐུ་ཞབས་པད་མ་འབུམ་ལགས་དང་། དཔེ་མཛོད་ཁང་། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་དགེ་འདུན་ལྷག་བསམ། ཨིན་ཌི་ཡ་ན་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་ཨེ་ལིའོ་ཊི་ སི་པར་ལིང་དང་གཡང་འབུམ་རྒྱལ། ངེད་ཀྱི་ཆོས་གྲོགས་དགའ་ལྡན་དུ་བཞུགས་པ་ཚོས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ། ཨ་མ་མེ་རེ་པི་ཊ་ར་སོན་ནས་ཀྱང་ཨ་ཁུ་པད་མའི་འདྲ་པར་ལེན་པའི་རོགས་གནང་བར་ ཐུགས་རྗེ་ཆེ་ཞུ་ལ། བོད་ཀྱི་དུས་བབ་གསར་ཁང་གིས་ཇུས་འགོད་དང་པར་དུ་བཏབ་པ། ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ Rowell Fund for Tibet ཞེས་པའི་རོགས་དངུལ་གནང་བར་ཡང་ཐུགས་རྗེ་ཆེ་བ་ཡིན། ཁྱེད་ཅག་གི་བརྩེ་བའི་རོགས་རམ་དང་བྲལ་ཚེ་ངེད་ཀྱི་དེབ་ཆུང་འདི་ཡང་ད་དུང་རྨི་ལམ་གྱི་རི་མོ་ཞིག་ལས་མ་འདས་པ་གོར་མ་ཆག་ལགས།
ཕན་ཐོགས་མིན་ལ་མ་ལྟོས་པར་ངེད་ཀྱིས་མི་ཡུལ་འདིར་དེབ་ཆུང་ཁ་ཤས་འབྲི་ཁུལ་བྱས་ཤིང་། དེ་དག་གི་དགེ་བ་བསྔོ་བ་སོགས་ཀྱང་བོད་རང་གི་སྔར་ལུགས་སུ་བྱས་པ་ཡིན། འོན་ཀྱང་ཐེངས་འདིར་ངའི་སེམས་ནས་ཐུགས་རྗེ་ཆེ་ཞེས་ཤོར་ས་ཞིག་ནི་བཟའ་ཟླ་ཚེ་རིང་དབྱངས་སྐྱིད་དང་། བུ་མོ་ཚེ་དཔལ་དང་ཀུན་ལྷ་བཅས་ཡིན། བཟའ་ཟླས་ཨ་ཁུ་པད་མའི་དེབ་འདི་གང་མྱུར་ཚར་བ་བྱོས་ཞེས་ཡང་ཡང་བསྐུལ་ཐོག་ དེའི་ཆེད་བྱིས་པ་གཉིས་ཕྱི་རོལ་དུ་འཁྲིད་ནས་ངེད་ལ་ཁུ་སིམ་སིམ་གྱི་ཁོར་ཡུག་ལན་གཅིག་མིན་པར་བསྐྲུན་པ་ལགས།
དེ་ལྟར་དེབ་ཆུང་འདི་གྲུབ་ཅིང་། ད་ནི་ངེད་ཀྱི་སྨོན་པའི་ཚིག་འདི་ལྟར་སྨྲ་སྟེ།

མ་བཅོལ་ལས་འདིར་དང་བ་བདག་གིས་བྱས།།
མི་འདོད་བཙན་གྱིས་བཀོལ་བ་གང་ཡང་མེད།།
མ་དགོས་ལྕི་བའི་ལས་ཚགས་བདག་གིར་བྱས།།
མི་འགྲུབ་སེམས་ཁྲལ་ལྕི་མོས་ཡུན་རིང་མནར༎

གྲུབ་པ་འདིར་ཡང་དགེ་བ་ཉུང་ཞིག་མཆིས།།

སྐྱོན་དང་མ་དག་ཚོགས་ཀྱིས་ཡོངས་་སུ་བཟུང་།།
འགའ་ཞིག་ཤེས་མོད་བཅའ་བའི་བློ་མ་ལང་།།
འགའ་ཞིག་མི་ཤེས་བཞིན་དུ་དེ་མུར་ལུས།།

ཨ་ལ་བོད་སྐད་འདི་ཡང་ཡ་མཚར་ཏེ།།
ཡི་གེར་བསྟུན་ན་བོད་མིས་མི་གོ་ལ།།
སྐད་དང་བསྟུན་ན་ཡི་གེར་མི་མཐུན་སྟབས།།
ཕྲན་ཉིད་གཅིག་པུར་ནོངས་པའི་རྒྱུ་མ་མཆིས།།

འདི་ལྟར་བྲིས་པའི་དགེ་བའི་ས་བོན་ནི།།
སྐྲ་རྩེས་བླངས་པའི་ཆུ་ཐིགས་ཙམ་མཆིས་ན།།
ཨ་ཁུ་པད་མས་གཙོ་བྱས་བོད་རིགས་རྣམས།།
རང་དབང་ཞི་བདེའི་དཔལ་ལ་སྤྱོད་པར་སྨོན།།

༢༠༠༥ ལོའི་ཕྱི་ཟླ་ ༡ ཤེས་ ༡༠ ལ།
དགེ་འདུན་རབ་གསལ་གྱིས་བྲིས་པའོ༎

གསར་འགྱུར།

Post navigation

Previous Post: སྐད་ཡིག་གཉིས་པའི་ཚུལ་དུ་བོད་ཡིག་སློབ་ཐབས།
Next Post: ཁམས་སྟོད་ནགས་ཤོད་ཀྱི་སློབ་མའི་བགྲོ་གླེང་འཚོགས་ཡོད།

Comments (2) on “ལོང་བ་ལོ་ཙ་བ་ཞིག་གཤེགས་པ་ལ་མྱ་ངན་ཞུ་བ།”

  1. གཅན བཟོད་རྒྱམ། says:
    2017-03-05 at 1:34 am

    ཨ་ཁུ་པད་མ་སྐུ་འདས་པར་མྱ་ངན་ཞུ།
    གོ་དགུའི་ལོར་ང་ལྟོ་ཕྱོགས་སུ་སོང་སྐབས་ཁོང་དང་ངོ་ཤེས། གྱན་གསུམ་དང་དགའ་བྱང་ཀླུ་འབུམ་ཁང་ཚན་བར་དུ་ཕར་ཚུར་ལན་འགར་འགྲོ་རོགས་དང་། གྱན་གསུམ་པའི་ཁོང་གི་འདུག་ཁང་རྒན་གསོ་ཁང་དུའང་སོང་མྱོང་། ད་རུང་ཡར་མར་སྐོར་ལ་ཁ་བརྡ་ཡང་མང་དུ་བྱས་མྱོང་། གྱན་བཞི་པ་ནས་ཀེའུ་ཉོས་ཏེ་ཨ་ཁུ་པད་མ་ཁྲིད་དེ་ཕྱིར་རྗེ་དགའ་ཀླུ་ཁང་ཚན་དུ་ཡོང་སྟེ་ཀེའུ་ཚོད་བཅས་བ་ལན་འགའ་ཡོད། ཁོང་དང་འགྲོགས་འདྲིས་བྱས་ཏེ་ཁ་བརྡ་བྱས་པ་དང་དགེ་རབ་ལགས་ཀྱིས་བྲིས་པའི་ཁོང་གི་ལོ་རྒྱུས་གཉིས་ཀྱིས་ཨ་ཁུ་པད་མའི་མི་ཚེ་དཀའ་སྡུག་རྣམས་ཅུང་ཙམ་གསལ་རྟོགས་བྱུང་། དག་པའི་ཞིང་ཞིག་ན་ཁོང་དེ་རུ་སྐྱེས་ཏེ། སྒོ་ལྔའི་དབང་པོ་མ་ཚང་བ་མེད་པར་འཇིག་རྟེན་འདིའི་འདོད་རྒྱུ་ལོངས་སྤྱོད་སྤྱི་བྱེ་དང་། སྔར་ལས་བསོད་ནམས་ཀྱི་སྟོབས་ཀྱིས་སླར་ཡང་༧གང་ས་མཆོག་གི་སྐུའི་ཞལ་ཟིན་གསུང་ཐོས་རྒྱུད་ལ་བྱིན་རླབས་འཇུག་པར་སྨོན་པམ་མང་དུ་འདེབས་སོ།
    དགེ་རབ་ཀྱིས་བྲིས་པའི་ཨ་ཁུ་པད་མའི་ལོ་རྒྱུས་འདི་ལ་ཐེངས་གཉིས་བལྟས་མྱོང་། ད་རུང་ཁ་གསབ་ཅིག་བྱ་ཐུབ་ན་སྙམ་པའི་བསམ་ཚུལ་ཞིག་སྔོན་མ་དྲ་ངོས་གང་ཞིག་ུ་བྲིས་མྱོང་མོད། དེ་རིང་དྲ་ངོས་གང་དུ་ཁ་གསབ་ཅི་ཞིག་བྱ་དགོས་ཚུལ་བྲིས་པའང་དྲན་མ་སོང་།
    དགེ་རབ་ལསག་ཀྱི་སྔར་འདས་པོ་ཁོང་གི་ལོ་རྒྱུས་བྲིས་པ་དང་ད་ཐེངས་ཀྱང་འདས་པོར་མྱ་ངན་དང་འབྲེལ་ནས་སེམས་དོན་བྲིས་པ་ཚང་མར་བཀའ་དྲིན་ཆེ་ཞུ།

  2. གཞོན་ནུ་ཟླ་མེད། says:
    2017-03-05 at 5:05 pm

    སེམས་པ་སྐྱོ་སྣང་གིས་ཁེངས་སོང་། སྨོན་ལམ་ཞིག་འདོན། ༡༩༨༠༩་ནས ༢༠༠༤ བར་ངོ་ཤེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme