Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐུབ་ཕུན་གྱི་ལན་དང་འབྲེལ་བའི་དྲ་ཐོག་དྲིས་ལན།

Posted on 2017-02-252017-02-25 By ཁ་བརྡ་ 6 Comments on ཐུབ་ཕུན་གྱི་ལན་དང་འབྲེལ་བའི་དྲ་ཐོག་དྲིས་ལན།

རྫ་ཚེ་རིང་བཀྲ་ཤིས།

 
སངས་རྒྱས་ལ་ཕྱག་འཚལ་ལོ།།

གཅིག ༽
བརྩེ་བའི་དྲ་གྲོགས་རྣམ་པ། ཁམས་བཟང་། དོ་ནུབ་ངས་ཉེ་ཆར་དགེ་རྒན་ཐུབ་བསྟན་ཕུན་ཚོགས་དང་ང་གཉིས་བར་གྱི་གླེང་མོལ་དེ་ལས་འཕྲོས་པའི་དྲ་ཐོག་གི་དྲི་བ་དག་ལ་དཀྱུས་གཅིག་ཏུ་ལན་སྟབས་བདེ་ཞིག་འདེབས་རྒྱུ་ཡིན། ལན་འདི་ལོ་སར་སྔོན་ལ་ཕུལ་ཟིན་པ་བྱུང་ན་ཡག་པོ་འདུག གནམ་ལོ་གསར་པ་ཚེས་ལ་ཉེ་བས་ལོ་སར་རྗེས་ནས་ང་ཚོས་བརྗོད་གཞི་གཞན་འདྲ་མིན་ཐོག་བགྲོ་གླེང་ཡོང་གི་རེད། དེས་ན་སྔར་གྱི་གླེང་གཞི་དེ་མུ་མཐུད་འུར་མི་དགོས་པར་བསམ་ཡོད། འོན་ཀྱང་བྲེལ་བའི་དབང་གིས་ད་བར་ལྷག་སོང་།

 

གཉིས།༽

གུས་པའི་གྲོགས་པོ་རྩོམ་པ་པོ་འགས་རྒྱུས་ཡོད་ཀྱི་ཆ་ནས་ང་སྒེར་དང་འབྲེལ་བའི་དོན་དག་འགའི་ཐད་ཐུབ་བསྟན་ཕུན་ཚོགས་ལ་ལན་འདེབས་ཀྱི་རྩོམ་ཡིག་འབྲི་འདོད་ཡོད་གསུང་བྱུང་། འོན་ཀྱང་དེ་ཚང་མར་འབྲི་མི་དགོས་ཞེས་ལབ་པ་ཡིན། འགའ་ཞིག་གིས་གསལ་བཤད་རེ་བྲིས་པའང་འདུག་སྟེ། ཡོངས་སུ་བཏང་སྙོམས་སུ་བཞག་པ་ཡིན། ཐུབ་བསྟན་ཕུན་ཚོགས་ལ་སྐྱོན་བརྗོད་དང་འབྲེལ་བའི་བརྙན་དང་ཡི་གེ་གང་ཞིག་ཀྱང་མི་སུ་ཞིག་དང་ཚོགས་པ་གང་ཞིག་ལའང་བརྒྱུད་སྐུར་བྱས་མེད། རྒྱུ་མཚན་ནི། ང་ཚོས་མི་སྒེར་དང་འབྲེལ་བའི་ཡག་སྡུག་གི་སྐད་ཆ་དེ་དག་གི་ཆེད་དུ་དུས་ཚོད་མང་པོ་བཏང་བར་དགེ་མཚན་མ་མཐོང་།
འོན་ཀྱང་ཁོང་ཚོར་གུས་ཞབས་མ་ཞུས་པ་དང་། ཁོང་ཚོས་ང་ལ་སེམས་ཁུར་གནང་བ་མ་ཚོར་བ་མིན།

 

གསུམ།༽

བོད་ཕྱི་ནང་གི་དྲ་གྲོགས་སྤྱི་དང་ཁྱད་པར་ང་དང་ཆ་རྒྱུས་མེད་པ་མང་པོས་གནས་ཚུལ་དངོས་གང་ཡིན་ཐད་དྲི་བ་མང་བ་སླེབས་བྱུང་ལ། དེའི་ཐད་གསལ་བཤད་རེ་ཡོང་རྒྱུའི་རེ་བའང་བཏོན་བྱུང་། དེས་ན་དེ་རིང་ངས་འདིར་གསལ་བཤད་ཧ་ཅང་སྟབས་བདེ་ཞིག་ཞུ། དེ་ནི་སྐད་ཆའི་དངོས་གཞི་ཡང་ཡིན།

 

བཞི། ༽
རྒན་ཁོང་གིས། བླ་རུང་སྒར་དུ་བཙུན་མའི་བདེ་དྲོད་མྱོང་། ཞེས་བྲིས་པ་དེའི་ཐད། སྤྱིར་བླ་རུང་གི་བཙུན་མའི་བདེ་དྲོད་མྱོང་བར་བླ་རུང་སྒར་ནས་འདུག་མཁན་ཞིག་ཡིན་མི་དགོས་པས་གསལ་བཤད་བྱ་ཐུབ་པ་ཞིག་མ་ཡིན་ན་ཡང་། གང་ལྟར་གུས་པ་མི་ཚེ་འདིར་བླ་རུང་སྒར་ནས་དཔེ་ཆ་བལྟས་ནས་ཉི་མ་གཅིག་ལའང་འདུག་རྒྱུའི་གོ་སྐབས་ཐོབ་མ་མྱོང་། སྐབས་འདིར་དེ་ཡང་རྒྱུ་མཚན་ཞིག་ལ་བརྩིས་ན་ཆོག་པ་འདྲ།

 

ལྔ།༽
རྒན་ཐུབ་བསྟན་ཕུན་ཚོགས་ཀྱི་སྐད་ཆ་དེ་དག་ཀྱང་གྲུབ་མཐའི་ཞེན་ཁོག་དང་ཆོས་བརྒྱུད་བར་གྱི་རྩོད་པ་ཞིག་ཡིན་པར་ངོས་འཛིན་ཞུས་མེད། དེའི་ཐད་ཀློག་པ་པོ་དག་གིས་ཀྱང་མི་སྒེར་བ་གཉིས་ཀྱི་བསམ་ཚུལ་རང་དུ་ཆ་བཞག་ན་འོས། ངས་ཁོང་ལ་ལན་འབྲི་བའི་སྐབས་ནས་ད་བར་ཁོང་ཆོས་བརྒྱུད་གང་ལ་གཏོགས་པའང་གསལ་བོ་མི་ཤེས།

 

དྲུག༽
གུས་པ་ཆབ་སྲིད་བཙོན་པ་ཡིན་མིན་ཐད། གསལ་བཤད་གཞན་མེད། སྤྱི་ལོ་ཉིས་སྟོང་གསུམ་གྱི་ལོ་འགོར་མ་འོངས་པའི་བོད་ཅེས་པའི་དེབ་ཅིག་བྲིས་པའི་ཉེར་ལེན་གྱིས་ཁྲིན་ཏུ་རུ་འཇུ་བཟུང་བཙོན་འཇུག་བྱས་ཤིང་། མཐར་སྤྱི་ལོ་ཉིས་སྟོང་བཞིའི་ལོ་མགོར་ཁྲིན་ཏུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ནག་ཉེས་ཕོག་སྟེ། ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད། ཕྱི་ལོ་ཉིས་སྟོང་ལྔའི་དབྱར་ངོས་རྔ་བ་ཁུལ་གྱི་མོང་ཤན་བཙོན་ཁང་དུ་བཙོན་དུས་རྫོགས་ནས་ཕྱིར་ཕ་ཡུལ་དུ་གློད་གྲོལ་བྱུང་བ་རེད། འདིའི་ཕྱོགས་ལ་ཐོག་མར་འཛིན་བཟུང་བཀའ་ཁྱབ་ནས་ཁྲིམས་ཁང་གི་བཅད་ཁྲ། མཐར་གློད་གྲོལ་ཐོབ་པའི་དཔང་ཡིག་གི་བར་ཚང་མ་གཞུང་ཕྱོགས་ནས་གང་སྤྲད་པ་དེ་ད་ལྟའང་ཡོད་མུས་ཡིན་སྟབས། སྐབས་ཆ་འདི་ནི་འདས་ཟིན་པའི་དོན་དག་ཅིག་རེད།
རྗེས་ཀྱི་ངེས་མེད་འཁྱམས་ཉུལ་གྱི་མི་ཚེའི་ནང་དུ་ཡང་དམིགས་བསལ་ཆབ་སྲིད་ཀྱི་སྡིང་ཆ་དང་གོ་གནས་སོགས་ལ་བརྩོན་ལེན་གཏན་ནས་མ་བྱས། བོད་མི་རིགས་དང་རིག་གཞུང་ལ་ཞེན་ཁོག་གི་ཚོར་བ་རྣོ་ཙམ་ཡོད་པ་དེ་ཆབ་སྲིད་ཡིན་མིན་མི་ཤེས། དེ་ལས་གཞན་ཆབ་སྲིད་ཀྱི་གོ་གནས་སོགས་རང་ཉིད་ལ་འཚམས་པོ་མེད་པར་སྙིང་ནས་བསམ་མཁན་ཞིག་ཡིན། ད་ལྟའི་བར་དུ་སོ་སོའི་མི་ཚེའི་དུས་ཚོད་མང་ཆེ་བ་སློབ་སྦྱོང་དང་། རྩོམ་འབྲི། ནང་ཆོས་ངོ་སྤྲོད་ཙག་ཙིག་རེ་སྟེ་འདི་གསུམ་ཐོག་བཏང་བའི་ཁུལ་ཡིན། ད་ལྟའང་བདུན་ཕྲག་གཅིག་གི་ནང་གི་ཆུ་ཚོད་ཉི་ཤུ་རྩ་ལྔ་ཙམ་སློབ་ཁྲིད་མཉན་པར་གཏོང་བཞིན་ཡོད།

 

བདུན།༽
ང་ཐའེ་ཝན་དུ་ཆོས་ཚོགས་ཞིག་གི་བླ་མ་ཆགས་སོང་བ་དེ་འདྲ་མ་རེད། ཐོག་མར་སློབ་སྦྱོང་གི་མིང་ཐོག་ནས་ཐའེ་ཝན་དུ་ཕྱིན་པ་ཡིན། ཐའེ་ཝན་གྱི་ཀྲོང་ཧྲན་སློབ་ཆེན་དང་། དགེ་འོས་སློབ་ཆེན་གཉིས་སུ་རྒྱའི་སྐད་ཡིག་ལོ་གསུམ་སྦྱངས་རྗེས་སྒེར་ངོས་ནས་ཆོས་ཚོགས་ཆུང་ཆུང་ཞིག་བཙུགས་པ་རེད། འོན་ཀྱང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས་རྣམ་གཉིས་ཐའེ་ཝན་ལ་ཕེབས་སྐབས་གུས་པའི་ཆོས་ཚོགས་ལ་ཐེངས་མ་གཅིག་ལའང་ཕེབས་མྱོང་མེད་ལ། གདན་ཞུས་ཡང་དམིགས་བསལ་ཞུ་མ་མྱོང་་། བླ་རུང་ཆོས་ཚོགས་སོགས་ཚོགས་པ་གཞན་གྱིས་མཛད་རིམ་གོ་སྒྲིག་ཞུས་པར་རང་ངོས་ནས་མཉམ་ཞུགས་དང་མཇལ་ཁ་ཞུ་མྱོང་། དེ་ཡང་ཐའེ་ཝན་གྱི་དགེ་འདུན་པ་རྣམ་པ་དང་ལྷན་དུ་མ་གཏོགས་ང་གཅིག་པུར་མདུན་དུ་གཅར་བ་ཙམ་ཡང་མི་དྲན། མ་གཞི་མཁན་པོ་བསོད་དར་རྒྱས་ལ་མཚོན་ན་སྤྱི་ལོ་༢༠༡༢ལོར་ཐའེ་ཝན་དུ་ཕེབས་སྐབས་མཇལ་ཁ་ཞུས་པ་ཙམ་མ་གཏོགས་གཞན་ངའི་མི་ཚེའི་ནང་སྔ་རྗེས་གང་དུ་ཡང་མཇལ་མ་མྱོང་། མཁན་ཆེན་རྣམ་གཉིས་ལ་མཚོན་ན་ང་རང་གི་སེམས་ནང་དུ་ཆེས་རྩ་ཆེ་བའི་ནོར་བུ་ལྟ་བུ་ཞིག་ཡིན་ན་ཡང་། འཇིགས་རྟེན་ལུགས་སུ་དམིགས་བསལ་གྲོགས་པོ་མིན་ལ། བླ་སློབ་ཀྱི་འབྲེལ་བ་ཡང་ཡོངས་ཁྱབ་ཀྱི་གསུང་བཤད་བཀའ་སློབ་འགའ་ཞུ་སར་གཅར་མྱོང་བ་ཙམ་ཡིན། འོན་ཀྱང་། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སྤྱི་ལོ་༢༠༡༥ལོ་མགོར་གུས་པའི་ཆོས་ཚོགས་དུ་ཐེངས་གཅིག་ཕེབས་པ་རེད། ཁོང་ནི་ངའི་བཀའ་ཆོས་མང་པོ་ཞུ་ཡུལ་ཡང་ཡིན།

 

བརྒྱད། ༽
རྣམ་འགྱུར་དང་ཚིག་ག་འདྲ་བེད་སྤྱོད་བཏང་མིན་ལ་མ་ལྟོས་པར་བོད་ཡིག་གི་ལམ་ནས་ཕན་ཚུན་འཁྲུགས་ཆ་དོད་པོས་སྐད་ཆ་ཤོད་རེས་བྱུང་བ་དེ་བོད་ཀྱི་སྐད་ཡིག་གི་ངོས་ནས་དོན་དག་བཟང་པོ་ཞིག་རེད། སྔར་ངས་ཁ་བརྡ་དྲ་ཚིགས་ཐོག་གྲོགས་པོ་ཚོས་ཕན་ཚུན་ཚོར་བ་རྣོ་བའི་མཆན་བརྒྱ་ཕྲག་མང་པོ་བརྒྱབ་ནས་རྩོད་པ་བྱེད་པ་མཐོང་སྐབས། འདི་ཡང་བོད་ཡིག་གི་གསོན་ཤུགས་ཤིག་རེད། ཡུན་ཏུ་གནས་ན་ཅི་མ་རུང་། འོན་ཀྱང་། ག་ལེར་ཉུང་དུ་འགྲོ་གི་རེད་བསམས་ནས་སེམས་ཁུར་བྱེད་ཤོར་གྱི་ཡོད།

 

དགུ༽

བགྲོ་གླེང་དང་གླེང་མོལ་གང་ཡིན་ཡང་མིག་ལྟོས་བཟང་པོ་ཞིག་འཇོག་ཐུབ་པ་བྱ་རྒྱུ་དེ་མཐར་ཐུག་གི་དམིགས་ཡུལ་རེད། དེ་ནི་ང་ཚོ་ཚང་མའི་ལས་འགན་ཡང་ཡིན། ང་རང་ངོས་ནས་ཀྱང་མཁས་པ་ཁོང་དང་སྐད་ཆ་ཤོད་རེས་བྱས་པ་དེའི་བརྒྱུད་རིམ་ཁྲོད་ནས་སྐད་ཆ་ཚང་མང་རང་སེམས་དཔང་བཞག་བྱས་པའི་ཁུལ་ཡིན་མོད། འོན་ཀྱང་ཆེས་མཇུག་གི་ཚིགས་བཅད་གཅིག་དེ་དང་། ཁོང་གི་བསམ་ཚུལ་ལ་ལན་འབྲི་སྐབས་༼ལོག་རྟོག༽ཅེས་པའི་ཚིག་བེད་སྤྱོད་བྱས་པ་་དེ་ཚོ་བརྒལ་ལན་རིག་པའི་ཁྱབ་ཁོངས་སུ་དོན་དག་སྤྱིར་བཏང་བ་ཞིག་ཡིན་ཞིང་། ངས་ཀྱང་སྐབས་ཐོག་དེར་སྤྱི་འགྲོས་ལྟར་ཉམས་མཚར་ཙམ་དུ་བྲིས་པ་ལས་སྡང་ཞུགས་ཀྱི་བསམ་བློ་མེད་ཁུལ་ཡང་། ཞིབ་ཏུ་བལྟས་ན་དེ་ཡང་སྐབས་དོན་དངོས་ལ་མེད་དུ་མི་རུང་བའི་ཡན་ལག་གང་ཡང་ཆགས་ཀྱི་མི་འདུག རྗེས་སོར་ལྟ་སྐབས་དེ་རིགས་བྲིས་མེད་ན་ཡག་པ་ལྟ་བུ་ཚོར་བྱུང་། ངར་ཤུགས་ཅན་གྱི་ཚིག་བེད་སྤྱོད་གཏོང་བ་ནི་དགག་རྩོམ་གྱི་འགྲོ་སྟངས་ཡིན་སྲིད་ལ། མི་ཕམ་དང་རབ་གསལ། སྒེའུ་སྟེང་དང་རྡོ་ཤེར་སོགས་ཀྱིས་ང་ཚོར་བཞག་པའི་བག་ཆགས་རེ་ཡང་ཡིན་སྲིད། འོན་ཀྱང་། དོན་དངོས་གསལ་བཤད་བྱེད་པར་འཚམས་ངེས་ཡིན་པའི་རྒྱུ་མཚན་བརྒྱ་ཆ་བརྒྱ་མི་འདུག
དེ་དང་དེ་འདྲའི་ཕྱོགས་ལ་རང་ངོས་ནས་ཀྱང་། ཚིག་དང་ཐ་སྙད་བེད་སྤྱོད་གཏོང་ཕྱོགས་གང་ཅིར་མ་འོངས་པར་སྔར་ལས་ལྷག་པའི་གཟབ་ནན་ཞུ་རྒྱུ་ཡིན།

 

བཅུ།༽
མཇུག་ཏུ། བརྩེ་བའི་དྲ་གྲོགས་དག་གི་སེམས་ཁུར་དང་མཉམ་ཞུགས་གནང་བ་བཀའ་དྲིན་ཆེ་ཞུ་བ་དང་མཉམ་དུ། གནམ་ལོ་གསར་པར་ཐུགས་སེམས་སྤྲོ་བོ་དང་སྐུ་གཟུགས་བདེ་ཐང་། བྱ་བ་ལམ་འགྲོ་ཡོང་བར་སྨོན།
ལོ་སར་བཟང་།

 

སྤྱི་ལོ༢༠༡༧སྤྱི་ཟླ་ ༢ ཚེས་ ༢༤ ལ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་ནས་གུས་ཕུལ།

གསལ་བཤད།

Post navigation

Previous Post: བོད་པ་ཐེ་ཝན་མི་སེར་ལ་ཆང་ས་རྒྱག་མཁན་ཚོར་རྒྱལ་ཁབ་གཞན་དང་གཅིག་མཚུངས་ཐོབ་ཐང་སྤྲོད་རྒྱུའི་ཐག་གཅོད།
Next Post: གཏམ་རྒྱུད་གསེར་ཐང་སྐྱར་ཀློག

Comments (6) on “ཐུབ་ཕུན་གྱི་ལན་དང་འབྲེལ་བའི་དྲ་ཐོག་དྲིས་ལན།”

  1. དགའ་བྱེད། says:
    2017-02-25 at 11:52 am

    ད་བཤད་མ་བཤད་མི་འདུག
    ད་འཁྲབ་ཡ་མཚམས་ཞོག
    བོད་མི་རིགས་ཀྱི་ཞབས་འདྲེན་མ་བྱེད། བཙན་བྱོལ་བོད་མིའི་ཞབས་འདྲེན་མ་བྱེད།

    འཁྲབ་རྒྱུའི་མཚམས་འཇོག་རོགས། དེ་ཙམ་ཞུ་འདོད་བྱུང་།

  2. རྣམ་རྒྱལ།. says:
    2017-02-25 at 12:44 pm

    ཡག་པོ་བྲིས་འདུག

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-25 at 11:58 pm

    བརྡ་སྤྲོད་དང་ཚིག་རྒྱན་ཐ་སྙད་སོགས་ཕུན་སུམ་ཚོགས་པ་འདུག་ལ་བགྲོ་གླེང་དང་གླེང་མོལ་གང་ཡིན་ཡང་མིག་ལྟོས་བཟང་པོར་འཇོག་དགོས་པ་ཟེར་བ་སོགས་ལ་བལྟ་སྐབས་མཁས་པའི་རྣམ་སྤྱོད་ཕུན་སུམ་ཚོགས་པ་ཞིག་རེད་འདུག་།

  4. ཀ་ཁ says:
    2017-02-26 at 8:22 am

    ལོ་སར་བཟང་།

  5. ཏི་སི། says:
    2017-02-27 at 12:41 pm

    ལོ་སར་བཟང་། ཐུབ་ཕུན་ཁྱེད་རྣམ་གཉིས་བར་ལབ་གླེང་གང་ཡོད་ནའང་གཉིས་ཀ་ལའང་རྒྱུ་མཚན་ལེགས་ཉེས་ཡོད་སྲིད་པ་རེད་པ་ཞུ་ཡག་གང་མེད། གཙོ་བོ་ཆོས་སྒར་གྱི་མཁན་ཆེན་རྣམ་པ་མཚན་ལ་སྐོར་རྩེད་མོ་རྩེད་བྱེད་མ་གནང་། ཐུགས་བསམ་ཡག་མོ་ཞིག་གནང་སྟེ་དགོངས་པ་བཞེས་ཡག་གལ། གལ་སྲིད་མཛད་ཕྲིན་ལ་འངལ་བྱེད་བྱུང་ཚེ་སྐུ་ཉིད་ལ་མིང་ངན་སྣ་ཚོགས་ཐུབ་ཕུན་གྱིས་བྲིས་པས་ལྷག་ཙམ་བྱུང་ན་སྐུ་ལས་ཡོང་ཉེན་ཡུན་པས། ཐུགས་གཟབ་འགནང་བར་བཀའ་དྲུན་ཆེ།

  6. ཁ་ཞེ་གཉིས་མེད་ says:
    2017-02-28 at 10:40 am

    གསེར་ལྗོངས་བླ་མ་རུང་གིས་གཏན་ལ་ཕབ་པའི་དགེ་བཅུའི་ལུགས་སྲོལ་སྐོར་ལ་མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་གི་བཀའ་སློབ།
    དང་པོ། བཤས་ཚོང་མི་བྱ་བ། རྟ་ཟོག་ར་ལུག་ཁྱི་སོགས་བཤའ་བའི་ཆེད་དུ་ཉོ་ཚོང་མི་བྱ་བའོ། །
    གཉིས་པ། རྐུ་ཇག་མི་བྱ་བ། ཕྱི་ནང་སུ་ལའང་འཇབ་བུའི་རྐུ་དང་བཙན་པོའི་ཇག་མི་བྱ་བའོ། །
    གསུམ་པ། མཚོན་འཛིང་མི་བྱ་བ། གྲི་དང་མེ་མདའ་ལ་བརྟེན་ནས་འཛིང་མོ་མི་བྱ་བའོ། །
    བཞི་པ། སྨད་ཚོང་མ་མི་བསྟེན་པ། འདིས་ནད་འཇིགས་སུ་རུང་བ་མང་པོ་བསྐྱེད་ནས་ད་ལྟ་བོད་ཡུལ་ན་ཉེན་ཁ་ཤིན་ཏུ་ཆེ་བས་རྒྱ་རིགས་སོགས་སྨད་འཚོང་མ་བསྟེན་པར་མི་བྱའོ། །
    ལྔ་པ། བོའུ་དང་ཉལ་ཐའི་ཚོང་མི་བྱ་བ། མེ་མདའ་རིང་ཐུང་མང་པོ་གཞན་གྱི་ས་ནས་ཚུར་ཉོ་ཞིང་བོད་ཀྱི་ནང་དུ་ཕར་འཚོང་བ་དང་། ཉལ་ཐ་ཉོ་ཚོང་མི་བྱ་བའོ། །
    དྲུག་པ། ཉལ་ཐ་དང་ཐ་མག་མི་འཐེན་པ། ཉལ་དུད་དང་ཐ་མག་གི་རིགས་འཐེན་པར་མི་བྱའོ། །
    བདུན་པ། ཆང་མི་བཏུང་བ། ཆང་གི་རིགས་གང་ཡང་བཏུང་བར་མི་བྱ་བའོ། །
    བརྒྱད་པ། ཤོ་རྒྱན་མི་བསྐུག་པ། སྒོར་མོའམ་དངོས་རྫས་མང་པོ་བསྐུག་ཏུ་བཞག་ནས་ཤོ་རྒྱན་གཞག་པར་མི་བྱ་བའོ། །
    དགུ་པ། རྔོན་མི་བྱ་བ། རི་དྭགས་གཅན་གཟན་གསོད་ཐབས་སྣ་ཚོགས་ཀྱིས་གསོད་པར་མི་བྱ་བའོ། །
    བཅུ་པ། གཅན་གཟན་གྱི་པགས་པ་མི་གྱོན་པ། གཟིག་དང་སྲམ་དང་ཝ་སོགས་གཅན་གཟན་གྱི་པགས་པ་གྱོན་པར་མི་བྱ་བའོ། །
    བཤས་ཚོང་སོགས་བྱ་བ་བཅུ་པོ་འདི་རྣམས་ཀྱིས་རང་རེ་ཚེ་འདི་ཕྱི་གཉིས་ཀ་ལ་འཕོངས་པར་(ཕུང་བར་)བྱེད་ལ། བཤས་ཚོང་མི་བྱ་བར་དམ་བཅའ་བ་སོགས་བཅུ་པོ་འདི་རྣམས་ཀྱིས་ཚེ་འདི་ཕྱི་གཉིས་ཀར་ཕན་པ་དང་བདེ་བར་བྱེད་ཅིང་། མི་ཙམ་དུ་མ་ཟད་དུད་འགྲོ་ཡན་ཆད་བདེ་བའི་ངང་དུ་གནས་པར་འགྱུར་བས་དད་ལྡན་སྐྱེ་བོ་རྣམས་ཀྱིས་བླང་དོར་ཚུལ་བཞིན་བྱེད་པ་ཤིན་ཏུ་གལ་ཆེ་བས་འབད་པ་བྱེད་པར་ཞུ་ཞུ། །
    གསེར་ལྗོངས་བླ་མ་རུང་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ནས་བོད་རབ་གནས་ས་བྱི་ལོའི་ཆུ་སྟོད་ཟླ་བའི་ཚེས་ཉེར་ལྔ་ལ་སྤྲིངས་པའོ། །
    དགེ་བཅུའི་ལུགས་སྲོལ་སྐོར་འདིར་སྤེལ་བའི་དགོས་པ་གནས་ཚུལ་དངོས་ཤེས་པ་དང་། ལོག་རྟོག་བསལ་ཕྱིར་ཡིན་ན་སྒྲོ་སྐུར་གྱི་རིགས་རྒྱུན་ཆད་དེ་རྗེས་སུ་ཡི་རངས་ཞུ་བའི་རེ་བ་དང་བཅས་ཁ་ཞེ་གཉིས་མེད་ཀྱིས་ཕུལ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme