Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིན་ཐོ།

Posted on 2017-02-202017-02-20 By ཁ་བརྡ་ 10 Comments on ཉིན་ཐོ།

 ༼རྩེ་དྲུང་སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་མཆོག་རྗེས་དྲན།༽

ཆུ་སྐྱེས་སྒྲོལ་མ།

NKཁ་སང་ཡིད་སྐྱོ་བའི་གཏམ་ངན་ཞིག་ཐོས། སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་དགོངས་པ་རྫོགས་འདུག ངས་སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་དམ་པ་དེ་ཉིད་དེ་སྔ་ནས་མཇལ་མྱོང་ཡང་ངོ་ཤེས་པ་ཙམ་ལས་འབྲེལ་འདྲིས་དེ་ཙམ་མེད། སྤྱི་ལོ་ 2003 ཙམ་ལ་ཐོག་མར་བོད་ཀྱི་རིག་གནས་སྐོར་གྱི་བཅར་འདྲི་ཞིག་ནས་མགོ་བཙུགས་ཏེ། རིམ་པས་སྐུ་ངོ་ཁོང་དང་མཇལ་ཐེངས་རེར། བོད་ཀྱི་སྐད་ཡིག རིག་གནས། ཆབ་སྲིད་སོགས་ལ་གླེང་མོལ་རིང་པོ་རེ་ཞུས་མྱོང་།

རིམ་པས་ཁོང་གི་མཁྱེན་ཡོན་དང་མི་གཤིས་སོགས་ཀྱི་སྐོར་ལ་དོ་སྣང་བྱུང་ལ་རྒྱུས་ལོན་ཡང་གང་འཚམ་བྱུང་། 2003 ལོར་ང་རང་བཅར་འདྲི་ཞིག་གི་ཆེད་ཁོང་གི་སྐུ་མདུན་ལ་བཅར། ངས་གྲ་སྒྲིག་ལྟར་ན་སྐར་མ་ཉི་ཤུའི་ཡུན་གྱི་དྲི་བར་ཁོང་གིས་ཆུ་ཚོད་གཉིས་ཙམ་ལ་ལན་འདེབས་གནངས་སོང་། དེ་དུས་ཁོང་ནི་ཆེ་ཉམས་དང་ཁེངས་དྲེགས་མི་གནང་བའི་མཁས་པ་ཞིག་དང་། རྒན་རབས་པ་ཞིག་རེད་བསམ་པ་བྱུང་། ད་དུང་རྒན་རབས་པ་ཡིན་པ་གང་ཞིག་ལ་གཞོན་སྐྱེས་ཀྱི་ལྟ་བ་ཡོད་པ་ཞིག་ཏུའང་མཇལ། དེ་ནས་རིམ་པས་ཁོང་ལ་བློ་འདྲི་དང་། བརྗོད་གཞི་སྣ་ཚོགས་བཀའ་འདྲི་ཞུས་པ་བརྒྱུད་རྒྱུས་མངའ་ཡོད་པ་ཆགས།

ངས་དྲན་སོས་པ་ཞིག་ལ་ཞིབ་འཇུག་ལས་གཞི་ཞིག་གི་སྐོར་ཁོང་དང་གོ་བསྡུར་ཞུས་པར། ཁོང་ནས་མི་འདི་དང་འདིའི་སྐུ་མདུན་ལ་བཅར་ནས་བཀའ་འདྲི་འདི་དང་འདི་ཞུ་དགོས་རེད་ཅེས་གསུངས། ཡིན་ནའང་། མི་ཚང་མ་གཅིག་པ་ཡོང་གི་མ་རེད། ངས་ཁོང་གིས་ལམ་སྟོན་ལྟར་མི་མང་པོ་ལ་བཅར་འདྲི་ཞུས་པའི་ནང་། མཁས་པ་ཡིན་ཟེར་མཁན་ཁག་ཅིག་གིས་བརྗོད་གཞི་དེར་ཞིབ་འཇུག་བྱེད་པ་ལ་ཡིག་ཆ་མང་པོ་ཀློག་དགོས་པ་རེད་ཟེར་ནས་སོ་སོ་མཁས་པ་ཡིན་མདོག་སྟོན་པ་དང་འབྲེལ་ནས་སེམས་ཤུགས་གཅོག་ཐབས་དང་མཐོང་ཆུང་ཁྱད་གསོད་བྱེད་མཁན་བྱུང་སྐབས་ངུས་པའང་དྲན། གནས་སྟངས་དེ་ཚོ་རྗེས་ལ་ཁོང་དང་མཇལ་སྐབས་སུ་ཞུས་པ་ཡིན། སེམས་གསོ་དང་ལམ་སྟོན་སོགས་ཐུགས་སུན་མེད་པར་གནང་བྱུང་། ཁོང་ནི་ལྷག་བསམ་ཅན་ཞིག་དང་། རྒན་གཞོན་ཚང་མར་ལྟ་ཚུལ་བརྗེ་རེས་དང་ལམ་སྟོན་ཐད་ཀར་གནང་མཁན་ཤ་ཚ་ཡོད་མཁན་ཞིག་ཡིན།

ཁོང་ནི་རྒན་རབས་པ་སྤྱི་དང་མི་འདྲ་བར་གསར་གཏོད་ལ་དགྱེས་མཁན་ཞིག་རེད། ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་གཏང་ན། ཀླད་རྙིང་མཁྲེགས་འཛིན་བྱེད་མཁན་ཞིག་ཀྱང་རེད། བོད་རང་གི་སྲོལ་རྒྱུན་གོམས་གཤིས་གཙིགས་སུ་འཛིན་པ་དང་། བོད་ཀྱི་མཚོན་རྟགས་ལ་གཅེས་འཛིན་བྱེད་གནང་མཁན་ཞིག་ཡོད་པ་དཔེར་ན། ཁོང་གིས་༼བོད་༽ཅེས་པའི་ཡིག་འབྲུ་འཁོད་པའི་སྐེ་འདོགས་ཤིག་དང་། བོད་ཀྱི་འབོད་སྒྲ་དང་རྩ་དོན་གྱི་ཚིག་བཀོད་པའི་དར་ལྕོག་གམ་དར་དཔྱངས་ཤིག་གསར་བཏོད་གནང་ཡོད། དར་དཔྱངས་དེ་གངས་སྐྱིད་དང་མེག་ལོར། རྡི་ལི བསལ་ཡས་གླིང་བོད་སྒར། རྡི་ལི་སྐུ་ཚབ་དོན་གཅོད་ཁང་སོགས་ནས་ཡང་ཡང་མཇལ་རྒྱུ་ཡོད། སྐབས་རེར། ནོར་གླིང་དུ་ཕྱག་ལས་ལ་ཕེབས་སྐབས། ང་ཚོའི་ནང་ལ་ཡང་སེར་ཕེབས་ཀྱི་ཡོད། ཁོང་གིས་མཚམས་རེར་མི་ཉག་ཕོ་ལོག་དང་བག་ལེབ་མངར་མོ་ཧ་ཅང་ཞིམ་པོ་ཞིག་བསྣམས་ཕེབས་ཀྱི་ཡོད།
སྐུ་ངོ་ཁོང་ནི། མི་རྒན་གཞོན་མཐོ་དམན་བར་མ་ཐམས་ཅད་ལ་འདྲིས་གོམས་དང་། ལྟ་ཚུལ་བརྗེས་རེས་ཐད་ཧ་ཅང་གུ་ཡངས་གནང་མཁན་ཟིག་ཡིན་པར་བརྟེན། རྡ་སར་བཞུགས་མཁན་གཞོན་སྐྱེས་དོ་སྣང་ཅན་མང་པོས་ཁོང་ངོ་ཤེས་ཀྱི་རེད། ཁོང་ནི་གཞོན་སྐྱེས་ཚོའི་ཁྲོད་དུ་ཡང་ཡང་ཕེབས་མཁན་གྱི་རྒན་རབས་པ་ཞིག་ཡིན་ལབ་ནའང་མ་འགྲིག་པ་མེད།

ཁོང་ལ་དམིགས་བསལ་ཁྱད་ཆོས་ཤིག་ཡོད་པ་ནི། གཞུང་དྲང་། ཟོལ་མེད། འདྲིས་གཤིབ་སོགས་སྤྱི་ཚོགས་ཐུན་མོང་གི་གནས་བབ་སྟོན་པའི་ཐ་སྙད་མང་པོ་ཞིག་བང་བསྒྲིགས་དགོས་པ་ལྟ་བུར་ཡོད། བོད་ནས གཞུང་ཞབས་དང་བཙན་བྱོལ་ནང་ནས་ཀྱང་མུ་མཐུད་གཞུང་ཞབས་གནང་སྟེ། སྐུ་ཚེ་ཧྲིལ་པོ་གཞུང་དང་མི་མང་། སྐད་ཡིག་རིག་གནས་དར་སྤེལ་སོགས་ལ་ཕུལ་མཁན་ཞིག་ཡིན།

2017/2/16 ཉིན་་བྲིས།

རྩོམ་རིག

Post navigation

Previous Post: གསར་འགོད་གསལ་བསྒྲགས།
Next Post: ལྷ་སྐྱིད་ཀྱི་གཞས་གསར། ༼སྐལ་བ་ཡར་འགྲོ།༽

Comments (10) on “ཉིན་ཐོ།”

  1. ཟུར་གནས་ says:
    2017-02-20 at 2:56 pm

    ཆུ་སྐྱེས་སྒྲོལ་མ་ལགས་ཀྱི་རྩོམ་ཡང་བསྐྱར་མཇལ་བར་དགའ་སྤྲོ་སྐྱེས། སྐུ་ངོ་སྣར་སྐྱིད་ནི་ལོ་རྒྱུས་ཀྱི་དཔང་པོ་ལྟ་བུའི་མི་སྣ་གལ་ཆེ་ཞིག་རེད་འདུག ཐོག་མ་བོད་གཞུང་གི་ལས་བྱེད། དེ་ནས་རྒྱ་ནག་ལ་ཕེབས། རྗེས་སུ་བཙན་བྱོལ་ལ་ཕེབས། དེ་ནས་ཨ་རིར་ཕེབས། གང་ལྟར་ལོ་རྒྱུས་ཀྱི་ཚ་གྲང་ཐམས་ཅད་མྱངས་ཚར་བའི་རྒན་རྒོན་ཞིག་རེད།

    དམ་པ་ཁོང་ནི་ཤེས་ཡོན་ཆེ་ལ་ཐུགས་སེམས་ཆུང་ཞིང་། མཚམས་རེ་སྦས་པའི་རྟུལ་བཞུགས་འཛིན་ནས་མངོན་མེད་ལ་འབྲི་རྩོམ་གང་མང་གནང་འདུག སྔོན་མ་ཁོང་མཉམ་དུ་ལོ་རྒྱུས་དང་འབྲེལ་བའི་བཀའ་མོལ་ཐེངས་འགའ་ཤས་ཞུ་མྱོང་། སྐུ་དྲག་གཞན་དང་མི་འདྲ་བར་ཁོང་ཞལ་སངས་པོ་ཡོད་སྟབས། ན་གཞོན་རྣམས་ཀྱིས་ཁོང་ལ་དགའ་པོ་བྱེད་པ་དང་སྐུ་དྲག་རྣམས་ཀྱིས་ཁོང་ལ་འཛེམས་གཟོན་གནང་།

    སྐུ་དྲག་གཞན་ལ་མེད་པའི་ཁྱད་ཆོས་གཅིག་ནི་ཁོང་ལ་རང་ཚུགས་ཀྱི་གཤིས་ཀ་ཞིག་འདུག དཔེར་ན། ཁོང་གིས་དབུ་མའི་ལྟ་བ་ཟེར་བ་འདི་རང་གཞན་གཉིས་ཀ་བསླུ་བྲིད་བྱེད་པའི་རྒྱུ་རེད་གསུངས། ཁོང་ནས་རང་བཙན་གྱི་ལྟ་བ་དོན་གཉེར་གནང་། དེ་བཞིན་ཁོང་ནས་རྒྱལ་བ་སྐུ་འཕྲེང་བཅུ་གསུམ་པའི་མཛད་པ་དེ་ཚོར་ཡི་རང་གནང་ནས་རྣམ་ཐར་བསྡུས་པ་གཅིག་བྲིས་པ་དེར་རྒྱལ་བ་སྐུ་འཕྲེང་བཅུ་བཞི་པས་དགྱེས་ཚོར་ཆེན་པོ་གནང་།

    སྐུ་ངོ་དེས་ཐེངས་གཅིག་ང་ཚོར་ཇ་ཁང་ནང་བཀའ་མོལ་ཞིག་གསུངས་པ་དེ་བརྗེད་ཐབས་བྲལ། “རྒྱལ་བ་རིན་པ་ཆེ་ཆོས་པ་ཕར་ཞོག མི་ཞིག་གི་ཐོག་ནས་ཞུས་ན་མི་ཤིན་དུ་ནས་སེམས་བཟང་པོ་ཞིག་རེད། བཟང་ཐག་ཆོད་ནས་གཞན་ལ་རོགས་པ་བྱེད་དགོས་ན་རང་བློས་གཏོང་ནུས་མཁན་དེ་འདྲ་རེད། དེ་ངས་ལོ་ལྔ་བཅུ་ལྷག་ཁོང་མཉམ་དུ་འདྲིས་པའི་མྱོང་བ་ཡིན། ཁོང་གི་མདུན་ལ་ཕྱིན་ནས། མགོ་བོ་ས་ལ་སྒུར། མིག་ཆུ་བཏང་། སྐད་བརྒྱབ་ནས་ངུས། སྡུག་བསྔ་ཤོད་དང་། ཁོང་གིས་ལག་པ་སྟོང་པར་གཏོང་གི་མ་རེད། ད་སྐུ་དྲག་དང་གཞུང་གི་ལས་བྱེད་པ། དེ་བཞིན་བླ་མ་ཆེ་ཁག་མང་པོས་དེ་ཤེས་ནས་རྒྱལ་བ་རིན་པོ་ཆེར་མགོ་སྐོར་གཏོང་གི་འདུག དེ་ཉེན་ཁ་ཆེན་པོ་རེད་ཟེར། ཁོང་ཚོས་རྒྱལ་བ་རིན་པོ་ཆེའི་སྙིང་རྗེའི་གཞན་དབང་དུ་གྱུར་བའི་ཐུགས་དེ་ཤེས་ནས། སྡུག་བསྔལ་དང་དཀའ་ངལ་ཤ་སྟག་བཤད་ནས་རང་དོན་སྒྲུབ་ཀྱི་འདུག” གསུངས། ང་ཚོས་ཅི་ཡང་ཤོད་མ་ནུས་པར་སྐད་ཆ་ཁ་བསྐོར་ནས། ཨ་རིའི་ཆབ་སྲིད་ཀྱི་སྐོར་གླེང་པ་ཡིན།

  2. བྱང་ཆུབ་ལོ་མ། says:
    2017-02-20 at 4:33 pm

    རྗེས་དྲན་རྩོམ་ཡིག་བྲིས་པར་ཐུགས་རྗེ་ཆེ་ཞུ་ཡག་ཡིན། རྒན་རབས་པ་རྣམས་ཀྱི་ཉམས་མྱོང་དང་བཀའ་དྲིན་བརྗེད་མི་རུང་བ་རེད། སྐུ་ངོ་སྣར་སྐྱིད་མཆོག་ལ་མཚོན་ན། བོད་ཀྱི་སྐད་ཡིག ཨིན་ཇིའི་སྐད་ཡིག རྒྱ་ནག་གི་སྐད་ཡིག་བཅས་མཁྱེན་མཁན་ཞིག་རེད། རྒན་རབས་པའི་ནང་ནས་མཁྱེན་ཡོན་ཅན་རེད། གཙོ་བོ་མི་ཚེ་གང་ཚང་གི་དུས་ཚོད་མང་ཆེ་བ་རྡ་རམ་ས་ལ་རང་ནས་སྐྱེལ་ཡོད་པ་དང་། དེ་ཡང་མ་གཤེགས་བར་དུ་རྩོམ་སྒྲིག་དང་རྩོམ་འབྲིའི་ཕྱག་ལས་གནང་ཡོད་པ་རེད། ཁོང་ལ་མྱ་ངན་དང་གུས་འདུད་ཞུ།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-21 at 1:57 am

    ལྷག་བསམ་གདུང་ཟླའི་སྐྱ་རེངས་ཤར་བ་ནས་།
    ལྷག་བསམ་གོ་ལའི་ཏི་མུག་མུན་པ་འཛོམས་།
    ལྷག་བསམ་ཕུལ་བྱུང་སྣར་སྐྱིད་ངག་དོན་མཆོག་།
    ལྷག་བསམ་གཡོ་མེད་གཞུང་གཡོག་མི་ཚེ་རྫོགས་།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-21 at 2:36 am

    རང་ཚུགས་ཐུབ་པའི་ཕོ་རྒོད་སྣར་སྐྱིད་མཆོག་།
    རང་ས་ཟིན་ནས་རང་རྩོམ་ལྷུག་ཏུ་དཀྲོལ་།
    རང་དོན་བཞག་ནས་སྤྱི་དོན་དགུང་ལ་སྟེགས་།
    རང་དབང་སྒོ་གསུམ་གཞུང་མང་དོན་ལ་བཏང་།

  5. སྲིན་པོ་རྫ་རྒན་ says:
    2017-02-21 at 9:54 am

    སྐུ་ངོ་སྣར་སྐྱིད་ངག་དབང་དོན་འགྲུབ་མཇལ་མྱོང་། ཁོང་གི་རྩོམ་ཡིག་མང་པོ་མཇལ་མྱོང་། བོད་མིའི་རང་དབང་གསར་ཤོག་རྙིང་པ་དེ་ཚོའི་སྟེང་ན། ཁོང་གཞོན་ནུའི་སྐབས་སུ་བྲིས་པའི་སྙན་ངག། སྒྲུང་རྩོམ། འབོལ་རྩོམ་སོགས་མང་པོ་མཇལ་རྒྱུ་འདུག བཙན་བྱོལ་ནང་གི་རྩོམ་རིག་གི་འཕེལ་རིམ་གླེང་དགོས་ན། རྒན་རབས་པ་འདི་ཚོའི་རྩོམ་ཡིག་ནས་མགོ་བཙུགས་ཏེ་གླེང་དགོས། བརྒྱད་ཅུ་གྱ་གྲངས་ནས་གློ་བུར་དུ་ཆུ་ལོག་བྱུང་བ་ལྟ་བུ་ཤོད་ཀྱི་ཡོད་པ་དེ་བདེན་པ་མ་རེད། དེ་ནས་གཞོན་སྐྱེས་ཚོའི་དུས་རབས་ཆགས་ཡོད་པ་བདེན་པ་རེདད། གཞོན་སྐྱེས་ཚོའི་དུས་སྐབས་ལ་རྩོམ་འབྲི་མཁན་མང་དུ་སོང་ཡོད། སྤུད་དག་པོ་འབྲི་མཁན་ཉུང་དུ་སོང་ཡོད། འདི་རྒན་རབས་པ་ཚོའི་ཤོད་སྟངས་ཤིག་རེད། རྒན་རབས་པ་ཚོས་འདི་ལྟར་མཐོང་གི་ཡོད་ས་རེད།

  6. དགའ་བྱེད། says:
    2017-02-21 at 2:04 pm

    སྣར་སྐྱིད་ལགས། ལོ་རྒྱུས་མི་སྣ་གལ་ཆེན་ཞིག་ནི་ཡིན་པ་རེད། དེ་མ་གཏོགས་མཁས་པ་ཞིག་ནི་མིན་པ་རེད།.
    ཁོང་ལ་མྱ་ངན་ཞུ

  7. དགེ་འདུན་རྒྱ་མཚོ། says:
    2017-02-21 at 11:46 pm

    སྔོན་ཆད་གྲགས་འགུལ་མེད་པའི་རྩོམ་པ་པོ་ཞིག་དེ་སང་གང་སར་གླེང་ཡོང་གིན་འདུག
    མི་ཤི་རྗེས་བསྟོད་བསྔགས་བྱེད་པ་འདི་ཡང་ང་ཚོའི་གོམས་སྲོལ་ཞིག་ཏུ་གྱུར་ཡོད་འདུག
    ཁོང་གི་མཚོན་དོན་རྩོམ་ཡིག་གྲགས་ཅན་གང་ཡིན་འདིར་བཀོད་ཐུབ་ན་ཡག་པོ་འདུག 

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-22 at 8:03 am

    མཐོང་རྒྱ་ཐོས་རྒྱ་ཤེས་བྱའི་རྨངས་གཞི་རེད་།
    མཐོང་ཐོས་ཆུང་ན་ཤེས་བྱའི་ལམ་ཡང་འགག་།
    ཐོས་བསམ་རྒྱུད་ནས་གཞན་གྱི་དགེ་སྐྱོན་གླེང་།
    ཐོས་བསམ་རྒྱུད་ནས་རང་གི་ཤེས་ཡོན་སྤེལ་།

  9. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-22 at 8:10 am

    གཞན་ལ་ཆེ་སྟོད་རང་གི་བསོད་ནམས་འཕེལ་།
    གཞན་ལ་གུས་རྩི་རང་གི་ཡོན་ཏན་རྒྱས་།
    གཞན་སྐྱོན་གླེང་ནས་རང་སྟོད་བྱེད་མཁན་མང་།
    གཞན་ལ་སྨད་ནས་རང་མིང་གྲགས་མཁན་མང་།

  10. ཟུར་གནས་ says:
    2017-02-23 at 6:51 pm

    དགའ་བྱེད་ལགས།

    བདེན་པ་རེད། སྣར་སྐྱིད་ལགས་ཀླུ་མཁར་བྱམས་དང་ཤར་ཕྱོགས་ཁུག་རྟ། དེ་བཞིན་འཇམ་དབྱངས་ནོར་བུ། དོལ་རྒྱལ་བ་སྐལ་བཟང་རྒྱ་མཚོ། དེ་བཞིན་བཀའ་བློན་འཇུ་ཆེན་ལྟ་བུའི་མཁས་པ་ཆེན་པོ་མ་རེད། འོན་ཀྱང་ཁོང་གིས་ང་ཚོར་མཁོ་བའི་དེབ་འགའ་ཤས་ཤིག་བྲིས་འདུག་ག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (29)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (14)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme