Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་འཁོར་དབང་ཆེན་གྱི་སྐབས་ལས་འཕྲོས་པའི་གཏམ་རྙོག་ཐུང་ངུ་།

Posted on 2017-01-292017-01-29 By ཁ་བརྡ་ 5 Comments on དུས་འཁོར་དབང་ཆེན་གྱི་སྐབས་ལས་འཕྲོས་པའི་གཏམ་རྙོག་ཐུང་ངུ་།

གནས་མེད།

 
ཉེ་ཆར་༧གོང་ས་མཆོག་གིས་རྒྱ་གར་རྡོ་རྗེ་གདན་དུ་གནང་བའི་དུས་དབང་ཐེངས་སོ་བཞི་བ་དེར་ང་རང་བཅར་རྒྱུ་མ་བྱུང་ཡང་། ཕྱི་ལོ་༢༠༠༦ ལོར་དུས་འཁོར་དབང་ཆེན་ཐེངས་སུམ་ཅུ་བ་གནང་ཡུལ་རྒྱ་གར་ལྷོ་ཕྱོགས་ཀྱི་ཨ་མར་ཝ་ཏི་ཞེས་པར་ང་རང་ཡང་བསྐྱོད་ཐུབ་ཡོད་ཅིང་། དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་མི་དམན་པ་ཞིག་ཐོབ་པར་གྱུར། ས་གནས་དེར་རྒྱལ་ཁབ་མི་འདྲ་བ་ཁག་བདུན་ཅུ་ཙམ་ནས་ཆོས་ཞུ་བ་ཕེབས་འཛོམས་བྱུང་ཡོད་སྐད་འདུག་པ་དང་། མི་ཚོགས་ཀྱི་གྲངས་འབོར་ཐད་ནས་འགའ་ཞིག་གིས་འབུམ་ཕྲག་གཉིས་ལྷག་དང་། ཡང་ཁག་ཅིག་གིས་མི་འབོར་འབུམ་ཕྲག་གསུམ་ལྷག་ཡོད་ཚུལ་བརྗོད། སྐབས་དེའི་ས་གནས་རྒྱ་གར་གཞུང་གི་རོགས་སྐྱོར་དང་། དུས་དབང་གོ་སྒྲིག་ཚོགས་ཆུང་གི་བཀོད་སྒྲིག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཞབས་ཞུ་སྒྲུབ་སྟངས་ལ་སོགས་པ་ནི་བསྟོད་བསྔགས་བྱེད་འོས་པ་ཞིག་རེད། 


དེ་ལྟར་ན་ཡང་དུས་དབང་གནང་སའི་གཡས་གཡོན་དང་ཁྲོམ་གཞུང་བཅས་སུ་ཡར་བཀལ་དར་དཔྱང་དང་སྒོ་བྱང་ཁག་ཏུ་ Kalachakra ཞེས་ཏེ་ཨིན་ཇིའི་ཡིག་ཆེན་བྲིས་ཡོད་པ་རྣམས་མིག་ལམ་དུ་མངོན་སྐབས། ང་ཡི་ཡིད་སེམས་ནི་བག་ཕེབས་ལྷོད་བདེ་ཞིག་གཏན་ནས་བྱུང་མ་ཐུབ་ལ། ཨིན་ཡིག་ཐོག་བྲིས་ཡོད་པའི་ཡིག་རིས་དེ་དག་ལ་ཡང་ནས་བསྐྱར་དུ་བསམ་གཞིག་བྱེད་ཀྱིན་བཟོད་དཀའ་བའི་ཕངས་སེམས་ཤིག་ཀྱང་རང་ཤུགས་ཀྱིས་སྐྱེ་རུ་བཅུག་སོང་། 

unnamed-4ད་རེས་ཀྱི་དུས་འཁོར་དབང་ཆེན་ཐེངས་སོ་བཞི་པའི་སྐབས་སུ་ཡང་། དུས་དབང་ཐེངས་སུམ་ཅུ་བ་དེ་དང་ཡོངས་སུ་གཅིག་མཚུངས་ཀྱི་སྒོ་ནས། ཨིན་ཡིག་ཐོག་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་ཡོད་པའི་མིང་བྱང་དེ་འདྲ་གསར་ལམ་དང་དྲ་ལམ་ཁག་ནས་ཡང་ཡང་མིག་ལམ་དུ་མངོན་ཡོང་།
ང་དང་ང་འདྲའི་མི་སྒེར་ཉམ་ཆུང་ཞིག་ལ་མཚོན་ན་དེ་ནི་དོན་མེད་ཀྱི་སེམས་ཁྲལ་ཞིག་ཏུ་མཐོང་ངེས་ན་ཡང་། བོད་གཉན་འཕྲང་ཅན་གྱི་དུས་སྐབས་འདི་འདྲའི་ནང་གི་རང་རེའི་བོད་སྐད་ཡིག་གི་གནས་བབ་སྐྱོ་བོ་ལ་བསམ་གཞིག་ཅུང་ཟད་བྱས་ནས་བརྗོད་ན་ནི། ཧ་ཅང་གོ་སྐབས་ཅན་གྱི་སྤྱོད་སྒོ་དེ་ཚོ་ནི་དོན་དག་ཆུང་ཆུང་ཞིག་ཏུ་གཏན་ནས་མཐོང་གི་མི་འདུག

ཨིན་ཡིག་དེ་དག་ནི་དགོས་པ་རྒྱུ་མཚན་དང་སྣང་མེད་ཤོར་ནས་བྲིས་པ་སོགས་གང་ཡིན་ལ་མ་བལྟོས་པར། ཡི་གེ་དེའི་རང་ངོས་ནས་ཞུས་ན། ཡི་གེ་དེའི་ཡིག་གཟུགས་ནི་ཨིན་ཡིག་ཡིན་ཞིང་སྒྲ་དོན་ནི་གནའ་བོའི་རྒྱ་གར་གྱི་ཡིག་རྙིང་ཞིག་གི་སྒྲ་དོན་རེད། དེའི་སྒྲ་དོན་ཐད་ནས་འགྲེལ་བཤད་རགས་ཙམ་བྱས་ན། གནའ་བོའི་རྒྱ་གར་གྱི་ཡིག་རྙིང་དེའི་སྐད་དུ་ “ཤྲཱི་ཀལ་ཙཱཀྲ་” དང་། ཡང་ན་ “ཀལ་ཙཱཀྲ་” ཞེས་འབྱུང་ཞིང་། དེ་རང་རེའི་བོད་སྐད་དུ་བསྒྱུར་ན་ “དཔལ་དུས་ཀྱི་འཁོར་ལོ”འམ། “དུས་ཀྱི་འཁོར་ལོ་” ཟེར་བ་དང་། ཕྱི་མ་དེ་ཨིན་ཡིག་ཐོག་བྲིས་པས་ Kalachakra ཞེས་པར་གྱུར།


དེ་ཕྱིར་ཨིན་ཡིག་དེའི་རང་སྟེང་ན་བོད་རང་གི་སྐད་ཡིག་དང་མཐུན་པའི་ཆ་ཞིག་གཏན་ནས་མི་འདུག་ལ། ཡང་དག་ཅིང་ཚང་ལ་མ་ནོར་བའི་བོད་བརྒྱུད་ནང་ཆོས་ཀྱི་གསུང་རབ་དག་གི་ཆོས་ཚིག་གམ་ཐ་སྙད་དང་མཐུན་པའི་ཆ་ཞིག་ཀྱང་གཏན་ནས་མེད། བོད་བརྒྱུད་ནང་ཆོས་ཀྱི་གསུང་རབ་ཁག་ནང་གསལ་བའི་ཆོས་ཚིག་དང་བོད་རང་གི་སྐད་ཡིག་བཅས་གཅིག་མཚུངས་ཀྱི་སྒོ་ནས། ཨིན་ཡིག་གི་ Kalachakra འདི་ལ་ “དུས་ཀྱི་འཁོར་ལོ་” ཞེས་བརྗོད་པ་དང་། དེ་ལ་བོད་སྐད་ཐོག་ཏུ་དོན་གཅིག་མིང་གི་རྣམ་གྲངས་གཞན་ཡང་ “དང་པོའི་སངས་རྒྱས་”་དང་། “ཐབས་ཤེས་བདག་ཉིད།” ཐོག་མའི་མགོན་པོ།” རྣམ་ཀུན་མཆོག་ལྡན།” རིགས་ཀུན་ཁྱབ་བདག” “ཨེ་ཝམ་ཡི་གེ་” སོགས་མང་དུ་ཡོད། དུས་འཁོར་ཞེས་པ་ནི་དཔལ་དུས་ཀྱི་འཁོར་ལོའི་བསྡུས་ཚིག་ཡིན་ལ་གཅིག་གྱུར་གྱི་ཐོག་ནས་བཀོལ་ཁྱབ་ཀྱང་འདི་ཉིད་ཆེ་བར་ཡོད།

མིང་དོན་གཉིས་མཐུན་གྱི་ཐ་སྙད་དེ་དག་ནི་བོད་ཀྱི་མཁས་ཆེན་གཅིག་གིས་སྒེར་གཅོད་ལྟ་བུའི་ངང་ནས་གློ་བུར་དུ་གཏན་འབེབ་ཐག་གཅོད་བྱས་ཏེ་བྱུང་བ་ཞིག་མ་ཡིན་པར། ཕྱི་ལོའི་དུས་རབས་ཀྱི་དབང་དུ་བྱས་ན་དུས་རབས་བཅུ་གཅིག་པའི་བགྲང་བྱ་ཉེར་བདུན་པ་དང་། བོད་རབ་བྱུང་གི་ཆ་ནས་བརྗོད་ན། རབ་བྱུང་དང་པོའི་བགྲང་བྱ་དང་པོ་རང་ལ་བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་མཆོག་གིས་དུས་འཁོར་རྩ་རྒྱུད་བོད་སྒྱུར་གནང་བ་ནས་བཟུང་། བོད་ཀྱི་ཚད་ལྡན་ལོ་པན་བཀའ་དྲིན་ཅན་གང་མང་ཞིག་བརྒྱུད་ནས་བོད་གཞིས་བྱེས་གཉིས་སུ་མ་གྱེས་བར་དུ་ “དཔལ་དུས་ཀྱི་འཁོར་ལོའམ་དུས་འཁོར་” ཞེས་པའི་བོད་སྐད་ཀྱི་ཐ་སྙད་འདི་ཡོངས་ཁྱབ་ཏུ་གཏན་འབེབ་བཀོལ་སྤྱོད་གནང་ཡོད། 


དེ་དང་ཕྱོགས་མཚུངས་སུ་༧གོང་ས་མཆོག་གིས་སྔོན་ནས་ད་ལྟ་བར་དུ་དུས་འཁོར་བཀའ་དབང་ལན་གྲངས་སུམ་ཅུ་སོ་བཞི་སྩལ་བ་རྣམས་ཀྱང་བོད་རང་གི་མ་སྐད་ཐོག་ཏུ་ཡོད་པའི་བོད་བརྒྱུད་ནང་ཆོས་ཀྱི་གསུང་རབ་ཁག་གི་མིང་ཚིག་དོན་གསུམ་ཇི་ལྟ་བ་བཞིན་དུ་བཀའ་དབང་གནང་ཡོད་པ་ནི་ཆོས་ཞུ་བ་རྣམས་ཀྱིས་མཁྱེན་གསལ་ལྟར་ཡིན། 

སྐྱེ་བོ་སུ་རུང་གིས་དེང་སྐབས་ནང་པ་སངས་རྒྱས་པའི་ཆོས་གཞུང་ཁག་གི་དགོངས་དོན་ཆ་ཚང་བ་ཞིག་ཇི་བཞིན་གསལ་རྟོགས་ཡོང་འདོད་ཚེ། བོད་བརྒྱུད་ནང་ཆོས་ལ་མ་བརྟེན་པར་ནང་ཆོས་ཀྱི་དགོངས་དོན་ཇི་བཞིན་ཤེས་རྟོགས་ཡོང་ཐབས་མེད་པ་མངོན་གསལ་ལགས་མོད་ཀྱང་། ང་ཚོ་བོད་མི་རྣམས་ཀྱིས་ནི་གོ་སྐབས་འདི་འདྲ་དམ་འཛིན་གཙིགས་ཆེན་མི་བྱེད་པར། བོད་རང་གི་སྐད་ཡིག་ནང་ཡོད་པའི་མིང་དོན་གཉིས་མཚུངས་ཀྱི་ཐ་སྙད་མང་པོ་ཞིག་རང་ཉིད་ནས་འཐུས་ཤོར་ལ་འགྲོར་བཅུག་ཡོད།


unnamed-3དེའི་རྒྱུ་མཚན་ལ་མང་པོ་འདྲེན་མི་དགོས་པར་ “དཔལ་དུས་ཀྱི་འཁོར་ལོའམ་དུས་འཁོར་” གྱི་ཚབ་ཏུ་ Kalachakra ཞེས་ཨིན་ཡིག་ཤུགས་ཆེར་བརྗོད་འབྲི་བྱེད་ཀྱིན་པ་འདི་ནི་དེའི་དཔེར་མཚོན་མངོན་གསལ་ཅན་ཞིག་ཡིན། དེ་བཞིན་མཆོག་གསུམ་སོ་སོ་དང་། གཞུང་ཆེན་ལྔའི་མིང་། ལྷ་སྐུ་རྣམས་ཀྱི་མིང་སོགས་མང་པོ་ཞིག་ཀྱང་ངག་ནས་བརྗོད་དུས་གནའ་བོའི་རྒྱ་གར་གྱི་སྐད་རྙིང་ཞིག་ནས་བརྗོད་དགོས་ཤིང་། ལག་ནས་འབྲི་དུས་གང་ཞིག་གི་སྒྲ་དོན་གཉིས་ཀ་རྒྱ་གར་གྱི་ཡིག་རྙིང་ཞིག་ཏུ་ཡོད་པ་དེ་ཨིན་ཇིའི་ཡིག་གཟུགས་སུ་གོང་གི་དེ་ལྟར་འགོད་འབྲི་བྱེད་དགོས་པར་གྱུར་ཡོད། དེ་ནི་ཇི་འདྲའི་བོད་སྐད་ཀྱི་ཐ་སྙད་ཚད་ལྡན་མང་པོ་ཞིག་རང་དགར་དམར་གསོད་གཏོང་མཁན་གྱི་གཤེད་མ་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་མིན་ནམ་སྙམ། གཞན་དུ་ན་སྔོན་བྱོན་བོད་ཀྱི་ལོ་པན་བཀའ་དྲིན་ཅན་ཚོས་དཀའ་སྤྱད་སྡུག་རུས་ངང་རང་རེའི་བོད་སྐད་དུ་ཐ་སྙད་གཏན་འབེབས་མཛད་པ་དག་ལ་དགོས་དོན་ཆེར་མ་བྱུང་བ་ལྟ་བུ་བྱུང་ཡོད།


འདི་དག་ནི་བོད་མི་རང་གི་བྱས་ཉེས་དང་སྐྱོན་ཆ་འབའ་ཞིག་ཡིན་པ་ལས་གཞན་ཞིག་ལ་དོན་དག་ཁག་དཀྲི་བྱེད་ས་གང་ཡང་ལྷག་མེད། ང་ཚོས་བོད་རང་གི་སྐད་ཡིག་ཐོག་ཏུ་སྔོན་ཆད་ནས་ཡོད་བསྡད་པའི་ཆོས་ཚིག་དང་། མིང་བརྡ། ཐ་སྙད་རྣམས་དུས་དང་སྐབས་སུ་བཀོལ་སྤྱོད་བྱེད་མི་ཐུབ་ན། ད་དུང་བོད་སྐད་ཀྱི་ཐ་སྙད་གཅིག་གྱུར་དང་ཐ་སྙད་གསར་བཟོ་བྱ་རྒྱུ་ལྷག་བསྡད་ཡོད་ཟེར་བ་སོགས་ནི་སྦལ་བ་ཁྲོན་འགྱིང་ཚུལ་གྱི་སྟོང་གཏམ་ཉག་གཅིག་ཏུ་འཁུམས་ཡོད།

རང་རེའི་བོད་ཀྱི་བླ་སྤྲུལ་དང་། མཁན་མིང་ཅན། དགེ་བཤེས་སོགས་ཀྱིས་ཕྱི་མི་ཚོར་ཇི་མི་སྙམ་པར་འཆད་རྒྱུ་ནི་བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་བོད་བརྒྱུད་ནང་ཆོས་དེ་ཉིད་ཡིན་ནའང་། དེའི་ནང་གི་ཆོས་ཚིག་དང་མིང་བརྡ། ཐ་སྙད་མང་པོ་ཞིག་ནི་ལེགས་སྦྱར་གྱི་སྐད་ཐོག་ཏུ་བཙན་གྱིས་བཞག་སྟེ། བོད་བརྒྱུད་ནང་ཆོས་སྦྱོང་མཁན་ཕྱི་གླིང་པ་དེ་ཚོའི་ཁ་ངག་ཡིད་གསུམ་ལ་ལེགས་སྦྱར་སྐད་ཀྱི་ཐ་སྙད་དག་འཇགས་ཤིང་གོམས་སུ་བཅུག་ཡོད་སྟབས། ཆོས་དགེ་རུ་རློམ་མཁན་དེ་ཚོས་བོད་རང་གི་སྐད་ཡིག་ལ་གཅེས་སྤྲས་སྲུང་སྐྱོབ་གནང་སྟངས་ཡང་དེ་འདྲ་ཞིག་ལས་འདས་མེད།

གཞི་རྐང་བོད་བརྒྱུད་ནང་ཆོས་ཀྱི་འབྱུང་ཁུངས་ནི་རྒྱ་གར་ཡིན་པ་དངོས་བདེན་ཡིན་མོད་ཀྱང་། ང་ཚོ་བོད་མི་ཚོས་ནི་ད་དུང་ཡང་རྒྱ་གར་བ་རང་གིས་ཉམས་དམས་རྩ་བརླགས་བཏང་བའི་ལེགས་སྦྱར་རམ་སཾསྐྲིཏའི་སྐད་ཡིག་ལ་དེ་འདྲའི་ཨུ་ཚུགས་བྱེད་དགོས་དོན་ག་རེ་ཡོད་དམ་བསམ་ཡོང་། 


མདོར་ན། དུས་འཁོར་དབང་ཆེན་གྱི་ཆེད་དུ་ཡོང་བའི་རྒྱལ་ཁབ་ཁག་མི་འདྲ་བ་བདུན་ཅུ་ལྷག་གི་ཆོས་ཞུ་བ་འབུམ་ཕྲག་གཉིས་གསུམ་གང་ཡོད་དེ་རྣམས་ལ་ཐོབ་རྒྱུ་ནི། བོད་ཀྱི་སྤྱི་སྐད་ཐོག་ཏུ་ཡོད་པའི་བོད་བརྒྱུད་ནང་ཆོས་ལུགས་ཀྱི་དུས་འཁོར་བཀའ་དབང་ཡིན་ངེས་ན་ཡང་། བོད་པ་རང་ཉིད་ཀྱི་བྱས་འཛོལ་ནོར་འཁྲུལ་ལ་བརྟེན་ནས་བོད་མི་ཉུང་ཉུང་ཞིག་ཕུད་པའི་ཆོས་ཞུ་བ་ཡོངས་ཀྱི་ཁ་ངག་ལག་གསུམ་ལ་བོད་སྐད་ཐོག་གི་ “དུས་ཀྱི་འཁོར་ལོའམ་དུས་འཁོར་” ཞེས་པའི་ཐ་སྙད་འདི་འཇགས་སུ་འཇུག་རྒྱུའི་ཚབ་ཏུ། གནའ་བོའི་རྒྱ་གར་གྱི་སྐད་རྙིང་ཞིག་སྟེ་ལེགས་སྦྱར་སྐད་དུ་ “ཀལ་ཙཱཀྲ་”ཞེས་པ་དེ་རྒྱ་ཁྱབ་ཏུ་འཇགས་ཤིང་སྤྱོད་དུ་བཅུག་ཡོད་ཅིང་། དེ་ཡང་ཡིག་ཐོག་ཏུ་ཨིན་ཡིག་བརྒྱུད་ནས་ Kalachakra ཞེས་པར་བྲིས་ནས་འགྲེམ་སྤེལ་སྤྱོད་གསུམ་རྒྱ་ཆེར་བྱས་ཡོད་པ་དེ་ཡིན། 

འདི་ལྟར་བོད་པ་རང་ཉིད་ཀྱིས་བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་མིང་དོན་གཉིས་མཐུན་གྱི་ཐ་སྙད་གང་མང་ཞིག་མུ་མཐུད་རྩ་བརླགས་བཏང་བ་ཡིན་ན། སྔོན་བྱོན་ལོ་ཙཱ་བ་སྐུ་དྲིན་ཅན་ཚོས་དཀའ་ཚེགས་ཀྱི་ལས་མང་པོ་ཁྱད་དུ་བསད་དེ་བོད་རང་གི་སྐད་ཡིག་གི་ཚེ་སྲོག་ལ་གསོན་ཤུགས་བླ་མེད་ཅིག་སྩལ་བའི་མིང་བརྡའི་ཐ་སྙད་མང་པོ་དང་ཁྱད་ཆོས་བཟང་བོ་རྣམས་ཅི་དགར་ཉམས་རྒྱུད་དུ་འགྲོ་ངེས་པ་ནི་སྨོས་མི་དགོས་པ་ཞིག་ཡིན་ནོ།། 

བསམ་ཚུལ།

Post navigation

Previous Post: {འདྲ་ཞེས་པའི་ཐ་སྙད་གླེང་བ།}
Next Post: ཁྲོ་གཏུམ་ཀྱིས་སྙན་ངག་ཅིག་ལ་ཕྲན་བཤད་བྲིས་པ།

Comments (5) on “དུས་འཁོར་དབང་ཆེན་གྱི་སྐབས་ལས་འཕྲོས་པའི་གཏམ་རྙོག་ཐུང་ངུ་།”

  1. ནུབ་ཕྱོགས་གངས་ཕྲུག says:
    2017-01-30 at 2:25 am

    ཨ་མར་ཝ་ཏི་དུས་་འཁོར་དབང་ཆེན་དེ་༢༠༠༤ ལ་ཡིན་ས་ཡོད། ༢༠༠༦ དེ་ནོར་བ་མིན་འགྲོ

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-01-30 at 3:28 am

    དུས་འཁོར་དབང་ཆེན་ཞུས་པ་ཙམ་གྱི་བྱང་ཤམ་པ་ལར་སྐྱེ་གི་ཡོད་མེད་
    མི་ཤེས་ཀྱང་གལ་ཆེ་བཤོས་དེ་དམ་ཚིག་སྲུང་རྒྱུ་དང་སྤང་བླང་དོམ་སྲུང་
    བྱ་རྒྱུ་དེ་དུས་འཁོར་དབང་ཆེན་ཞུས་པའི་སྙིང་པོ་དེ་ཡིན་པ་ལས་དུས་དབང་དང་འབྲེལ་བའི་རྩིས་ཁྲ་དང་སྒྲ་སྒྲིག་ཡག་སྡུག་སྐོར་སོགས་དེ་ཚོ་ཆོས་མཐུན་གྱི་བྱ་བ་བཟང་པོ་ཞིག་ཡིན་པ་ནམ་ཡང་ངོས་འཛིན་ཞུ་མི་ཐུབ་།

  3. ཏི་སི། says:
    2017-01-30 at 5:38 pm

    ཁྱོད་རང་ཨ་མར་ཝ་ཏི་ལ་དུས་འཁོར་ཞུས་སྐབས་སེམས་ཚོར་དང་ཉམས་མྱོང་འདུག་པས། དེས་ནས་འདི་ལོ་དུས་འཁོར་དབང་ལུང་མ་ཚུགས་སྔོན་ནས་བསམ་ཚུལ་དེ་ཞུ་ན། ད་ལྟའི་བསམ་ཚུལ་འདི་བྲིས་པ་ལས་ལྷག་ཙམ་གཟི་བརྗིད་དང་ནུས་པ་ཡོད་རེད། སྐབས་དེ་དུས་སྔོན་མ་ཨམ་མར་ཝ་ཏུའི་གནས་སྟངས་དེ་འདྲ་བྱུང་། འདི་ལོ་སྦྱར་པང་ལ་ཧུན་བོད་གང་རུང་ཞིག་འབྲི་ན་ཡག་ག་འདུག་ཞུས་ན་ཁྱོད་བསམ་འཆར་ཞུས་དེ་མཚན་ཉིད་ལྡན་པ་རེད། ད་སྡུག་སྐད་བྲིས་ན་མ་བྲིས་འདི་ནི་དོན་དག་གཞན་པ་ཡིན་སྲིད་པའི་ཚོར་སྣང་འཆར་སྲིད་པ་འདུག

  4. ཞི་ལེའི་ཁུའུ། says:
    2017-02-01 at 6:24 am

    གནས་མེད་ཟེར་བ་ལྐུགས་པ་ལ་ཕུག་རང་རེད།
    Kalachakra ཞེས་དབྱིན་ཡིག་ནང་བྲིས་པར་སྣང་བ་འགྲོ་ཡོད་མ་རེད། རྒྱ་གར་མི་དང་ཕྱི་རྒྱལ་མིས་དུས་ཀྱི་འཁོར་ལོ་དང། “དང་པོའི་སངས་རྒྱས་”་དང་། “ཐབས་ཤེས་བདག་ཉིད།” ཐོག་མའི་མགོན་པོ།” རྣམ་ཀུན་མཆོག་ལྡན།” རིགས་ཀུན་ཁྱབ་བདག” “ཨེ་ཝམ་ཡི་གེ་” སོགས་བྲིས་ན་གོ་ཚོད་ཀྱི་མ་རེད།

    མི་ས་ཡ་མང་པོས་གོ་ཚོད་པ་དེ་དབྱིན་ཚིག་Kalachakraརེད།
    དུས་ཚོད་མ་འཁྱོལ་ནས་རྩོམ་ཐར་ཐོར་འདྲ་བྲིས་ཏེ་སྙན་གྲགས་རྐྱང་རྐྱང་བསམ་པ་འདྲ། གཉིད་ལམ་མ་གཏོང།

  5. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-01 at 8:20 am

    དུས་འཁོར་ ( kalachakra ) wheel of time)
    power (དབང་ཆེན་)

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme