Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་ཚང་མས་རྩེད་མོ་འདི་མཚམས་འཇོག་པྭ།

Posted on 2016-12-222016-12-22 By ཁ་བརྡ་ 26 Comments on ད་ཚང་མས་རྩེད་མོ་འདི་མཚམས་འཇོག་པྭ།

གསལ་ལེ་རྒྱལ།

 
སྤྲུལ་སྐུའི་ལམ་ལུགས་ཀྱིས་ང་ཚོར་ཕན་ཐོགས་བསྒྲུབས་པ་ལས་གནོད་སྐྱོན་བཟོས་བ་མང་བས་ན། ལམ་ལུགས་འདི་མེད་པར་གཏོང་དགོས་ཞེས་བཤད་མཁན་ཇེ་མང་རེད། དེའང་ལམ་ལུགས་འདི་མེད་པར་གཏོང་དགོས་བའི་རྒྱུ་མཚན་ནི་སྤྲུལ་སྐུ་རྫུན་མ་ཚོས་ལམ་ལུགས་འདི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ལམ་ལུགས་སུ་བསྒྱུར་ཏེ། རང་རང་གི་བླ་བྲང་ཇེ་ཕྱུག་དང་གཉེན་ཉེ་དང་གྲོགས་པོ་གྲོགས་མོ་རྣམས་ལས་མི་གཞན་པར་སེམས་ཅན་གྱི་འདུ་ཤེས་མེད་པར་ལོག་ཆོས་སྤེལ་ཡུལ་འབའ་ཞིག་ཏུ་བསམ་ནས་ལོག་ཆོས་སྤེལ་གྱིན་འདུག་ཟེར་བ་དེ་རེད། སྤྲུལ་སྐུ་དངོས་མ་རྣམས་མེད་པར་གཏོང་དགོས་མིན་མི་ཤེས་ལ། མེད་པར་གཏོང་ཐུབ་མིན་ཡང་མི་ཤེས།

དུས་རབས་ཀྱི་འགྱུར་འགྲོས་ཧ་ཅང་མགྱོགས་པའི་དབང་གིས་ཁ་སང་དེ་རིང་སྤྲུལ་སྐུ་ཚོ་དང་ཡོན་བདག་ཚོའི་བར་ན་ཕྱི་ནང་གསལ་ལ་མི་གསལ་བའི་རས་ཡོལ་ཅིག་ལས་མེད། རས་ཡོལ་དེའི་རྒྱབ་ནས་མཛད་པ་འབོད་པའི་སྤྲུལ་སྐུ་རྫུན་མ་ཚོའི་བྱ་སྤྱོད་དེ་དག་ང་ཚོས་མཐོང་གིན་འདུག ཤི་གསོན་གཉིས་ཀས་སྒོར་མོ་ཅི་ཙམ་ཕུལ་ཡང་དེ་ནི་རང་ཉིད་ཀྱི་བསོད་ནམས་ཀྱིས་གྲུབ་པར་བརློམ་ལ། དངོས་གྲུབ་ཀྱི་མང་ཉུང་ལ་སེམས་ཁུར་བྱེད་དུས་དེ་ནི་བསོད་ནམས་ཀྱི་ཆེ་ཆུང་གིས་ཡིན་པར་མི་བརློམ་པར་སུ་ཞིག་གི་ཕོ་བྲང་ལ་འགྲན་མ་ཐུབ་པའི་ན་ཟུག་ཏུ་གྱུར། གསོན་པོ་ཞིག་གི་ན་ཟུག་ཁོང་ཚོར་བཅོལ་ཡོད་པ་ཡིད་ལ་དྲན་གྱིན་མེད་ལ་ཤི་བོ་ཞིག་གིས་ཁོང་ཚོར་རྣམ་ཤེས་བཅོལ་ཡོད་པ་དེ་བས་དྲན་གྱིན་མེད།

ཡིན་ནའང་སྤྲུལ་སྐུའི་ལམ་ལུགས་དེ་སྤྲུལ་སྐུ་རྫུན་མ་ཚོས་རང་འགུལ་གྱིས་མེད་པར་གཏོང་བཞིན་ཡོད།སྤྲུལ་སྐུ་དངོས་མ་དག་ལའང་དངོས་གྲུབ་ཀྱི་ཆར་བ་འབབ་མཚམས་ཆད་ཟིན་པས་ན་སྤྲུལ་སྐུ་རྫུན་མ་ཚོར་དངོས་གྲུབ་ལྷག་མ་ཞིག་གང་ན་ཡོད། ཁོ་ཚོས་དེའང་མ་ཤེས་བར་ཁ་སང་དེ་རིང་སྤྲུལ་སྐུ་རྫུན་མས་ས་སྟེང་གང་བ་འདིས་སྤྲུལ་སྐུ་ཚང་མ་མེད་པར་གཏོར་བར་ཧ་ཅང་ཕན་པས་ན་ངས་སྤྲུལ་སྐུ་རྫུན་ཚོར་ཐུགས་རྗེ་ཆེ་ཟེར་བཞིན་ཡོད། སྤྲུལ་སྐུ་རྫུན་མའི་འཁྲབ་སྟངས་འདི་ནི་སྤྲུལ་སྐུའི་ལམ་ལུགས་མེད་པར་གཏོང་བའི་ཐབས་ཤེས་མཆོག་དུ་གྱུར་བ་དེ་ཡིན་པར་ངས་ཡིད་ཆེས་བྱེད་བཞིན། ཡིན་ནའང་ང་རང་ཆུང་དུས་ནས་ཁྲེལ་དང་ངོ་ཚར་ཅུང་ཙམ་གོམས་པའི་དབང་གིས་སྤྲུལ་སྐུ་རྫུན་མ་འཁྲབ་རོགས་བྱེད་པའི་སྤོབས་པ་མི་འདུག་ཟེར་རྒྱུ་ཡིན།

ང་ཚོ་ཞིང་འབྲོག་མི་དམངས་ལ་མཚོན་ནའང་བདེན་རྫུན་གྱི་དབྱེ་བ་འབྱེད་པའི་རྣམ་དཔྱོད་ཀྱི་ནུས་བ་སྔར་ལས་ཇེ་ཆེར་ཡོང་གིན་ཡོད་པ་འདིས་ངོ་ཚའི་གཏོང་ཕོད་ཀྱི་ཕྱག་རྒྱ་ཡངས་བའི་སྤྲུལ་སྐུ་རྫུན་མ་ཚོའི་བྱས་རྗེས་ལ་ཤེས་རབ་ཀྱིས་ཁ་ཟབ་བྱེད་བཞིན་ཡོད། ཁྱོད་ཚོས་ཅི་ཙམ་འཁྲབ་ན་ང་ཚོར་དེ་ཙམ་ཕན་གྱི་འདུག ད་ནི་ང་ཚོས་ཀྱང་མིག་བཙུམ་ནས་མགོ་བོ་ནམ་ཡང་མི་སྒུར། “གསེར་ས་འོག་ན་ཡོད་ན། འོད་ནམ་མཁའ་ལ་རྒྱོབས་”དང་། ང་ཚོས་ཀྱང་མགོ་བཀྱགས་ནས་འོད་ཡོད་མེད་ལ་བལྟ་གི་ཡིན། འོད་གནམ་ན་ཡོད་ན་གསེར་ཡིན། འོད་གནམ་ན་མེད་ན་གསེར་མིན།

སྤྲུལ་སྐུའི་ལམ་ལུགས་འདིའི་ཡོང་ཁུངས་ཆོས་ལུགས་པ་ཚོ་ཡིན་ལ་ལམ་ལུགས་འདིའི་ཁ་གཏད་ས་ཡོན་བདག་ཏུ་འབོད་པའི་ང་ཚོ་ཞིང་འབྲོག་དམངས་ཚོགས་ཡིན། སྤྲུལ་སྐུའི་ལམ་ལུགས་ཀྱི་སྲོལ་ཐོག་མར་འབྱེད་དུས་སུ་རྒྱལ་དབང་ཀརྨ་བར་སྤྲུལ་སྐུ་གཅིག་ལས་མེད་མོད། ཁ་སང་དེ་རིང་ཁོང་གཅིག་པུར་སྤྲུལ་སྐུ་བཞི་ཡོད། སྐུ་མཁྱེན། ད་ང་ཚོ་རྩེད་ཆས་མ་བྱེད། ངོ་མི་ཚ་ནའང་ཡ་མི་ང་འམ། བཟང་ན་ངན་ན་ང་ཚོ་ཚང་མ་ཁྱེད་ཚོའི་ཡོན་བདག་བྱས་ནས་ཡོང་བ་རེད།

ཚང་མ་སྤྲུལ་སྐུ་བྱས་ན་སྤྲུལ་སྐུར་སྤྲུལ་སྐུའི་རིན་ཐང་མེད་པ་དེ་ཁྱོད་ཚོ་སྤྲུལ་སྐུ་རྫུན་མ་ཚོས་མི་ཤེས་ནའང་། ང་ཚོས་གནས་ལུགས་དེ་ཤེས་ཡོད་པས་ད་ནི་ང་ཚོ་ཚང་མར་ཡོན་བདག་བྱེད་འདོད་ཀྱི་འདུན་པའང་མེད། ཁྱོད་ཚོར་ཡང་ཡོན་བདག་མེད་པའི་སྤྲུལ་སྐུ་ཞིག་བྱེད་འདོད་ཀྱི་འདུན་པ་མེད་པ་ང་ཚོས་ཤེས་ཡོད། ད་ཚང་མས་རྩེད་མོ་འདི་མཚམས་འཇོག་པྭ།

21/12/2016 ལ་ཕ་རེ་སུ་ནས།

བསམ་ཚུལ།

Post navigation

Previous Post: བོད་ཐོག་འཛིན་བཞིན་པའི་རྒྱ་གར་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དེར་བསྐྱར་ཞིབ་གནང་རྒྱུའི་དུས་ལ་བབས་འདུག
Next Post: བཙན་པོ་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་དོན་གནད་འགའ་ཞིག་གི་བསྐྱར་ཞིབ།

Comments (26) on “ད་ཚང་མས་རྩེད་མོ་འདི་མཚམས་འཇོག་པྭ།”

  1. lobsang199 says:
    2016-12-22 at 10:24 am

    ང་ལ་ཀརྨ་པ་གཉིས་མ་གཏོགས་གོ་མ་སོང།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-12-22 at 10:28 am

    སྤྲུལ་སྐུའི་ལམ་ལུགས་དེ་བོད་མི་རིགས་ཀྱིས་ནང་ཆོས་རིག་པའི་གཞུང་ལུགས་དང་མཐུན་པ་ཞིག་ཡིན་ན་སྤྲུལ་སྐུ་མུ་འཐུད་ནས་ཕེབས་དགོས་པ་ནི་སེམས་ཅན་གྱི་འགྲོ་དོན་རེད་ལ་བོད་མི་རིགས་ཀྱི་རིག་གཞུང་གི་ཆ་ཤས་སྲུབ་ནས་ཟུབ་རྒྱུ་མེད་པའི་གལ་ཆེན་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད་།

  3. གཡག་རྫི། says:
    2016-12-22 at 11:27 am

    སྐུ་མཁྱེན་ཁྱོད་ཀྱིས་ནམ་ཞིག་ལ་སྤྲུལ་སྐུར་སྦྱིན་བདག་བྱས་ནས་ཅི་ཞིག་ཕུལ་ཡིན། ཡང་ན་ཁྱོད་ཀྱིས་སུ་ཞིག་གི་ངོ་ཚབ་བྱས་ནས་བཤད་ཀྱི་ཡོད།

  4. བོད་ཀྱི་བུ། says:
    2016-12-22 at 11:43 am

    གསལ་ལེ་རྒྱལ་ཁྱེད་རང་སྤྲུལ་སྐུ་ལ་ཡོན་བདག་བྱེད་རྒྱུ་ཕར་བཞག་ཨ་ཅེ་སྒྲོལ་མ་ལ་གྱོན་རྒྱུ་ཡག་ཟིག་སྤྲད་མ་ཐུབ་བདག་བརྒྱབ་མ་ཐུབ་ནས་ཤོར་ཐལ་མོད། ཧ་ཧ་ཧ།

  5. ཀརྡོ་རབ་འབྱམས་པ་ says:
    2016-12-22 at 1:47 pm

    ་་་་་་་་་རྒྱལ་དབང་ཀརྨ་བར་སྤྲུལ་སྐུ་གཅིག་ལས་མེད་མོད། ཁ་སང་དེ་རིང་ཁོང་གཅིག་པུར་སྤྲུལ་སྐུ་བཞི་ཡོད།་་་་་་
    ཟེ་ར་བ་འདོ་ཁུངས་ག་རེ་ཡོད་དམ། ལགས།
    ༡༽ ཨོ་རྒྱན་འཕྲིན་ལས་རྡོ་རྗེ།
    ༢ ༽ མཐའ་ཡས་རྡོ་རྗེ།
    ༣ ༽ ་་་་་་་་་་་་་་་་ ?
    ༤ ༽ ་་་་་་་་་་་་་་ ?
    ༥༽ གསལ་ལེ་རྒྱལ།
    ༦༽

  6. བསྟན་འཛིན says:
    2016-12-22 at 3:21 pm

    ཁོས་སྦྱིན་བདག་མ་བྱས་ནའང་།ཨ་ཕ་ཨ་མས་བྱས་ཡོད་ནི་རེད།

  7. བསྟན་འཛིན says:
    2016-12-22 at 3:23 pm

    ཀ་རྡོ་ཆོས་སྐུ་ལོང་སྐུ་སྤྲུལ་སྐུ་མི་སྐུ་བཞི་དེ་ར་མི་ཤེས

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-12-22 at 8:49 pm

    ཆོས་སྐུ་ཀུན་ཏུ་བཟང་པོ་འོད་དཔག་མེད་།
    ལུང་སྐུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་།
    སྤྲུལ་སྐུ་པདྨ་འབྱུང་གནས་།
    ཆོས་ལུང་སྤྲུལ་གསུམ་ལ་གསོལ་བ་འདེབས་།

  9. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-12-22 at 8:53 pm

    འཇམ་པའི་དབྱང་།
    སྤྱན་རས་གཟིགས་།
    ཕྱག་ན་རྡོ་རྗེ་།
    རིགས་གསུམ་མགོན་པོ་ལ་གསོལ་བ་འདེབས་།

  10. ཀརྡོ་རབ་འབྱམས་པ་ says:
    2016-12-23 at 12:41 am

    རྩེད་མོ་མ་རེད། དངུལ་བཟོ་སྟངས་རེད། འགའ་ཤས་ཀྱིས་གཞང་བཙོང་ནས་དངུལ་བཟོ་བགྱིད་ཡོད་རེད། འགའ་ཤས་སྤྲུལ་སྐུ་བཟོས་ནས་དངུལ་བཟོ་བགྱིད་ཡོད་རེད། དེ་དག་རྩེད་མོ་ག་ནས་ཡིན། ཧ་ཧ། ཀུ་རེ་ཡིན་ནོ།།

  11. ཀརྡོ་རབ་འབྱམས་པ་ says:
    2016-12-23 at 12:43 am

    འགའ་ཤས་ཀྱིས་སྐུ་གསུང་ཐུགས་གསུམ་སྤྲུལ་སྤྲུལ་སྐུ་རེ་རེད་ཡོད་རེད །ཟེར་བ་དེ་ཡང་རྨོང་དད་ཀྱིས་བཟོས་པ་རེད་དོ།།

  12. ཀརྡོ་རབ་འབྱམས་པ་ says:
    2016-12-23 at 12:46 am

    སྤྲུལ་པ་དངོས་གནས་ཡིན་ན། ཐུགས་བརྒྱད་གཅིག་པ་གཅིག་ཡིན་དགོས། དེ་མིན་སྐུ་གསུང་ཐུགས་སོགས་ཀྱིས་བྱིན་གྱིས་བརླབས་པ་བརྒྱ་ཕྲག སྟོང་ཕྲག ཡོད་ཆོག་ཀྱང་། ཡང་སྲིད་དམ། སྤྲུལ་སྐུ་གཅིག་ལས་འོངས་མི་སྲིད་དོ།།

  13. ཀརྡོ་རབ་འབྱམས་པ་ says:
    2016-12-23 at 12:48 am

    སྤྲུལ་པའི་སྐུའི་ཐུགས་བརྒྱུད་གཅིག་པ་ཅིག་ཡིན་དགོས་པ་ལས། སྐུ་བརྒྱུད་གཅིག་པའམ། གསུང་བརྒྱུད་གཅིག་པའི་སྤྲུལ་སྐུ་ཟེར་བ་དེ་འདྲ་སྣང་མི་འགྲོ་བའི་གཏམ་ངན་རེད་དོ།།

  14. ཀརྡོ་རབ་འབྱམས་པ་ says:
    2016-12-23 at 12:49 am

    ངས་བཤད་པ་ལ་དགག་པ་བརྒྱབས་ན་དགའ་བསུ་ཡོད་དོ།།

  15. ནོར་བུ says:
    2016-12-23 at 5:31 am

    སྤྲུལ་སྐུ་ཡག་ཤུལ་དེ་རྫས་སྐྱེས་ཡིན་དགོས

  16. ཀརྡོ་རབ་འབྱམས་པ་ says:
    2016-12-23 at 2:14 pm

    སྤྲུལ་སྐུ་ཡག་ཤུལ་དེ་རྫས་སྐྱེས་ཡིན་དགོས
    འདི།
    སྤྲུལ་སྐུ་ཡག་ཤོས་དེ་རྫུས་སྐྱེས་ཡིན་དགོས།

  17. ཀརྡོ་རབ་འབྱམས་པ་ says:
    2016-12-23 at 2:16 pm

    སྤྲུལ་སྐུ་ཡག་ཤོས་དེ་རྫུས་སྐྱེས་ཡིན་དགོས། ཡིན་དགོས་ན།
    འོ་ན།
    བདག་སྟོན་ཤྰཀྱ་ཐུབ་པ་ཆོས་ཅན། སྤྲུལ་སྐུ་ཡག་ཤོས་དེ་མ་ཡིན་པར་ཐལ། རྗུས་སྐྱེས་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཟེར་ན་ཅི་ཟེར་འདོད་དམ། ལགས།

  18. དྲི་མེད་ལྷག་བསམ། says:
    2016-12-23 at 9:05 pm

    མཆན་13་14་པའི་ལན། ཀ་རྡོ་ལེགས། ཡང་རྩེད་མཚར་ཞིག་ཞུ་ན། སྤྱིར་སངས་རྒྱས་ཐམས་ཅད་རྒྱུད་གཅིག་ཏུ་འདོད་མི་འདོད་ཀྱི་རྩོད་པ་བཞག་ནས། ཀྃ་ཚང་བཀའ་བརྒྱུད་རང་ལུགས་འཐད་ལྡན་སྨྲ་ན། ཀརྨ་པའི་ཟབ་མོ་ནང་དོན་གྱི་རྩ་བའི་ས་བཅད། ལུས་སེམས་དབྱེར་མེད་གཞི་ཡི་རྒྱུད། བསྐྱེད་རྫོགས་དབྱེར་མེད་ལམ་གྱི་རྒྱུད། སྐུ་གཉིས་དབྱེར་མེད་འབྲས་བུའི་རྒྱུད། ཅེས་བཀའ་བཅད་པའི་དོན་ལ་གཞིག་དགོས། སྤྲུལ་བའི་སྐུ་དངོས་ཡིན་ན། ལུས་ངག་ཡིད་གསུམ་རྒྱུད་གཅིག་པ་ཡིན་པ་ཐལ། གསང་གསུམ་དབྱེར་མེད་ཡིན་པའི་ཕྱིར། ཡེ་ཤེས་གཅིག་གིས་ཁྱབ་པའི་ཕྱིར། གཞི་དུས་ཀྱི་ཡེ་ཤེས་ལྔ། ལམ་དུས་ཀྱི་ཕུང་ལྔ་། འབྲས་དུས་ཀྱི་སྐུ་ལྔ་རྒྱུད་གཅིག་ཏུ་འདོད་པའི་ཕྱིར། ལུས་ངག་གི་རྩ་རླུང་ཐིག་ལེ་ཐམས་ཅད་ལ་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེས་ཁྱབ་པའི་ཕྱིར། ཤེས་བྱ་ཐམས་ཅད་ཐབས་ཤེས་ཀྱི་རང་བཞིན་དུ་འདོད་པའི་ཕྱིར། ལུས་ངག་ཐབས་དང་སེམས་ཤེས་རབ་ཏུ་བསྡུ་བའི་ཕྱིར། ཐབས་ཤེས་འདུ་འབྲལ་མེད་པའི་ཕྱིར། དེ་དག་ནི་རླུང་སེམས་དབྱེར་མེད་དང་ཟབ་མོ་ནང་དོན་སོགས་བཀའ་བརྒྱུད་གོང་མའི་དགོངས་པ་ཡིན་པའི་ཕྱིར་རོ། །། རྩེད་མོ་ཞུ་བར་དགོངས་འགལ་མེད་པར་འཚལ། རང་ཉིད་ལོ་ཉི་ཤུ་རྩ་བཞི་སྔོན་ལ་བཀའ་བརྒྱུད་པའི་གཞུང་ལ་མཇལ་བའི་སྐལ་བ་ཕྲ་མོ་བྱུང་ཞིང་། ཀྃ་ཚང་བཀའ་བརྒྱུད་པ་ཞིག་ཡིན་ཞེས་སྨྲས་ཀྱང་ངོ་གནོང་མི་དགོས་པའི་མོས་གུས་ཅན་དྲི་མེད་པས་ཐོལ་བྱུང་དུ་བྲིས། །

  19. ཀརྡོ་རབ་འབྱམས་པ་ says:
    2016-12-24 at 1:38 am

    གང་ཟག་གཅིག་གི་བརྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལྔ། ལམ་ལྔ་དང་། འབྲས་བུ་ལྔ་གང་ཟག་གཅིག་གི་ཡིན་པ་ལ་རྩོད་པ་མེད་ཀྱང་། འདིར་ལོངས་སྤྱོད་པའི་སྐུ་ལ་མི་རྩོད་པར། སྤྲུལ་སྐུ་ཤྰཀྱ་ཐུབ་པ་དང་། སྤྲུལ་སྐུ་པདྨ་པདྨ་འབྱུང་གནས་སམ། དེ་གཉིས་དང་ཆ་འདྲ་བའི་བྱང་སེམས་ཚོགས་ལམ་པ་དང། སྦྱོར་ལམ་པ་དང་། བྱང་སེམས་འཕགས་པའི་སྐྱེ་བ་རྗེ་མའི་སྤྲུལ་སྐུའི་སྐོར་རྩོད་བཞིན་མ་ཡིན་ནམ། ཁྱེད་ཀྱིས་སྐུ་གསུང་ཐུགས་གསུམ་ངོ་གཅིག་ཡིན་པ་གསུངས་པ་ནི། ངས་ཀྱང་འདོད་ལ། ངས་ནི་དིང་སང་འགའ་ཤས་ཀྱི་བླ་མ་གཅིག་གྲོང་ནས་ཡང་སྲིད་གསུམ་ངོ་འཛིན་བྱས། དེ་དག་གི་ནང་ནས་གཅིག་སྐུ་ཡི་སྤྲུལ་པ། གཉིས་པ་གསུང་གི་སྤྲུལ་པ། གསུམ་པ་དེ་ཐུགས་ཀྱི་སྤྲུལ་པར་བཞེད་པ་མི་འཐད་དོ་ཟེར་འདོད་པ་ཡིན་ནོ།།
    ཁྱེད་ཀྱིས་ལྗགས་ལན་གནང་བར་བཀའ་དྲིན་ཆེའོ།།

  20. དྲི་མེད་ལྷག་བསམ། says:
    2016-12-24 at 6:35 am

    ཀ་རྡོ་ལེགས་སོ། ། ཀྃ་ཚང་ཆགས་མེད་རི་ཆོས། བླ་མའི་རྣལ་འབྱོར་བྱིན་རླབས་ཆར་རྒྱུན་ལས། དེ་བཞིན་ངོ་བོ་སངས་རྒྱས་བྱང་སེམས་ཀྱིས། །གང་འདུལ་རྒྱལ་པོ་བློན་པོ་བླ་མ་སོགས། །གང་ལ་གང་འདུལ་སྤྲུལ་བ་ཐམས་ཅད་དང་། །ཡང་སྤྲུལ་ཉང་སྤྲུལ་སུམ་སྤྲུལ་བདུན་སྤྲུལ་སོགས། །སེམས་ཅན་གཅིག་ལ་ལན་གཅིག་ཐོགས་པ་ན། །སྐྱེ་བ་གཅིག་ལ་འཆི་ལ་མི་ཆོར་བར། །དཔེར་ན་མི་བསྐྱོད་རྡོ་རྗེ་ཁོ་ན་ཡི། །སྤྲུལ་བ་གངས་ཅན་བོད་ཡུལ་འདི་ཉིད་ན། །འབུམ་ཕྲག་ལྔ་ཙམ་ཡོད་པར་གསུངས་དང་མཚུངས། །དེ་ཀུན་ཐམས་ཅད་བླ་མ་སྤྲུལ་བའི་སྐུ། །དེ་དག་ཀུན་ལ་གསོལ་བ་འདེབས་པ་ཡིན། །ཅེས་དང་། བླ་མ་གཅིག་ལ་སྤྲུལ་སྐུ་ལྔ་བྱོན་པའི་ཚུལ་ཡང་། རི་ཆོས། ཆོས་བྱེད་པའི་གང་ཟག་རྣམས་འཆི་ལུགས་དཔག་བསམ་ཤིང་གི་འབྲས་བུ་ལས། དེ་ལ་སྐུ་ཡི་སྤྲུལ་བའི་སྤྲུལ་སྐུ་བྱོན། །སྐུ་ལུས་མཛེས་ཤིང་ཡིད་འོང་དང་པ་འདྲེན། །དེ་ཉིད་མཐོང་ཐོས་རེག་ཚད་འདྲེན་པར་ནུས། །ཞེས་དང་། ཨཱཿ་སྤྲོས་འཕང་པས་གསུང་གི་སྤྲུལ་བ་བྱོན། །གསུང་བཟང་དབྱངས་སྙན་སྡེ་སྣོད་བཤད་ལ་མཁས། །དེ་ཡིས་ཐོས་བསམ་བཤད་གྲྭའི་བསྟན་ལ་ཕན། །དེ་བཞིན་ཧཱུྃ་ཡིག་སྤྲོས་འཕང་ཐུགས་སྤྲུལ་འབྱུང་། །ཐུགས་གཏུམ་ཉམས་དང་རྟོགས་པ་ཤིན་ཏུ་མཐོ། །ཉམས་ལེན་སྒྲུབ་པའི་བསྟན་ལ་ཕན་པར་འགྱུར། །ཡང་། ཡོན་ཏན་སྤྲུལ་སྐུ་རིགས་གནས་ཀུན་ལ་མཁས། །གདུལ་བྱ་ལོངས་སྤྱོད་ཀྱང་ནི་རྒྱས་པར་འགྱུར། །འཕྲིན་ལས་སྤྲུལ་སྐུ་མཐུ་རྩལ་ནུས་པ་ཆེ། །འགྲོ་དོན་འཕྲིན་ལས་རླབས་ཆེན་འགྲུབ་པར་འགྱུར། །ཅེས་གསུངས་སོ། སྒྲུབ་རྒྱུད་ཀརྨ་ཀྃ་ཚང་གི་བླ་མ་གོང་མ་རྣམས་ཀྱི་གསུངས་རབ་ཕལ་མོ་ཆེར་སྐུ་གསུམ་དབྱེར་མེད་ཀྱི་དགོངས་པ། འགྲོ་དོན་སྤྲུལ་སྐུ་འབྱུང་ཚུལ་ཞལ་གསལ་ལ་ཁུངས་བཙུན་པ་མང་པོ་བཞུགས་ཀྱང་རེ་ཞིག་སྤྲོ་བར་མི་བྱའོ། །ཀརྨ་བཀའ་བརྒྱུད་ཀྱི་གཞུང་མང་ཡིད་ཀྱི་མཚོ་རུ་སིམ་པས་མོས་གུས་ཅན་དྲི་མེད་པས་སོ། ། བྲེལ་བ་ཆེ་བས་ཡིག་ནོར་ཡོད་སྲིད་པས་དགོངས་འགལ་མེད་པར་ཞུ། །

  21. ཀརྡོ་རབ་འབྱམས་པ་ says:
    2016-12-24 at 6:52 am

    ཆོས་བརྒྱུད་བཞི་ག་བསྡོམས་ནས། དིང་སང་བྱང་སེམས་མཚན་ཉིད་ཚང་བ་འབུམ་ཕྲག་གཅིག་ཡོད་ན་ཡང་རྩ་བ་ཆེན་པོ་རེད།

  22. དྲི་མེད་ལྷག་བསམ། says:
    2016-12-24 at 7:33 pm

    ལེགས་སོ། བྱང་སེམས་མཚན་ཉིད་པ་ས་མཚམས་གང་ནས་འཇོག། ཁྱིམ་པ་སོ་སྐྱེསསྡོམ་ལྡན། ཚོགས་ལམ་ནས་ས་བཅུའི་བར། དུད་འགྲོ་ནས་སངས་རྒྱས་བར། རང་ས་ན་མཚན་ཉིད་ཚང་པ་རེ་ཡོད་པ་མིན་ནམ། ། དེ་ཙམ་གྱིས་ཆོག་ཤེས་པར་བྱ། བྲེལ་བ་ཆེ་བས་ཞུ་ལོང་མི་འདུག

  23. ནུབ་ཕྱོགས་གངས་ཕྲུག says:
    2016-12-24 at 9:22 pm

    ཡོངས་གྲགས་ལ་ཀརྨ་པ་ཡང་སྲིད་གསུམ་ཡོད། མཐའ་ཡས་རྡོ་རྗེ། ཨོ་རྒྱན་འཕྲིན་ལས་རྡོ་རྗེ། ཟླ་བ་བཟང་པོ་བཅས་ཡིན། དང་པོ་དེ་རྒྱལ་བ་ཞྭ་དམར་པའི་ངོས་འཛིན་གནང་། གཉིས་པ་དེ། ཏཱ་ཡི་སི་ཏུས་ཀརྨ་པ་༡༦ གིས་མདའ་ཁའི་ཞལ་ཆེམས་དངབསྟུན་ནས་ངོས་འཛིན་གནང་། ༼ མདའ་ཁའི་ཞལ་ཆེམས་དེ་སི་ཏུ་པ་ཁོ་རང་གི་ཕྱག་་བྲིས་ཡིན་པ་གསལ༽ གསུམ་པ་དེ། ཁོ་རང་ནར་སོན་པ་ན་ཀརྨ་པ་ཡིན་ཞེས་སྨྲས་ནའང་ངོད་འཛིན་གནང་མཁན་བྱུང་མེད། ༼ཕྱི་མ་དེར་ཁུངས་གང་ཡང་མེད།༽

  24. ཨ་འབར་འཇིགས་དབང། says:
    2016-12-25 at 1:12 am

    ༅༅། སྔོན་དུ་ཐེངས་གཉིས་ཞུས་ཡོད།
    སྐྲུལ་སྐུ་ཡིན་ན་མདོ་སྔགས་གཟུང་ལུགས་དང་བཅས་པ་དང་ལྷག་པར་དུ་ཚད་མ་རིག་པའི་གཞུང་ལ་
    སློབ་སྦྱོང་མཐར་ཕྱིན་པ་གནང་ནས་མཁས་པའི་མཚན་ཉིད་ཚང་བ་ཞིག་མེད་ན་དེ་ལ་སྤྲུལ་ཕར་བཞག་
    དགེ་འདུན་པ་ཕལ་པ་ཞིག་ལས་དངོས་འཛིན་མེད།
    སོ་སོའི་རང་ངོས་ནས་སྤྲུལ་སྐུ་ཡིན་ཞེས་ཇི་ལྟར་བཤད་ཀྱང་མང་ཚོགས་ནས་ཡིད་ཆེས་བྱེད་ཀྱི་མ་རེད།
    དཔེར་ན་་་པཎ་ཆེན་རྗུན་མ་ལྟར་རེད། རྒྱ་དམར་གཞུང་ནས་ཆབ་སྲིད་ཀྱི་དགོས་དབང་ལ་བརྟེན་ནས་
    པཎ་ཆེན་རྗུན་མ་རྒྱ་དམར་པོས་འདོད་པ་ལྟར་བསྐོས་ཀྱང་བཙན་དབང་འོག་གི་སྤྲུལ་སྐུ་ལ་སུ་གཅིག་གི་
    ངོས་འཛིན་དང་དད་པ་བརྩི་བཀུར་ཞུ་མཁན་མེད།

  25. ཀརྡོ་རབ་འབྱམས་པ་ says:
    2016-12-25 at 1:43 am

    ཟླ་བ་བཟང་པོ་ཨེ། ཁོ་ཀརྨ་པ་ཡིན་ལབ་པ་རེད་ཨེ། དེ་ནས་ངོས་འཛིན་མ་བྱུང་བ་རེད་ཨེ།

  26. ཁ་ཞེ་གཉིས་མེད་ says:
    2016-12-29 at 9:27 am

    གཞུང་པ་ཚེ་བསོད་ལགས། ལུང་སྐུ་མ་རེད་ལོངས་སྐུ་རེད། འཇམ་པའི་དབྱང་ཞེས་པ་འཇམ་དཔལ་ལམ་འཇམ་པའི་དབྱངས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme