Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་ཡུན་སྐར་མ་བཅུ་གཅིག

Posted on 2016-12-04 By ཁ་བརྡ 1 Comment on དུས་ཡུན་སྐར་མ་བཅུ་གཅིག

རྩོམ་པ་པོ། ཧྥའོ་ལོ་ཁོ་ལོ། ( Paulo Coelho)

ངམ་རིང་ཡོན་ཏན་རྒྱ་མཚོས་བསྒྱུར།

གཉིས་པ།

དུས་ཡུན་ལོ་ངོ་གསུམ་ཙམ་འདས་ཟིན་པ་དང་། དེའི་རིང་མ་རི་ཡཱ་ཡིས་ས་ཁམས་རིག་པ་དང་། རྩིས་རིག་སོགས་ལ་སྦྱངས་པ་བྱས་པ་མ་ཟད། བརྙན་འཕྲིན་ནང་གི་ཡི་ཙིའི་བརྡ་ཁྱབ་ལའང་་དོ་སྣང་སྤྲོད་འགོ་བཙུགས། སློབ་གྲའི་ནང་ཁོ་མོས། ཆགས་སྲེད་སྐོར་གྱི་དུས་དེབ་ཐོག་མར་བཀླགས་པ་རེད། གཞན་ཡང་ཁོ་མོས་རང་ཉིད་ཀྱི་ཉོབ་སྣང་ཆེ་བའི་མི་ཚེ་དང་། འཛིན་གྲའི་ནང་རྒན་ལགས་ཀྱིས་སློབ་གནང་མཛད་པའི་རྒྱ་མཚོ་དང་། ཁ་བ། ལ་ཐོད་དཀྲིས་པའི་སྐྱེས་པ། རྒྱན་ཆས་བཀླུབས་པའི་མཛེས་ཉམས་ལྡན་པའི་བུད་མེད་རྣམས་རང་ཉིད་ཀྱི་མིག་གིས་ལོངས་སུ་སྤྱོད་རྒྱུའི་བསམ་འདུན་རྣམས་གསལ་བའི་ཉིན་ཐོ་འབྲི་འགོ་བརྩམས་པ་རེད། འོན་ཀྱང་། མི་སུ་འདྲ་ཞིག་ཡིན་རུང་མངོན་འགྱུར་ཡོང་ཐབས་མེད་པའི་རྨི་ལམ་ཞིག་ལ་བརྟེན་ནས་འཚོ་ཐབས་མེད་པ་ནི་དོན་དངོས་རང་རེད། ལྷག་པར་དུ། མ་རི་ཡྰི་གནས་བབ་ལ་གཞིགས་ན། ཁོ་མོའི་ཨ་མ་ལགས་ནི། འཚེམ་བཟོ་བ་ཞིག་དང་། པ་ལགས་ནི་ཁྱིམ་དུ་དེ་ཙམ་བཞུགས་ཀྱི་མེད་སྟབས། རིམ་པས་ཁོ་མོས་མངོན་འགྱུར་ཡོང་ཐབས་མེད་པའི་རྨི་ལམ་ཞིག་ལ་ཆགས་ཞེན་བྱེད་པ་ལས། རང་ཉིད་ཀྱི་མཐའ་འཁོར་གྱི་འཚོ་བར་དོ་སྣང་བྱེད་དགོས་པའི་གནས་ལུགས་དེ་ཤེས་པ་རེད། དེར་བརྟེན། ཁོ་མོས་མི་ཚེའི་ལམ་བུར་མདུན་སྐྱོད་བྱ་ཆེད་ཕྱོགས་གཅིག་ནས་སློབ་སྦྱོང་བྱེད་པ་དང་། ཕྱོགས་གཞན་གཅིག་ནས། རང་ཉིད་ཀྱི་མ་འོངས་པའི་ཕུགས་བསམ་བརྗོད་ཡུལ་གྱི་སྐྱེ་བོ་ཞིག་ཀྱང་འཚོལ་ཐབས་བྱས་པ་རེད། ཁོ་མོ་རང་ལོ་བཅོ་ལྔར་སོན་པའི་སྐབས་སྟེ།  ཡེ་ཤུའི་ཆོས་ཕྱོགས་ཀྱི་རྩ་ཆེའི་བདུན་ཕྲག་དེར་མི་རྣམས་སེར་སྦྲེངས་བསྒྲིགས་ཏེ་སྐྱོད་སྐབས་སུ་འཕྲད་པའི་བུ་གཅིག་ལ་ཁོ་མོའི་སེམས་པ་ཤོར་བ་རེད།

སྐབས་དེར་ཁོ་མོས་དེ་སྔོན་གྱི་ནོར་འཁྲུལ་དེ་དག་ཡང་སྐྱར་མི་ཤོར་ཆེད། རང་ཉིད་ཀྱི་དགའ་བའི་བུ་དེར་འཛེམས་ཟོན་མེད་པར་གླེང་མོལ་བྱས་པས། རིམ་པས་ཁོ་གཉིས་གྲོགས་པོ་ཆགས་ཏེ། ཁོ་གཉིས་གློག་བརྙན་ཁང་དང་། སྤྲོ་སྐྱིད་ཁང་སོགས་ལ་མཉམ་དུ་བསྐྱོད་པ་རེད། འོན་ཀྱང་ཁོ་མོའི་སེམས་ནང་། དེ་སྔོན་རང་ཉིད་དགའ་སའི་བུ་དེར་བཅངས་པའི་བརྩེ་དུང་གི་སེམས་ཚོར་འཛིན་སྟངས་ལྟར། ད་ལྟའི་དུས་སུའང་། རང་ཉིད་དགའ་རོགས་ཀྱི་ཁྲིས་སུ་ཡོད་པའི་སྐབས་ལས། དགའ་རོགས་ཁྲིས་སུ་མེད་པའི་སྐབས་སུ་རང་ཉིད་ཀྱི་བརྩེ་དུང་གི་རྣམ་པ་གསལ་བར་མངོན་པའི་ཚཽར་སྣང་ཞིག་བྱུང་ཡོད། དེ་ཡང་ཁོ་མོ་རང་ཉིད་ཀྱི་དགའ་རོགས་ཀྱི་ཁྲིས་སུ་མེད་པའི་སྐབས་སུ། ཁོ་པ་སེམས་གཏིང་ནས་ཧ་ཅང་གིས་དྲན་པ་དང་། ཐེངས་རྗེས་པར་ཁོ་གཉིས་ཐུག་སྐབས་གླེང་མོལ་ཅི་འདྲ་ཞིག་བྱེད་དགོས་མིན། ཁོ་གཉིས་ཀྱིས་མཉམ་དུ་བསྐྱལ་ཟིན་པའི་དུས་ཚོད་སྐར་ཆ་རེ་རེ་བཞིན་ཡིད་ལ་ངེས་པར་བྱེད་པ། ཁོ་གཉིས་ཐུགས་པའི་སྐབས་སུ་ཁོ་མོས་རང་ཉིད་ཀྱིས་འགྲིག་པ་ཅི་ཞིག་བྱས་པ་དང་། ནོར་འཁྲུལ་གང་ཞིག་བྱས་མིན་སོགས་ཀྱིས་ཐད་བསམ་གཞིགས་ཆུ་ཚོད་མི་ཉུང་བ་ཞིག་བྱེད་ཀྱི་ཡོད། ཁོ་མོས་རང་ཉིད་ནི། བརྩེ་དུང་གི་འཆིངས་ཐག་ནང་ཚུད་མྱོང་བ་དང་། དེས་སྤྲད་པའི་སེམས་ཁམས་ཀྱི་ན་ཟུག་ཅི་ཙམ་ཡིན་མིན་ཤེས་མཁན་གྱི་མྱོང་ལྡན་བུད་མེད་ཞིག་ཡིན་ཁུལ་བྱ་རྒྱུར་དགའ་པོ་བྱེད་ཀྱི་ཡོད་པ་དང་།  ད་ལྟའི་ཆར། ཁོ་མོས་རང་ནུས་ཡོད་རྒུ་ལ་བརྟེན་ནས། ད་རེས་རང་ཉིད་ལ་འཕྲད་པའི་སྐྱེས་པ་དེ་རང་ཉིད་ཀྱི་མ་འོངས་པའི་བཟའ་ཟླ་དང་། རང་ཉིད་ཀྱི་ཕྲུག་གུའི་པ་ལགས། ཁོ་མོའི་རྨི་ལམ་ནང་གི་རྒྱ་མཚོའི་ཁྲིས་ཀྱི་ཁང་པའི་ནང་མཉམ་དུ་འཚོ་བར་རོལ་རོགས་དེ་ཆགས་པ་བྱ་རྒྱུར་སེམས་ཐག་གཙང་མ་བཅད་པ་རེད།  ཁོ་མོས་རང་ཉིད་ཀྱི་བསམ་ཚུལ་རྣམས་ཨ་མ་ལགས་སུ་ཞུས་པར། ཁོ་མོའི་ཨ་མ་ལགས་ཀྱིས་ནན་པོའི་སྒོ་ནས་”ད་ལྟ་ཁྱེད་རང་ལོ་ཆུང་ཆུང་རེད་པ”བཅས་གསུངས་པའི་ལན་དུ་ཁོ་མོས་”ཨ་མ་ལགས་རང་།དགུང་ལོ་བཅུ་དྲུག་སྐབས་སུ། ངའི་པ་ལགས་དང་འཁྲུངས་ས་བསྐྱོན་པ་རེད་པ་”བཅས་ཞུས་པར། ཁོ་མོའི་ཨ་མ་ལགས་ཀྱིས། ཁོང་དགུང་ལོ་ཆུང་ཆུང་སྐབས་གཉེན་སྒྲིག་སྐྱོན་པའི་རྒྱུན་མཚན་ནི། འཆར་གཞི་མེད་པར་སྦྲུམ་མ་ཆགས་ཙང་། གཉེན་སྒྲིག་གནང་དགོས་བྱུང་བ་ཡིན་ལུགས་ཀྱི་འགྲེལ་བཤད་སྐྱོན་རྒྱུའི་ཚབ་ཏུ། ཁོང་གིས་”སྐབས་དེ་དུས་ཀྱི་གནས་སྟངས་དང་ད་ལྟ་འདྲ་གི་མ་རེད།”བཅས་པའི་རྒྱུ་མཚན་དེ་བཀོད་གནང་མཛད་དེ་ཁོང་གཉིས་ཀྱི་གླེང་མོལ་དེར་རྫོགས་ཚིག་སྐྱོན་པ་རེད།

ཉིན་རྗེས་མ་དེར། མ་རི་ཡྰ་དང་ཁོ་མོའི་དགའ་རོགས་གཉིས་གྲོང་ཚོའི་མཐའ་སྐོར་དུ་འཆམ་འཆམ་ལ་བསྐྱོད་པ་རེད། ཁོ་གཉིས་འཆམ་འཆམ་དུ་སྐྱོད་པའི་སྐབས་སུ་གླེང་མོལ་དེ་ཙམ་མང་པོ་བྱས་མེད། མ་རི་ཡྰ་ཡིས་རང་ཉིད་ཀྱི་དགའ་རོགས་དེར། ཡང་སྙིང་ཁོ་པ་ཡུལ་སྐོར་ལ་འགྲོ་འདུན་ཡོད་མིན་སྐད་ཆ་དྲིས་པའི་སྐབས་སུ། ཁོ་པས་ཁོ་མོའི་དྲི་བར་ལན་རྒྱག་རྒྱུའི་ཚབ་ཏུ། ཁོ་མོ་ཁོ་པའི་འཁྲིས་སུ་འཐེན་སྟེ། འོ་བརྒྱབ་པ་རེད། དེ་ནི་ཁོ་མོའི་མི་ཚེའི་ནང་གི་ཆེས་ཐོག་མའི་འོ་དེ་ཡིན་ལ། དུས་ཚོད་དེེ་གར་ཁོ་མོས་རེ་སྒུག་བྱས་པའི་འོ་དེ་ཡིན། དེ་ཉིན་གྱི་ཡུལ་ལྗོངས་ཀྱང་དམིགས་བསལ་བ་ཞིག་སྟེ། ནམ་མཁར་ཆུ་བྱ་ཕུར་བ་དང་། ཁྲི་གདུགས་ཉི་མ་བཞུད་ལ་ཉེ་བ། རྩི་ཤིང་སོགས་དེ་ཙམ་མེད་པའི་ས་ཁུལ་དེའི་ཁྱད་དུ་འཕགས་པའི་མཛེས་སྡུག་མངོན་པར་གསལ་བ། རྒྱང་རིང་ནས་རྣ་བའི་བདུད་རྩིར་གྱུར་བའི་རོལ་དབྱངས་ཀྱི་སྒྲ་བཅས་ཐོས་ཀྱི་ཡོད། བུ་དེས་ཁོ་མོ་རང་ཉིད་ཀྱི་ཁྲིས་སུ་འཐེན་ནས་འོ་བྱེད་སྐབས་སུ། མ་རི་ཡྰ་ཡིས་ཐོག་མར་ཁོ་པའི་འཁྲིས་ནས་ཕར་གཡོལ་ཐབས་བྱེད་ཁུལ་བྱས། འོན་ཀྱང་། ཡུད་ཙམ་རྗེས་སུ་ཁོ་མོས་ཁོ་པས་རང་ཉིད་ལ་འོ་བརྒྱབ་པར་དང་ལེན་བྱས་པ་མ་ཟད། རང་ཉིད་ཀྱིས་གློག་བརྙན་ཁང་དང་། བརྙན་འཕྲིན། ཆགས་སྲེད་དུས་དེབ་སོགས་ཀྱི་ནང་སྐྱེ་བོ་ཚོས་འོ་ཇི་ལྟར་རྒྱག་གི་ཡོད་ལུགས་མཐོང་བ་ལྟར། ཁོ་མོས་རང་ཉིད་ཀྱི་ལྕེ་དེ་ཁོ་པའི་ལྕེ་ལ་ཚོར་ཤུགས་དྲག་པོས་རེགས་པ་དང་། འོ་སྦྱོར་སྐབས་རང་ཉིད་ཀྱི་མགོ་བོ་སྐབས་འགར་གཡས་དང་མཚམས་རེ་གཡོན་ཏུ་ཕྱོགས་པ། ཆགས་སྲིད་ཀྱི་མྱོས་པའི་འཁུན་སྒྲ་སྒྲོགས་པ་སོགས་བྱས་པ་རེད། སྐབས་དེར་ཁོ་མོས་བུ་དེའི་ལྕེ་དེ་མཚམས་རེ་རང་ཉིད་ཀྱི་སོ་ལ་རེགས་པ་ཚོར་བས། བྲོ་བ་ལྡན་པའི་ཚོར་བ་ཞིག་ཁོ་མོར་སྤྲད། འཁྲུག་ཆ་དོད་པའི་སྐབས་དེར། གློ་བུར་དུ་བུ་དེས་ཁོ་མོར་འོ་སྦྱོར་མཚམས་བཞག་སྟེ། “ཁྱེད་རང་བྱེད་འདོད་མི་འདུག་ཀས” བཅས་དྲིས་པར། ཁོ་མོས་ཡང་སྙིང་ཁོ་པར་ལན་ཅི་འདྲ་ཞིག་རྒྱག་དགོས་སྙམ་པ་རེད།དོན་དངོས་ཐོག། ཁོ་མོ་མཁྲེགས་པའི་བདེ་བར་སྤྱོད་པར་འདོད་དམ་ཟེར་ན། འདོད་པ་ཡོད་པ་བརྗོད་མི་དགོས་པ་ཞིག་རེད། འོན་ཀྱང་། ཁོ་མོའི་སེམས་སུ་བུད་མེད་ཤིག་གིས་སྤྱོད་ཚུལ་དེ་འདྲའི་ཐོག་ནས་རང་ཉིད་ཀྱི་མངོན་འདོད་གསལ་བར་བརྗོད་མི་ཉན་པ་དང་། ལྷག་པར་དུ། ཁོ་མོས་རང་ཉིད་ཀྱི་མ་འོངས་པའི་བཟའ་ཟླར་རེ་བ་བྱེད་པའི་བའི་བུ་དེའི་མདུན་དུ། ལམ་སེང་འཁྲིག་སྤྱོད་ཀྱི་བདེ་བར་རོལ་འདོད་ཡོད་ལུགས་བརྗོད་ཚེ། མ་འོངས་པར་ཁོ་པས་རང་ཉིད་བུ་མོ་མགོ་སླ་པོ་ཞིག་ལ་ངོས་འཛིན་གྱིས། ག་དུས་ཡིན་རུང་དོགས་གཞི་བྱེད་སྲིད་ལུགས་ཁོ་མོའི་ཡིད་ལ་དྲན་པ་རེད། དེར་བརྟེན། ཁོ་མོས་བུ་དེའི་དྲི་བར་ལན་འདེབས་གང་ཡང་བྱས་མེད། སྐབས་དེར་བུ་དེས་སླར་ཡང་ཁོ་མོར་འོ་བྱས་ཀྱང་། ད་རེས་ཀྱི་འོ་ནི་གོང་གི་འོ་དང་མི་འདྲ་བར།ཚོར་ཤུགས་དེ་ཙམ་མེད་པ་རེད། ཡུད་ཙམ་རྗེས་སུ་སླར་ཡང་ཁོ་པས་ཁོ་མོར་འོ་སྦྱོར་མཚམས་བཞག་པ་དང་། ཁོ་པའི་གདོང་པ་ངོ་ཚས་དམར་པོར་གྱུར་ཡོད། མ་རི་ཡྰ་ཡི་སེམས་སུ། ཅི་ཞིག་འགྲིག་མེད་པའི་ཚོར་སྣང་ཞིག་བྱུང་ཀྱང་། ཁོ་མོས་ཁོ་པར་ཡང་སྙིང་ག་རེ་འགྲིག་མིན་སྐད་ཆ་འདྲི་འཕོད་མེད་པ་རེད། དེ་རྗེས་ཁོ་མོས་ཁོ་པའི་ལག་པ་ནས་འཇུས་ཏེ། ཁོ་གཉིས་བར་གནད་དོན་གང་ཡང་ལྷག་མེད་པའི་ཟོལ་གྱིས། གནད་དོན་གཞན་གྱི་སྐོར་ལ་གླེང་མོལ་བྱེད་བཞིན་གྲོང་ཚོར་ཕྱིན་པ་རེད།

ཉིན་དེའི་མཚན་མོར། ཁོ་མོའི་སེམས་སུ། རང་ཉིད་ཀྱིས་ཉིན་དེབ་ནང་ག་རེ་བྲིས་པ་རྣམས་ཉིན་ཞིག་སྐྱེ་བོ་གཞན་ཞིག་གིས་ཀློག་ངེས་པ་དང་ དེ་ཉིན་རང་ཉིད་ལ་འཕྲད་པའིོ་དོན་རྐྱེན་དེ་གལ་ཆེན་ཞིག་ལ་རྩིས་ཏེ། ཁོ་མོས་གོ་རྟོགས་དཀའ་བའི་ཐ་སྙད་ཁག་པ་རྣམས་སྤྱད་དེ། རང་ཉིད་ཀྱི་ཉིན་ཐོའི་སྟེང་བྲིས་པ་གཤམ་གསལ།

ང་ཚོར་སྐྱེས་པ་ཞིག་འཕྲད་དེ། བརྩེ་དུང་གི་དྲ་བའི་ནང་ལྷུངས་སྐབས་སུ། འཇིག་རྟེན་ཧྲིལ་པོ་རང་ཉིད་ཀྱི་ཕྱོགས་སུ་ཡོད་པའི་ཚོར་སྣང་ཞིག་ཡོང་གི་ཡོད།  དེ་ལྟ་བུའི་ཚོར་སྣང་ཞིག་དེ་རིང་ཉི་མ་ཞུ་ཁར་ང་ལ་བྱུང་། འོན་ཀྱང་། གལ་སྲིད་ང་གཉིས་བར་མ་འགྲིག་པ་ཞིག་བྱུང་ཚེ། དེའི་མཇུག་
འབྲས་ནི་སྟོང་པ་རང་རེད། ཆུ་བྱ་མཐོང་རྒྱུ་མེད་ལ། རྒྱང་རིང་གི་རོལ་དབྱངས་ཐོས་རྒྱུ་མེད་པ། ཐ་ན། ཁོ་པའི་མཆུ་ཡི་བྲོ་བ་དེ་ཡང་མྱོང་རྒྱུ་མེད་པར་འགྱུར་ངེས་ཡིན། མཛེས་སྡུག་ལྡན་པའི་དོན་རྐྱེན་ཞིག་དུས་ཡུན་སྐར་མ་བཅུ་ཙམ་གོང་དུ་ཡོད་བཞིན་དུ། གློ་བུར་དུ་མེད་པ་འགྱུར་བ་དེ་ཇི་ལྟར་སྲིད་པ་ཞིག་རེད་དམ།  འཚོ་བ་ནི་མདུན་སྐྱོད་བྱེད་པར་ཧ་ཅང་གི་མགྱོགས། འཚོ་བས་ང་ཚོ་ཁྱུག་ཙམ་ཞིག་ལ། ལྷ་ཡུལ་ནས་དམྱལ་བར་སྐྱེལ་གྱི་ཡོད།

ཉིན་རྗེས་མ་དེར་ཁོ་མོས་གྲོགས་མོ་ཚོར། རང་ཉིད་དང་བུ་དེའི་སྐོར་བརྗོད་པ་རེད། ཁོ་ཚོ་ཚང་མས་ཁོ་མོ་རང་ཉིད་ཀྱི་མ་འོངས་པའི་”སློང་ཆང་གཏོང་ཡུལ་”གྱི་བུ་དེའི་མཉམ་དུ་ཕྱི་ལོགས་སུ་གོམ་པ་རྒྱབ་ནས་ཕྱིན་པ་མཐོང་ཡོད། མ་རི་ཡྰ་ཡིས་རང་ཉིད་ཀྱི་གྲོགས་མོ་ཚོར།འཚོ་བའི་ནང་རླབས་ཆེན་གྱི་བརྩེ་དུང་ཡོད་པ་ཙམ་གྱིས་མི་འགྲིག་པར། རང་ཉིད་ཇི་ཙམ་ཡིད་དབང་འཕྲོག་ཤུགས་ཆེ་བའི་མི་ཞིག་ཡིན་པ་དེ་ཡང་སྐྱེ་བོ་ཚོར་ངེས་པར་དུ་ཤེས་སུ་འཇུག་དགོས་ལུགས་བཤད་པར། མ་རི་ཡྰ་ཡི་གྲོགས་མོ་ཚོས་ཡང་སྙིང་བུ་དེ་དང་ཁོ་མོའི་བར་གནས་ཚུལ་ག་རེ་བྱུང་མིན་ཤེས་འདོད་སྐོམ་པ་ཆུ་འདོད་བཞིན་སྐྱེས་པས། ཁོ་མོས་འདོད་བློ་འཚིམས་པའི་ངང་ནས། རང་ཉིད་དང་བུ་དེ་འོ་བྱེད་པའི་རྒྱུད་རིམ་ཁྲོད། ཁོ་པའི་ལྕེ་རྩེ་རང་ཉིད་ཀྱི་སོ་ལ་སྦྱར་བ་དེ་ལེགས་ཤོས་བྱུང་ལུགས་བཤད་པར། དེར་ཡོད་བུ་མོའི་ཁྲོད་ནས་གཅིག་གིས་གད་མོ་ཤིག་བགད་རྗེས་ཁོ་མོར་” ཁྱེད་གཉིས་འོ་བྱེད་སྐབས། ཁྱེད་རང་གིས་ཁ་གདངས་མེད་པས་”བཅས་དྲིས་མ་ཐག་ཁོ་མོའི་སེམས་སུ། དེ་སྔོན་བུ་དེས་བཏང་བའི་དྲི་བ་དང་། ཁོ་པ་བློ་ཕམ་བྱུང་བའི་རྒྱབ་ལྗོངས་རྣམས་གློ་བུར་དུ་གསལ་པོ་ཆགས་པ་རེད།དེ་ནས་མ་རི་ཡྰ་་ཡིས་བུ་མོ་དེར་”ངས་ཁ་ག་རེ་བྱས་ནས་ཁ་གདངས་དགོས་པ་རེད་པས” བཅས་དྲིས་པར་བུ་མོ་དེས་”ཁོའི་ལྕེ་ཁྱོད་རང་གི་ཁའི་ནང་དུ་བླུགས་ཏུ་འཇུག་དགོས་པ་རེད”བཅས་བརྗོད་པར་མ་རི་ཡྰ་ཡིས་” དེ་ལ་ཁྱད་པར་ག་རེ་ཡོད་པ་རེད་པས”བཅས་བརྗོད་པར་བུ་མོ་དེས་”དེ་ནི་ང་ཚོས་འགྲེལ་བཤད་རྒྱག་ཐུབ་པའི་གནད་དོན་ཞིག་མ་རེད། དེ་ནི་མི་རྣམས་ཀྱི་འོ་སྦྱོར་སྟངས་ཤིག་རེད་”བཅས་བརྗོད་པ་རེད། སྐབས་དེར་དགའ་རོགས་སྒྲིག་མྱོང་མེད་པའི་བུ་མོ་དེ་ཚོས་གྱོད་དགོད་ཤོར་བ་དང་དང་། ཁོ་མོར་སྙིང་རྗེ་བྱེད་ཁུལ་བྱེད་པ།དེ་བཞིན་ཁོ་མོར་འཁོན་ལན་སློག་པ་ལྟ་བུའི་རྒྱལ་ཁའི་ཚོར་བ་ཡང་ཁོ་ཚོར་བྱུང་ཡོད། མ་རི་ཡྰ་ཡིས་རང་ཉིད་ཀྱིས་འོ་རྒྱག་སྟངས་མ་ཤེས་པ་
དེར་དོ་ཁུར་དེ་ཙམ་མེད་པའི་ཁུལ་བྱས་ཏེ། ཁོ་མོའི་ཡིད་སེམས་སྐྱོ་གར་གྱི་གནས་སུལ་ལྷུངས་ཡང་བུ་མོ་དེ་དག་གི་མཉམ་དུ་དགད་མོ་དགོད་ཁུལ་བྱས་པ་རེད། ཁོ་མོས་དེ་སྔོན་བུ་ལ་འོ་བྱེད་སྐབས་མིག་ཟུང་བཙུམ་པ་དང་། རང་ཉིད་ཀྱི་ལག་པ་བུའི་མགོ་སྟེང་དུ་འཇོག་པ། མགོ་བོ་ག་ལེར་
གཡས་གཡོན་ཏུ་ཕྱོགས་ལུགས་སོགས་ཀྱི་སྐོར་སྦྱོང་ཡུལ་གྱི་གློག་བརྙན་དེར་ཁོ་མོས་སེམས་གཏིང་ནས་འཁང་ར་བྱས་པ་རེད། གང་ཡིན་ཟེར་ན། གློག་བརྙན་དེས་ཁོ་མོར་འོ་བྱེད་སྐབས་ཀྱི་ཆེས་གལ་ཆེའི་གནད་དོན་དེ་བསྟན་མེད་པ་རེད།  སྐབས་དེར་ཁོ་མོས་གནད་དོན་དེ་དང་འབྲེལ་བའི་ཐད་རང་
ཉིད་ཀྱིས་རང་ལ་སེམས་གསོ་གཏོང་ཁུལ་བྱས་པ་རེད། (ཁོ་མོས་རང་ཉིད་ལ་སེམས་གསོ་གཏོང་ལུགས་ནི་འདི་ལྟར་སྟེ།དེ་སྔོན་ཁོ་མོས་བུ་དེར་འོ་རྒྱག་སྐབས། ཁོ་མོ་རང་ཉིད་བུ་དེར་མཐའ་གཅིག་ཏུ་དགའ་བའི་ངེས་གཏན་མེད་སྟབས། ལམ་སེང་ཁོ་པའི་འདོད་མོས་ལྟར་བྱས་མེད་ལུགས་དང་། ད་ལྟའི་ཆར་བུ་དེ་རང་ཉིད་ཀྱི་ཚེ་གང་གཏན་གྲོགས་སུ་བསྟེན་རྒྱུར་ཁོ་མོར་ངེས་ཤེས་ཐུབ་སྟབས། ཁོ་མོས་བུ་དེ་དང་བདེ་བའི་ལོངས་སྤྱོད་བྱ་རྒྱུར་གོ་སྐབས་རྗེས་མ་དེ་སྒུག་རྒྱུ་དེ་རེད།)

འོན་ཀྱང་ཁོ་མོར་བུ་དེ་ཉིན་གསུམ་ཙམ་རིང་ཐུག་མེད་པ་དང་། ཉིན་གསུམ་གྱི་རྗེས་སུ། གྲོང་ཚོའི་མཚན་ཚོགས་ཁང་གི་ནང་། བུ་དེས་ཁོ་མོའི་གྲོགས་མོ་སྟེ། དེ་སྔོན་ཁོ་མོར་འོ་རྒྱག་ཕྱོགས་སྐོར་ལ་སྐད་ཆ་དྲི་མཁན་གྱི་བུ་མོ་དེའི་ལག་པ་ནས་བཟུང་ཡོད་པ་མ་རི་ཡྰ་ཡིས་མཐོང་པ་རེད། སྐབས་དེར་མ་རི་ཡྰ་ཡིས་ཁོ་
གཉིས་ཀྱི་བྱ་སྤྱོད་དེར་སྣང་མེད་དུ་བཞག་ཁུལ་བྱས་ཏེ། མཚན་མཇུག་བར་རང་ཉིད་ཀྱི་གྲོགས་མོ་རྣམས་ལ། གློག་བརྙན་འཁྲབ་མཁན་དང་། གྲོང་ཚོའི་བུ་རྣམས་ཀྱི་སྐོར་ལ་གླེང་མོལ་བྱེད་པ་དང་། ཁོ་མོའི་གྲོགས་མོ་རྣམས་ཀྱིས་ཁོ་མོར་སྙིང་རྗེའི་མིག་ཟུང་འཕེན་པ་སོགས་ལ་སྣང་མེད་སྐྱུར་འཇོག་བྱས་ཏེ། དེ་ཉིན་གྱི་མཚན་ཚོགས་དེ་འཁྱོལ་ཐབས་བྱས་པ་རེད།

འོན་ཀྱང་། ཁོ་མོ་རང་ཁྱིམ་དུ་འབྱོར་རྗེས། ཁོ་མོས་རང་ཉིད་ཀྱི་འཇིག་རྟེན་དུམ་བུར་གྱུར་བའི་ཚོར་སྣང་དེ་མྱངས་པ་རེད། ཁོ་མོས་དེ་ཉིན་མཚན་མཇུག་བར་ངུས་པ་མ་ཟད། དུས་ཡུན་ཟླ་ངོ་བརྒྱད་ཙམ་རིང་བརྩེ་དུང་གི་མནར་གཅོད་དེ་མྱངས་པ་རེད། སྐབས་དེར་ཁོ་མོའི་སེམས་སུ། བརྩེ་དུང་ནི་ཁོ་མོར་བདག་གི་མེད་ཅིང་། ཁོ་མོར་བརྩེ་དུང་དང་ལས་འབྲེལ་མེད་པའི་བསྡོམས་ཚིག་དེ་བཞག་པ་རེད། དེར་བརྟེན། མོ་མོས་ཨ་ནེ་བྱས་ཏེ། རང་ཉིད་ཀྱི་མི་ཚེ་བསྡུག་བསྔལ་མྱོང་དགོས་མེད་ཅིང་། སེམས་ལ་རྨ་ཁ་མི་བཟོ་བའི་བརྩེ་བ་སྟེ། ཡེ་ཤུའི་སྟོན་པའི་ཆེད་དུ་བརྩེ་སེམས་འབུལ་རྒྱུའི་བསམ་བློ་འཁོར་བ་རེད། སློབ་གྲའི་ནང་ཁོ་མོས་ཨ་ཧྥི་རི་ཁར་ཕེབས་པའི་ཡེ་ཤུའི་ཆོས་སྤེལ་མཁན་ཚོའི་སྐོར་ཐོས་མྱོང་ཡོད་པས། ཁོ་མོར་རང་ཉིད་སྐྱོ་སྣང་ལྡན་་པའི་མི་ཚེ་དེ་ལས་བྲོས་སའི་ལམ་བུ་ཞིག་བརྙེད་པ་རེད།  དེ་ཡང་ཁོ་མོས་ཡེ་ཤུའི་ཨ་ནེའི་དགོན་པར་འཛུལ་ཞུགས་བྱ་རྒྱུའི་གྲ་སྒྲིག་བྱས་པ་དང་། འཕྲལ་སེལ་སྨན་བཅོས་བྱེད་ཐབས་སྐོར་ལ་སློབ་སྦྱོང་ཡང་བྱས་པ་རེད། ( ཁོ་མོའི་དགེ་རྒན་རྣམས་ཀྱི་གསུང་འགྲོས་ལ་གཞིགས་ཚེ། ཨ་ཧྤི་རི་ཀའི་ནང་སྐྱེ་བོ་མང་པོ་རྐྱེན་འདས་སུ་གྱུར་གྱི་ཡོད་པ་རེད།) དེ་བཞིན་དུ་ཁོ་མོས་འཛིན་གྲའི་ནང་ཆོས་ལུགས་སློབ་སྦྱོང་ལ་སྔར་བས་འབད་བརྩོན་ཆེ་བར་སྦྱང་བརྩོན་བྱས་པ་དང་། སྐྱེ་བོ་མང་པོའི་ཚེ་སྲོག་སྐྱོབ་མཁན་གྱི་དེང་དུས་ཀྱི་སྐྱེ་བོ་དམ་པ་ཞིག་བྱེད་རྒྱུའི་འདུན་པ་བཅང་འགོ་བརྩམས།

འོན་ཀྱང་། ཁོ་མོ་རང་ལོ་བཅོ་ལྔར་སོན་པའི་ལོ་དེར། ཁོ་མོས་སྐྱེས་པར་འོ་བྱེད་སྐབས། རང་ཉིད་ཀྱི་ཁ་གདངས་དགོས་པ་དང་། ཕོ་མོའི་བརྩེ་དུང་ནི་བསྡུག་བསྔལ་གྱི་རྒྱུ་ཞིག་ཡིན་པ་གསལ་རྟོགས་ཐུབ་པ་རེད། དེ་ཙམ་དུ་མ་ཟད། ཁོ་མོས་ད་དུང་གནད་དོན་གསུམ་པ་ཞིག་གསལ་རྟོགས་ཐུབ་ཡོད་པ་ནི། རང་ཉིད་ཀྱི་མོ་མཚན་ཕུར་ནས་འཁྲིག་པའི་བདེ་བར་རོལ་ཐབས་དེ་རེད། འཁྲིག་ཐབས་དེ་ནི་ཁོ་མོས་སྟེས་དབང་གིས་ཐོག་ནས་ཤེས་རྟོགས་ཐུབ་ཡོད། དེ་ཡང་། དེ་སྔོན་ཁོ་མོས་ཁྱིམ་དུ་ཨ་མ་ལགས་སྒུག་ནས་སྡོད་པའི་སྐབས་སུ། ཁོ་མོས་རང་ཉིད་ཀྱིམོ་མཚན་ཕུར་བཞིན་བསྡད་པ་རེད། ཁོ་མོས་མཚན་མ་ཕུར་བའི་བྱ་སྤྱོད་དེ་ནི། རང་ཉིད་བྱིས་པ་ཡིན་དུས་ཉམས་སུ་མྱངས་མྱོང་ཡོད་པ་དང་། ཁོ་མོ་རང་ཉིད་ཀྱི་མཚན་མ་ཕུར་བའི་བདེ་བ་དེར་དགའ་པོ་ཡོང་གི་ཡོད་པ་རེད། འོན་ཀྱང་། ཉིན་ཞིག་ཁོ་མོའི་བྱ་སྤྱོད་དེ་པ་ལགས་ཀྱིས་གཟིགས་པས། ཁོང་གིས་ཁོ་མོར་རྒྱུ་མཚན་ཅི་ཡིན་གྱི་འགྲེལ་བཤད་གང་ཡང་མ་སྐྱོན་པར།འགྲམ་ལྕག་ཚ་པོ་ཞིག་སྐྱོན་པ་རེད།  དུས་དེ་ནས་བཟུང་། ཁོ་མོས་རང་ཉིད་ལ་དེ་ལྟ་བུའི་འགྲམ་ལྕག་ཚ་པོ་ཞུས་པ་དེ་བརྗེད་མྱོང་མེད་ལ། མི་གཞན་གྱི་མདུན་དུ། རང་ཉིད་ཀྱི་མཚན་མར་ཕུར་བའི་བྱ་བ་དེ་རིགས་ལ་ཞུགས་རྒྱུ་མེད་པའི་གནས་ལུགས་དེ་རྟོགས་པ་རེད།དེར་བརྟེན། ཁོ་མོས་བྱ་སྤྱོད་དེ་རིགས་སྲང་ལམ་ཁྲོད་དུ་བྱེད་ཉན་གྱི་མེད་ལ། རང་ཁྱིམ་དུ་ཁོ་མོར་རང་བདག་གི་ཉལ་ཁང་ཡང་མེད་སྟབས།ཁོ་མོས་རང་ཉིད་ཀྱི་མཚན་མ་ཕུར་བ་ལས་བྱུང་བའི་ཚོར་བ་བདེ་བ་དེ་ཅི་འདྲ་ཞིག་ཡོད་མིན་ཡོངས་སུ་བརྗེད་པ་རེད།

དེ་ཉིན་གྱི་ཉིན་དགུང་གི་བར་དེར། ཁོ་མོས་བུ་ཞིག་ལ་འོ་བྱས་ནས།ཧ་ལམ་དུས་ཡུན་ཟླ་ངོ་དྲུག་ཙམ་ཕྱིན་པ་རེད། མ་རི་ཡྰ་ཡི་ཨ་མ་ལགས་རྒྱུན་དུ་ཁྱིམ་ལ་ཕྱི་པོར་ལོག་ཕེབས་ཀྱི་ཡོད་པ་དང་། དེའི་རིང་ཁོ་མོ་རང་ཉིད་ལ་དེ་མིན་བྱ་རྒྱུ་གང་ཡང་མེད་པ། ཁོ་མོའི་པ་ལགས་གྲོགས་པོ་ཞིག་གི་མཉམ་དུ་ཕྱི་ལོགས་སུ་ཕེབས་ཟིན་པ་དང་། བརྙན་འཕྲིན་ནང་དང་བ་འདྲེན་པའི་ལྟད་མོ་བལྟ་རྒྱུ་མེད་པ་སོགས་ལ་བརྟེན།  ཁོ་མོས་རང་ཉིད་ཀྱི་མཚན་མའི་སྟེང་བེད་མེད་ཀྱི་སྤུ་འགའ་བརྙེད་ན་ལྐོག་དགོས་བསམས་ཏེ། ཁོ་མོས་རང་ཉིད་ཀྱི་མཚན་མར་རྟོགས་ཞིབ་བྱས་པ་རེད།ཁོ་མོ་ཡ་མཚན་སྐྱེ་དགོས་པ་ཞིག་ལ།རང་ཉིད་ཀྱི་མོ་མཚན་སྟེང་སྨེ་བ་ལྟ་བུའི་ཤ་རྡོག་ཆུང་ཆུང་ཞིག་ཡོད་པ་དོ་སྣང་བྱུང་སྟེ། ཁོ་མོས་དེར་ལག་པ་འཆང་སྟེ་ཕུར་བས། ཁོ་མོར་བདེ་བའི་ཚོར་བ་ཆེན་པོ་ཞིག་སྦྱིནཏེ། ཁོ་མོའི་གཟུགས་པོ་ཡོངས་དང་། ལྷག་པར་དུ། ཁོ་མོའི་ལག་པས་ཕུར་ཡུལ་གྱི་མཚན་མའི་ཤ་ཆས་རྣམས་ཧྲེང་པར་གྱུར།  དེ་ནས་ཡུད་ཙམ་རྗེས་སུ་ཁོ་མོ་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུ་ཞིག་དུ་བསླེབས་འགོ་ཚུགས་སྟེ། བདེ་བའི་ཚོར་བ་ཇེ་ཆེར་གྱུར་བ་དང་། མཐར་ཁོ་མོའི་མིག་ཟུང་གིས་བྱ་དངོས་གསལ་པོ་མི་མཐོང་བ་དང་། རྣ་བས་སྒྲ་མདངས་གསལ་པོ་མི་ཐོས་པ།མིག་མདུན་གྱི་བྱ་དངོས་རྣམས་གསེར་མདོག་གི་རྣམ་པར་འགྱུར་བ་ལྟར་སྣང་བས་ཁོ་མོས་བདེ་བའི་འཁུན་སྒྲ་སྦྱིན་པ་དང་བསྒྲགས། ཁོ་མོར་ཆེས་ཐོག་མའི་འཁྲིག་སྤྱོད་ཀྱི་ཚོར་བ་མཐར་ཐུག་དེ་ཉམས་སུ་མྱོངས་རྒྱུ་བྱུང་། འཁྲིག་སྤྱོད་ཀྱི་ཚོར་བ་མཐར་ཐུག་དེ་ནི་ཁོ་མོའི་ངོས་ནས་བརྗོད་ན། ཐོག་མར་ལྷ་ཡུལ་ལ་ག་ལེར་བསྐྱོད་པ་དང་། དེ་ནས་རིམ་པས་ག་ལེར་མི་ཡུལ་དུ་སླར་ཡང་འབྱོར་བ་ལྟར་བུའི་ཚོར་བ་བྱུང་ཡོད། སྐབས་དེར་ཁོ་མོའི་གཟུགས་པོ་ཡོངས་རྔུལ་ཆུས་བརླན་པ་རེད། འོན་ཀྱང་། ཁོ་མོའི་སེམས་སུ་འདོད་བློ་འཁེངས་པ་དང་ལུས་ཕུང་ནུས་ཤུགས་ཀྱིས་འཁེངས་པའི་ཚོར་བ་ཞིག་བྱུང་ཡོད།  དེ་ནི་འཁྲིག་སྤྱོད་ཟེར་བ་དེ་ཡིན་ལ། ངོ་མཚར་ལྡན་པ་ཞིག་ཅིས་ཀྱང་མིན། ཁོ་མོས་ལོངས་སུ་སྤྱད་པའི་འཁྲེག་ཐབས་དེ་ནི། སྐྱེ་བོ་ཚོས་ཆགས་སྲེད་ཀྱི་དུས་དེབ་སྟེང་གླེང་བའི་བདེ་བའི་ཚོར་བ་ཟེར་ཡང་། དོན་དུ། ནད་ཟུག་གིས་གཙེས་པ་དེ་དང་མི་འདྲ་བར། ངོ་མཚར་ཅན་གྱི་བདེ་བ་ཞིག་ཡིན། ཁོ་མོས་སྤྱད་པའི་འཁྲེག་ཐབས་དེར། བུད་མེད་ཀྱི་གཟུགས་པོ་དགོས་ཅིང་། བུད་མེད་ཀྱི་སེམས་ཚོར་ལ་སེམས་ཁུར་བྱེད་མི་དགོས་པའི་སྐྱེས་པ་ཞིག་དགོས་ཀྱི་མེད་པར། ཁོ་མོ་རང་ངོས་ནས་འཁྲིག་པའི་བདེ་བར་ལོངས་སུ་སྤྱད་ཐུབ་ཀྱི་ཡོད།  དེ་རྗེས་ཁོ་མོས་སླར་ཡང་འཁྲིག་སྤྱོད་དེར་ཞུགས་པ་དང་། སྐབས་དེར་ཁོ་མོས་རང་ཉིད་ཀྱི་མཚན་མར་འཆང་མཁན་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་མཁན་གྱི་སྐྱེས་པ་ཞིག་ལ་དམིགས་པ་གཏད་ཏེ་ཕུར་བས། ཡང་སྐྱར་ཁོ་མོས་སྟེང་ལྷ་ཡུལ་དུ་བསྐྱོད་པ་དང་། དེ་ནས་རིམ་བཞིན་མི་ཡུལ་དུ་བབ་པའི་ཚོར་བ་དེར་ལོངས་སུ་སྤྱད་པ་རེད། སྐབས་དེར་ཁོ་མོར་སྔར་བས་ནུས་ཤུགས་ཆེ་བའི་ཚོར་སྣང་ཞིག་བྱུང་ཡོད། དེ་རྗེས་རིམ་པས་ཁོ་མོས་འཁྲིག་པའི་བདེ་བ་དར་ཐེངས་གསུམ་པར་ལོངས་སུ་སྤྱོད་པར་བརྩམས་པའི་སྐབས། ཁོ་མོའི་ཨ་མ་ལགས་ཁྱིམ་དུ་ལོག་ཕེབས་པ་རེད།

མ་རི་ཡྰ་ཡིས་རང་ཉིད་ཀྱི་གསར་བརྙེད་འཁྲིག་ཐབས་དེའི་སྐོར་གྲོགས་མོ་རྣམས་ལ་བཤད་པ་རེད། འོན་ཀྱང་།ཁོ་མོས་གནད་དོན་དེ་ནི་དུས་ཡུན་ཆུ་ཚོད་འགའི་གོང་ཙམ་ལ་གསར་བརྙེད་བྱུང་ལུགས་བརྗོད་མེད། ཁོ་མོས་གནས་ཚུལ་དེ་རང་ཉིད་ཀྱི་གྲོགས་མོ་ཚོར་ཤོད་སྐབས།གྲོགས་མོ་གཉིས་ཙམ་མ་གཏོགས། དེ་མིན་གཞན་པ་ཚོས། ཁོ་མོས་ཡང་སྙིང་ཅི་ཞིག་གི་སྐོར་ཤོད་ཀྱི་ཡོད་པ་གསལ་རྟོགས་ཐུབ་ཡོད། འོན་ཀྱང་། བུ་མོ་དེ་དག་སུ་གཅིག་གིས་ཀྱང་། གནད་དོན་དེའི་སྐོར་དེ་སྔོན་གླེང་ཕོད་མེད་པ་རེད། དེར་བརྟེན། མ་རི་ཡྰ་ཡི་སེམས་སུ་རང་ཉིད་ནི།བུ་མོ་དེ་དག་ལ་སོ་སོའི་དགའ་ཕྱོགས་ཀྱི་ལག་པས་མོ་མཚན་ཕུར་བའི་འཁྲིག་ཐབས་གང་ཡིན་སྐད་ཆ་འདྲི་རྒྱུའི་ཆོ་མེད་ཀྱི་“གསང་བ་ཁས་ལེན” བྱེད་པའི་ལུགས་སྲོལ་གསར་གཏོད་བྱེད་མཁན་གྱི་གསར་རྗེ་བ་ཞིག་དང་། བུ་མོ་དེ་དག་གི་དབུ་འཁྲིད་ཞིག་ཡིན་པའི་ཚོར་སྣང་ཞིག་ཁོ་མོར་བྱུང་པ་རེད། དེ་བཞིན་དུ་ཁོ་མོས་ཚ་གདུགས་ཆེ་བའི་དབྱར་དུས་སུ།ཡོལ་བའི་འོག་ཏུ་ཉལ་སྟེ་(  གང་ཡིན་ཟེར་ན། ཁོ་མོའི་གྲོགས་མོ་ཞིག་གིས། རྔུལ་ཆུ་མང་བ་དོན་ཚེ། བདེ་བ་ཆེ་བ་ཡོད་ལུགས་བརྗོད་ཡོད།) ངང་པའི་བྱ་སྒྲོ་ཞིག་གིས་རང་ཉིད་ཀྱི་མཚན་མར་བྱིལ་བའམ་ཕུར་བ།(ཁོ་མོས་ཆགས་སྲེད་དེ་དག་སྤྱོད་ཡུལ་གྱི་ས་ཆའི་མིང་དེ་ད་དུང་ཤེས་ཀྱི་མེད།) ཡང་ན། བུ་ཞིག་ལ་བྱ་སྤྲོ་དེས་མཚན་མར་བྱིལ་བྱིལ་བྱེད་དུ་འཇུག་པ། (ཁོ་མོས་བུ་ཞིག་གི་དགོས་པ་དེ་ཙམ་མཐོང་མེད།) དེ་མིན། མཚན་མ་སོགས་འཁྲུ་བྱེད་ཀྱི་ཟེག་འཐོར་བེད་སྤྱོད་བྱེད་པ། (ཁོ་མོའི་ཁྱིམ་དུ་ཟེག་འཐོར་མེད་པ་རེད། འོན་ཀྱང་། ཁོ་མོས་རང་ཉིད་ཅུང་འབྱོར་བ་བཟང་བའི་གྲོགས་མོ་ཞིག་གི་ཁྱིམ་དུ་སྐྱོད་སྐབས་ཚོད་བལྟ་བྱེད་དགོས་སྙམ་ཡོད།) ལ་སོགས་པའི་འཁྲིག་པའི་སྒྱུ་རྩལ་གྱི་ཐབས་ལམ་སྣ་ཚོགས་ཤེས་ཡོད།

གང་ལྟར། ཁོ་མོར་ལག་པས་མོ་མཚན་ཕུར་སྟེ་འཁྲིག་པའི་བདེ་བར་སྤྱོད་པའི་ཐབས་ལམ་གསར་བརྙེད་བྱུང་བ་དང་། རང་ཉིད་ཀྱི་གྲོགས་མོས་བསླབས་པའི་འཁྲིག་ཐབས་འགའ་ལ་ལོངས་སུ་སྤྱད་རྗེས། ཁོ་མོས་ཆོས་ཕྱོགས་ཀྱི་འཚོ་བར་རོལ་རྒྱུའི་དེ་སྔོན་གྱི་འདུན་པ་དེ་རྩ་བ་ནས་བསྐྱུར་བ་རེད། ལག་པས་མོ་མཚན་ཕུར་ནས་འཁྲིག་ཐབས་ལ་རོལ་བ་དེས། ཁོ་མོར་བདེ་བ་ཆེན་པོ་ཞིག་སྦྱིན་ཡོད་ཀྱང་། ཡེ་ཤུའི་ཆོས་ལུགས་ཀྱིས། འཁྲིག་སྤྱོད་ནི་སྡིག་པ་ཆེ་ཤོས་ཤིག་ཡིན་པར་གོ་བརྡ་སྤྲོད་ཀྱི་ཡོད། ཁོ་མོས་རང་ཉིད་ཀྱི་གྲོགས་མོའི་ཁྲོད་ནས། ལག་པས་མོ་མཚན་ཕུར་ནས་འཁྲིག་པའི་བདེ་བར་རོལ་ཚེ། མཚན་མར་ཤ་རྟགས་མཐོན་ལུགས་དང་། སྨྱོན་པ་ཆགས་པ། ཐ་ན་སྦྲུམའང་ཆགས་སྲིད་པའི་གཏམ་རྒྱུད་སྣ་ཚོགས་ཐོས་མིན་ལ་མ་ལྟོས་པར། ཁོ་མོས་རང་ཉིད་ཀྱི་པ་ལགས་རེས་གཟའ་ལྷག་པའི་ཉིན་ཕྱི་ལོགས་སུ་གྲོགས་པོའི་མཉམ་དུ་ཏག་སེ་རྩེད་བར་ཕེབས་ཀྱི་ཡོད་པའི་གོ་སྐབས་དང་བསྟུན། རེས་གཟའ་ལྷག་པ་ནམ་ཡིན་ལ། ཁོ་མོས་བདུན་ཕྲག་རེེར་འཁྲིག་ཐབས་དེར་ཐེངས་གཅིག་རེ་མུ་མཐུད་ནས་རོལ་གྱི་ཡོད།

དེ་དང་དུས་མཚུངས་སུ།ཁོ་མོའི་སེམས་སུ།རང་ཉིད་ཀྱིས་སྐྱེས་པ་ཚོར་དགའ་རོགས་ཀྱི་འབྲེལ་ལམ་བཙུགས་པ་རྣམས་དེ་ཙམ་བརྟན་པོ་མེད་པའི་ཚོར་སྣང་ཇེ་ཆེར་ཕྱིན་པས། ཁོ་མོ་རང་ཉིད་འཚོ་ཡུལ་གྱི་གྲོང་ཚོ་དེ་ནས་མཐོན་ནས་འགྲོ་རྒྱུའི་འདུན་པ་ཇེ་ཆེར་ཕྱིན་པ་རེད། ཁོ་མོས་དགའ་རོགས་ཐེངས་མ་གསུམ་པ་དང་བཞི་བ་སོགས་རིམ་བཞིན་བསྒྲིགས་མྱོང་ཡོད་ལ། བུ་རྣམས་ལ་འོ་ཇི་ལྟར་རྒྱག་དགོས་མིན་ཡང་ཤེས་རྟོགས་ཐུབ་ཡོད ཁོ་མོ་རང་ཉིད་ཀྱི་དགའ་རོགས་མཉམ་དུ་ཡོད་པའི་སྐབས་སུ། དགའ་རོགས་ཀྱི་གཟུགས་པོའི་ཆ་ཤས་ལ་ལག་པས་འཆང་མྱོང་ལ། དགའ་རོགས་དེ་དག་ལའང་། རང་ཉིད་ཀྱི་གཟུགས་པོའི་ཆ་ཤས་ལ་འཆང་རུ་བཅུགས་མྱོང་ཡོད། འོན་ཀྱང་། ཁོ་མོའི་ཕོ་མོའི་འབྲེལ་བའི་གནད་དོན་དེར་ག་དུས་ཡིན་རུང་བར་ཆད་ཞིག་ཡོང་གི་ཡོད། བར་ཆད་དེ་ཡང་། ཁོ་མོས་རང་ཉིད་ཀྱི་དགའ་རོགས་དེའི་མཉམ་དུ་མ་འོངས་པའི་མི་ཚེ་མ་སྐྱེལ་རྒྱུའི་སེམས་ཐག་ཆོད་པའི་སྐབས་དེ་གར་བར་ཆད་དེ་ཡོང་གི་ཡོད། མཐར་དུས་ཡུན་རིང་པོ་ཞིག་བསམ་གཞིགས་བྱས་རྗེས། ཁོ་མོའི་སེམས་སུ། སྐྱེས་པ་ཚོས་རང་ཉིད་ལ་ཟུག་ཟེར་དང་། ཁོང་ཁྲོ་བརླངས་པ། བསྡུག་བསྔལ་སྤྲོད་པ། དུས་ཚོད་ཆུད་ཟོས་སུ་གཏོང་གི་ཡོད་པའི་མཐའ་བསྡོམས་དེ་རྒྱབ་པ་རེད། ཉིན་ཞིག་གི་ཉིན་དགུང་དུས་སུ། ཁོ་མོས་ཨ་མ་ཞིག་གི་རང་ལོ་གཉིས་ལ་སོན་པའི་བུ་ཞིག་ལ་རྩེད་མོ་རྩེད་བཞིན་ཡོད་པ་དེར་བལྟ་བའི་སྐབས་ཁོ་མོའི་སེམས་སུ། རང་ཉིད་ཀྱི་འཚོ་བའི་ནང་། བཟའ་ཟླ་ཞིག་དང་། ཕྲུག་གུ། དེ་བཞིན་རྒྱ་མཚོའི་ཁྲ་སྤྲོད་དུ་གནས་པའི་ཁང་བཟང་ཞིག་གི་ནང་འཚོ་བར་རོལ་རྒྱུའི་ཕུགས་བསམ་དེ་མུ་མཐུད་ནས་བཅང་རྒྱུའི་ཐག་བཅད་པ་རེད།འོན་ཀྱང་། བརྩེ་དུང་གིས་ཡོད་ཚད་ཆུད་ཟོས་སུ་གཏོང་གི་ཡོད་སྟབས། ཁོ་མོས་ནམ་ཡང་བརྩེ་དུང་གི་དྲ་བའི་ནང་མི་ཚུད་པ་བྱ་རྒྱུའི་ཐག་བཅད་པ་རེད།

མུ་འགོད།

འགྱུར་རྩོམ།

Post navigation

Previous Post: རཀ་རའི་སྤྲིན་གྱི་ཕོ་ཉའི་འགྲེལ་བ་གློག་ཕྲེངམའི་ཁ་སྐོང་།


Next Post: སྒྲོལ་མ་མཚོ་བཙོན་གྲོལ་ཐོབ་པ།

Comment (1) on “དུས་ཡུན་སྐར་མ་བཅུ་གཅིག”

  1. ཀརྡོ་རབ་འབྱམས་པ་ says:
    2016-12-04 at 11:35 am

    ་་་་་་་ འོན་ཀྱང་། ཁོ་མོ་རང་ལོ་བཅོ་ལྔར་སོན་པའི་ལོ་དེར། ཁོ་མོས་སྐྱེས་པར་འོ་བྱེད་སྐབས། རང་ཉིད་ཀྱི་ཁ་གདངས་དགོས་པ་དང་། ཕོ་མོའི་བརྩེ་དུང་ནི་བསྡུག་བསྔལ་གྱི་རྒྱུ་ཞིག་ཡིན་པ་གསལ་རྟོགས་ཐུབ་པ་རེད། དེ་ཙམ་དུ་མ་ཟད། ་་་་་་
    ཡང་།
    ་་་་་་་་ དེ་རྗེས་ཁོ་མོས་སླར་ཡང་འཁྲིག་སྤྱོད་དེར་ཞུགས་པ་དང་། སྐབས་དེར་ཁོ་མོས་རང་ཉིད་ཀྱི་མཚན་མར་འཆང་མཁན་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་མཁན་གྱི་སྐྱེས་པ་ཞིག་ལ་དམིགས་པ་གཏད་ཏེ་ཕུར་བས། ཡང་སྐྱར་ཁོ་མོས་སྟེང་ལྷ་ཡུལ་དུ་བསྐྱོད་པ་དང་། དེ་ནས་རིམ་བཞིན་མི་ཡུལ་དུ་བབ་པའི་ཚོར་བ་དེར་ལོངས་སུ་སྤྱད་པ་རེད། ་་་་་་ ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme