Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསེར་ཐང་གི་མ་ཡིག་ལས་འཕྲོས་པའི་དོགས་དཔྱོད་ཅིག

Posted on 2016-11-302016-12-01 By དགེ་རབ་ 62 Comments on གསེར་ཐང་གི་མ་ཡིག་ལས་འཕྲོས་པའི་དོགས་དཔྱོད་ཅིག

དགེ་འདུན་རབ་གསལ།

ཕྲན་གྱིས་མཇལ་བའི་དགེ་འདུན་ཆོས་འཕེལ་གྱི་བསྟན་བཅོས་ཕྱག་བསྟར་མ་རྣམས་ནི། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ ༢༠༠༩ ལོར་པར་བཏབ་པའི་“མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་བཞུགས་སོ་”ཞེས་པའི་མཚན་ཅན་དེར་བཀོད་པའི་ “ལེགས་སྦྱར་བང་མཛོད་”ཀྱི་ཕྱག་བྲིས་ངོ་མ་དང་། དེ་བཞིན་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གིས་ ༢༠༡༣ ལོར་པར་སྐྲུན་བྱས་པའི་ “བོད་ཀྱི་དེང་རབས་རི་མོ་བ་ཐོག་མ་དགེ་འདུན་ཆོས་འཕེལ། [Gendun Chopel: Tibet’s First Modern Artist]” ཞེས་པར་འཁོད་པའི་བར་འཇུག་རི་མོའི་ཁྲོད་ནས་མཇལ་བའི་ “དཔལ་ལེགས་ལྡན་ནག་པོའི་གླུ་” ཞེས་པ་དང་། “དེབ་ཐེར་དཀར་པོ་”ཡི་ཤོག་ངོས་གཅིག ད་དུང་གཏམ་རྒྱུད་གསེར་ཐང་གི་བར་འཇུག་རི་མོའི་ཆེད་དུ་བྲིས་ཟེར་བའི་ཆུ་ཚོན་རི་མོ་ ༢༧ (དེ་དག་ཨ་མདོ་ནས་ཨ་ཅེ་པད་མ་བྱམས་ཀྱིས་བདག་ཉར་གནང་བ་)། ཡང་འཇར་མན་པ་ Gustav Roth ཡིས་བཙལ་རྙེད་བྱུང་བའི་སྐྱ་རིས་རི་མོ་ ༣༢ ། དེ་བཞིན་འབྲི་དེབ་ཅིག་དང་བཅས་པ་རྣམས་དང་། ཡང་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་དུ་འཁོད་པའི་ཕྱག་བྲིས་སྐོར་ཞིག་བཅས་རེད། (ད་དུང་འདིར་མ་བཀོད་མོད་མ་ཡིག་ཕྱག་བསྟར་མ་ཡོད་པའི་བསྟན་བཅོས་ཡོད་ན་གཤམ་མཆན་དུ་འགོད་རྒྱུ་མི་བསྙེལ་བར་མཛོད།)

matale_aluviharaya
སིངྒ་ལ་བྱེ་མ་ཅན་གྱི་དགོན་པ།

༢༠༡༤ ལོར་པར་དུ་བཏབ་པའི་ གཏམ་རྒྱུད་གསེར་ཐང་གི་ཨིན་འགྱུར་“Grains of Gold: Tales of a Cosmopolitan Traveler” ཞེས་པའི་ངོ་སྤྲོད་ཀྱི་ནང་དུ་གསེར་ཐང་གི་ལེའུ་རེ་རེའི་བརྗོད་བྱ་སྙིང་བསྡུས་དང་། ལོ་རྒྱུས་ཀྱི་ཡིག་ཁུངས་སོགས་ལ་དཔྱད་ཞིབ་མཛད་འདུག་པ་ནི་ངེས་པར་དུ་ང་ཚོས་ཐུགས་སྣང་གནང་གལ་ཆེ་བར་མཐོང་མོད། རེ་ཞིག་དེ་དག་ཞུ་རྒྱུ་མིན། འོན་ཀྱང་གསེར་ཐང་ཇི་ལྟར་བྲིས་པ་དང་ཇི་ལྟར་བོད་ལ་བསྐུར་བའི་གཏམ་རྒྱུད་དེས་ཕྲན་གྱི་དོ་སྣང་དྲངས་སོང་།   ཨིན་འགྱུར་མའི་སྔོན་གླེང་གི་ཤོག་ངོས་ ༡ ནས་ ༢ བར་ན་འདི་ལྟར། “༡༩༤༡ ལོར་བོད་པ་ན་གཞོན་དབུལ་པོ་ཞིག་སྟེ་རང་གི་བསླབ་སྡོམ་ཕུལ་ཟིན་པའི་གྲྭ་ཟུར་ཞིག་གིས་དོ་པོ་ཞིག་གྲ་སྒྲིག་བྱས་པ་རེད། དེའི་ནང་དུ་ཁོང་གིས་རང་གི་མི་ཚེའི་ལས་ཀ་སྟེ་ འདས་པའི་ལོ་ངོ་བདུན་ལྷག་རིང་བྲིས་པའི་ཤོག་ངོས་ལྔ་བརྒྱ་ལྷག་གི་བསྟན་བཅོས་ཤིག་གི་མ་ཡིག་དང་། དེ་དང་མཉམ་དུ་དེབ་དེའི་བར་འཇུག་གི་རི་མོ་ལ་དམིགས་ནས་བྲིས་པའི་ཆུ་ཚོན་རི་མོ་བརྒྱ་ཕྲག་འགའ་བཅས་བཅུག་ཡོད་པ་རེད། རྒྱུས་མེད་ཀྱི་ཡུལ་དུ་ཕྱི་རྒྱལ་གྱི་མི་ཞིག་སྟེ། ཁོང་ནི་སྐབས་དེར་སིངྒ་ལའི་ཡུལ་དུ་སྡོད་མཁན་གྱི་བོད་མི་གཅིག་པུ་དེ་ཡིན་སྟབས། དོ་པོ་དེ་རང་མི་ཞིག་ལ་བཅོལ་ཐུབ་མེད་པ་རེད། དེའི་ཚབ་ཏུ། ཁོང་གིས་དོ་པོ་དེ་མེལ་ལེ་སྟོང་ཕྲག་གསུམ་གྱི་ཕ་རོལ་ན་ཡོད་པའི་ཐག་རིང་བོད་ཀྱི་བྱང་ཤར་མཚམས་ཀྱི་རང་གི་ཕ་ཡུལ་ལ་བསྐུར་པ་རེད། གྲུ་གཟིངས་དང་། མེ་འཁོར། གཡག་བཅས་ཀྱིས་འཁྱེར་ཏེ་དོ་པོ་དེ་རྒྱ་མཚོ་དང་རི་བོ། བྱེ་ཐང་བཅས་བརྒལ་ནས་རང་གི་བསྐུར་ཡུལ་ལ་འབྱོར་དགོས་པ་རེད། ཁོང་གིས་དེབ་དེ་ལ་ རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ཞེས་བཏགས་པ་རེད།

དོ་པོ་དེ་རང་གི་བསྐུར་ཡུལ་ལ་འབྱོར་མོད་ཁོང་གི་བརྩམས་ཆོས་དེ་མ་བཀླགས་པར་ལུས་པ་རེད། ༡༩༤༦ ལོར་རྩོམ་པ་པོ་བོད་དུ་ལོག་ཕེབས་པ་དང་། དེ་འཕྲལ་ལོ་ངོ་གསུམ་གྱི་རིང་བཙོན་ལ་བཅུག་པ་རེད། ༡༩༥༡ ལོར་ཁོང་གྲོངས་པ་རེད། ༡༩༥༩ ལོར་རྒྱལ་བ་རིན་པོ་ཆེ་རྒྱ་གར་ལ་བྲོས་ཕེབས་པ་དང་དེ་ནས་ཕྱིར་ཕེབས་ཡོད་པ་མ་རེད། ༡༩༦༧ ལོ་ནས་བཟུང་ལོ་ངོ་བཅུ་ཕྲག་གཅིག་གི་རིང་། བོད་ལ་རྒྱ་ནག་དང་འདྲ་བར་རིག་གནས་གསར་བརྗེའི་གཏོར་བཅོམ་ཕོག་པ་རེད། མཐར་ ༡༩༩༠ ལོར་བོད་ཀྱི་རྩོམ་རིག་ལ་རྒྱ་ནག་གི་བཀག་རྒྱ་ལས་ཅུང་གུ་ཡངས་ཐོབ་པའི་སྐབས་སུ་གསེར་གྱི་ཐང་མ་ཁ་ཚང་བ་ཐོག་མར་པར་སྐྲུན་བྱས་ཤིང་དེ་ནི་བསྟན་བཅོས་འདི་བརྩམས་ནས་ལོ་ངོ་ལྔ་བཅུའི་རྗེས་སུ་རེད། པར་སྐྲུན་བྱས་སྐབས་སུ་པར་འཇུག་རི་མོ་རྣམས་མེད་པའི་ཐོག་ནས་པར་སྐྲུན་བྱས་པ་རེད་ལ། རི་མོ་ཉིས་བརྒྱ་སྐོར་ལས་ ༢༧ མ་གཏོགས་གཞན་རྣམས་ནི་རིག་གནས་གསར་བརྗེའི་སྐབས་སུ་བརླག་པ་རེད། བསྟན་བཅོས་འདི་ནི་ད་ལྟའི་ཆར་དུས་རབས་ཉི་ཤུ་བའི་ནང་གི་བོད་ཀྱི་བརྩམས་ཆོས་རྣམས་ཀྱི་ཁྲོད་ནས་ཕལ་ཆེར་རླབས་ཆེ་ཤོས་དེ་ཡིན་པར་ངོས་འཛིན་བྱེད་པ་རེད། དེ་ཐེངས་དང་པོར་འདིར་བསྒྱུར་ཡོད།”[1] ཞེས་བྲིས་ཏེ་གསེར་ཐང་གི་བྱུང་རིམ་བཀོད་འདུག

ཡང་། འགྱུར་གྱི་གསལ་བཤད་ཀྱི་སྐབས་སུ་(གླེང་བརྗོད་དེའི་ཤོག་ངོས་ ༢༥)འདི་ལྟར། “དགེ་འདུན་ཆོས་འཕེལ་གྱིས་གསེར་གྱི་ཐང་མའི་མ་ཡིག་དེ་བོད་ཡིག་གི་དབུ་མེད་འཁྱུག་ཡིག་ཏུ་བྲིས་ཤིང་། མ་ཡིག་དེ་སིངྒ་ལ་ནས་ཕལ་ཆེར་ ༡༩༤༡ ལོར་བོད་དུ་བསྐུར་པ་རེད།” [Gendun Chopel wrote Grains of Gold in cursive Tibetan script, sending the manuscript from Sri Lanka back to Tibet, probably in 1941.]” ཞེས་ཀྱང་འབྱུང་ཞིང་དགེ་འདུན་ཆོས་འཕེལ་ནི་སིངྒ་ལར་ཟླ་ངོ་བཅོ་བརྒྱད་རིང་བཞུགས་པའང་བཤད་དོ།། ཡང་། ཧོར་ཁང་བསོད་ནམས་དཔལ་འབར་གྱིས་གསེར་ཐང་གི་མཇུག་རྩོམ་ལ་མཆན་ཞིག་བཀོད་ནས་མཇུག་རྩོམ་དེ་ནི་མ་དཔེ་ངོ་བཤུས་གཞན་ནས་བླངས་ཚུལ་བཀོད་པ་དེ་ལ། Grains of Gold ཡི་ཤོག་ངོས་ ༤༥༢ སྟེང་མཆན་ཨང་ ༢༠ པ་བཀོད་པ་དེ་ན་འདི་ལྟར། “འདིས་རྩོམ་སྒྲིག་པ་ཡིས་མ་མཐའ་ལའང་མ་ཡིག་གཉིས་ཀྱི་སྟེང་ཕྱག་ལས་གནང་བཞིན་པ་བསྟན་འདུག་ལ། གཅིག་ནི་སིངྒ་ལ་ནས་བསྐུར་པ་དེ་དང་། གཞན་དེ་ནི་མ་མཐའ་ལའང་དེའི་ཕྱིས་ཀྱི་ངོ་བཤུས་ཤིག་གོ། སིངྒ་ལ་ནས་བསྐུར་བའི་མ་ཡིག་གི་མཇུག་རྩོམ་དེ་འདིར་བཀོད་འདུག”[2] ཅེས་བཀོད་འདུག

གོང་གསལ་གྱི་སྐད་ཆ་འདི་དག་གིས་ནི་ ད་ལྟ་ང་ཚོར་མཇལ་དུ་ཡོད་པའི་གསེར་གྱི་ཐང་མའི་མ་ཡིག་ནི་ སིངྒ་ལ་ནས་བྲིས་ཏེ་ཨ་མདོར་བསྐུར་པ་དེ་ཡིན་པའི་ཚུལ་བསྟན་འདུག་མོད། གསེར་ཐང་རང་གི་མཇུག་རྩོམ་ལས་གཞན་པའི་ཁུངས་སྐྱེལ་བཀོད་མི་འདུག   “བོད་ཀྱི་དེང་རབས་རི་མོ་བ་ཐོག་མ་དགེ་འདུན་ཆོས་འཕེལ།”ཞེས་པའི་དེབ་དེ་ནའང་གསེར་ཐང་གི་སྐོར་ཤོག་ངོས་ ༣༢ ནས་ ༣༩ བར་དུ་འཁོད་མོད་དེར་ཡང་མ་ཡིག་གི་སྐོར་གྱི་གནས་ཚུལ་རྩ་བའི་ཆ་ནས་གོང་བཀོད་དང་གཅིག་མཚུངས་ཡིན་པ་ནི་རྩོམ་པ་པོ་ཌོ་ནཱ་ཌི་ལོ་ཕེ་ཛི་ཡིན་པའི་རྒྱུ་མཚན་གྱིས་རེད།

གཏམ་རྒྱུད་གསེར་ཐང་ ༡༩༩༠ ལོའི་པར་མའི་མཇུག་བྱང་དུ་ “དགེ་འདུན་ཆོས་འཕེལ་ནས་སིངྒལ་བྱེ་ཅན་གྱི་དགོན་པར་ཡོད་དུས་སུ་ཕུལ།” ཞེས་གསལ་ཞིང་། ད་དུང་ “ཁྱོན་བསྡོམས་དཔེ་འབྲིང་ལྡེབ་བཞི་བརྒྱ་ལས་ལྷག་ཙམ་ཡོད་སྙམ། དཔེ་ངོ་བོ་ཡོངས་སུ་རྫོགས་པར་གྲུབ་ཟིན།” ཞེས་གསེར་ཐང་གི་ཤོག་གྲངས་བསྟན་ཅིང་། “ལར་ཉིད་ནས་གླེགས་བམ་འདི་ལ་མགོ་འདྲེན་ཞིག་གནང་ན་ངེད་ལ་དེ་ལས་བཀའ་དྲིན་བསྐྱང་རྒྱུ་མེད།” ཅེས་དང་། “གང་ལྟར་ཡང་ངེད་ཀྱི་དཔེ་ཆུང་འདི་ད་ནས་ཁྱེད་ལ་བཅོལ་བ་ཡིན་པས་སྐྱེས་མ་ཐག་ཏུ་མ་ཤི་བ་ཞིག་གི་མགོན་སྐྱབས་ཅིས་ཀྱང་མཛད་རྒྱུའི་བཀའ་དྲིན་སྐྱོང་བར་ཞུ།” ཅེས་དེབ་འདི་སྐྱོབ་དགོས་ལུགས་ཀྱི་རེ་སྐུལ་དང་། མཐར་ “ཕྱོགས་དེར་རང་བསྟན་སྔ་འགྱུར་གྱི་བཀའ་སྲོལ་བྱེ་ཚན་སྟེང་གི་མར་བཞིན་དུ་གནས་པ་ལ་ཉིད་ལྟ་བུ་རེ་དཔལ་མགོན་དུ་བཞུགས་པས་ཅི་ལྟར་བས་ཀྱང་ཞེ་ཕུགས་དྲོ་བ་ལགས། མཇུག་རྩོམ་ཡང་གྲུབ་ཟིན་པ་འདི་ན་འབུལ་བ་ལགས། གལ་ཏེ་ཕྲན་བུ་དམིགས་མེད་གྲུབ་པ་འདྲ་བྱུང་ན་དཔེ་ཚན་ཇི་ཙམ་ཕྱག་སོན་བྱུང་བའི་མཇུག་ཏུ་འདི་སྦྱར་ནས་ངེད་ཀྱི་གདུང་ཡུས་རྣམས་གསལ་བ་ཞིག་མཛད་དགོས་ཞུ།” ཞེས་དེབ་འདི་བསྐུར་ཡུལ་དེ་ “སྔ་འགྱུར་གྱི་བཀའ་སྲོལ་”འཛིན་མཁན་གྱི་ “དཔལ་མགོན་”ཞིག་ཡིན་པ་བསྟན་འདུག

འདི་ལ་ཧོར་ཁང་བསོད་ནམས་དཔལ་འབར་གྱིས་མཆན་ཞིག་བཀོད་པ་ནི། “དཔེ་ཆ་འདིའི་འབྲི་བཤུས་གཞན་ཞིག་ཨ་མདོར་སྐྱེས་ཆེན་ཞིག་ལ་སྤྱན་བསྟར་དུ་ཕུལ་བ་ལགས་ཤིང་། དུམ་བུ་འདི་ཡང་མ་དཔེ་ངོ་བཤུས་གཞན་ན་མཆིས་པས་འདིར་བཀོད་པའོ།། __སྒྲིག་པ་པོས།”[3] ཞེས་པ་དེ་རེད། འོན་ཀྱང་ “དུམ་བུ་འདི་ཡང་” ཞེས་པའི་དུམ་བུ་དེའི་མཚམས་གང་ནས་གང་གི་བར་ཡིན་པ་དང་། “མ་དཔེ་ངོ་བཤུས་གཞན་”ཞེས་པའི་གཞན་དེ་ལྷ་སའི་མ་ཡིག་ལས་བཤུས་པ་ཞིག་ཡིན་ནམ་ཡང་ན་ཨ་མདོར་བསྐུར་བའི་མ་ཡིག་དེ་ལས་བཤུས་པ་ཡིན་པའི་གསལ་ཁ་ཚིག་གི་རང་སྟེང་ནས་མི་ཐོན་ནོ།།   འོན་ཀྱང་ལ་རྩེ་དཔེ་མཛོད་ཁང་དུ་བཞུགས་པའི་མ་ཡིག་དབུ་མེད་བྲིས་མ་དེ་ལ་བརྟགས་ཚེ། “དུམ་བུ་འདི་ཡང་ངོ་བཤུས་གཞན་ན་མཆིས་པས་འདིར་བཀོད་པའོ་”ཞེས་པའི་དུམ་བུ་དེ་ནི། གསེར་ཐང་གི་ “ལྷོ་ལམ་བྱེ་མ་ཅན་གྱི་ཐང་དུ་ངལ་བའི་རྐང་འགྲོས་རབ་བཀོད་ཅིང་།”ཞེས་པ་ནས་མཇུག་རྫོགས་ཀྱི་བར་དེར་གོ་བ་འདྲའོ།། དུམ་བུ་དེ་ཉིད་ནི་དངོས་གནས་ཨ་མདོར་བསྐུར་བའི་རྣམ་པ་ཡོད་མོད་དངོས་སུ་བསྐུར་རྒྱུ་བྱུང་མ་བྱུང་གི་ཁ་ཚོན་ཡང་ད་དུང་ཆོད་མེད་དོ།།

དེ་ལྟ་ནའང་། གལ་སྲིད་གསེར་ཐང་འདི་སིངྒ་ལ་ནས་ཨ་མདོར་བསྐུར་བ་དེ་ལྟར་ཡིན་ཚེ་བསྐུར་ཡུལ་གྱི་བླ་མ་དེ་ནི་དགུ་རོང་རྒྱལ་སྲས་ཡིན་མཆི་ཞིང་། དགེ་ཆོས་ཀྱི་སྐོར་ལ་གློག་བརྙན་བཟོ་མཁན་སུད་སི་བ་སྐུ་ཞབས་ལཱུག་ལགས་ཀྱིས་ ༡༩༩༩ ལོའི་ཟླ་ ༨ ཚེས་ ༢༤ ཉིན་དགུ་རོང་རྒྱལ་སྲས་(1911-2002)ལགས་ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་བཅར་འདྲི་ཞུས་སྐབས། “ཁོང་རྒྱ་གར་ལ་བཞུགས་དུས་ངེད་གཉིས་བར་ལ་ཡིག་འབྲེལ་ཁ་ཤས་བྱུང་། རྒྱ་གར་གྱི་ལམ་ཡིག་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་ཡོད་པའི་དཔེ་ཆ་མགོ་བཙེམས་ཁ་ཤས་ཀྱང་ང་ལ་བསྐུར་མྱོང་། དེ་ནས་ཡེ་ཤེས་སྒྲོན་མེ་དང་བྱ་ལེན་མའི་ཟློས་གར་སོགས་གསུང་རྩོམ་འགའ་རེ་ཡང་ང་ལ་བསྐུར་མྱོང་། གཞན་དཔེ་ཆ་ཁ་ཤས་ཀྱང་བསྐུར་མྱོང་།”[4] ཞེས་དང་། ཡང་ “དགེ་འདུན་ཆོས་འཕེལ་རྒྱ་གར་དུ་ཡོད་དུས་ངེད་གཉིས་བར་ལ་ཡིག་འབྲེལ་ཐེངས་གསུམ་བྱུང་། དེ་ནས་ཁོང་ལྷ་སར་སླེབས་ནས་ངེད་གཉིས་བར་ལ་ཡིག་འབྲེལ་ཐེངས་གཉིས་བྱུང་།” ཡང་། “ཁོང་གིས་བསྐུར་བའི་དཔེ་ཆ་ཁ་ཤས་ང་ཡོད་སར་ཡོད་པ་རེད་མོད། ད་དེ་ཚང་མ་མེད་སོང་བ་རེད།” ཞེས་གསལ་འདུག དེ་ལྟར་ན་དགུ་རོང་རྒྱལ་སྲས་ལ་འབྱོར་བའི་ “དཔེ་ཆ་མགོ་བཙེམས་ཁ་ཤས་”དེ་གསེར་ཐང་གི་མ་ཡིག་ཡིན་ན་མ་ཡིག་དེ་ “ད་དེ་ཚང་མ་མེད་སོང་བ་རེད་”ཅེས་གསུངས་སྟབས་ད་ཆ་རྙེད་དུ་མེད་པའི་གནས་སུ་གྱུར་ཟིན།

ཞོར་དུ་ཞུ་རྒྱུ་ཞིག་ནི། དགེ་འདུན་ཆོས་འཕེལ་གྱིས་ཡིག་འབྲེལ་བྱས་པའི་ཨ་མདོའི་བླ་ཆེན་དང་གྲོགས་པོ་སོགས་བྱུང་བའི་ནང་གི་གཅིག་ནི་ འཇིགས་མེད་དམ་ཆོས་རྒྱ་མཚོ་(1898-1946)ཚང་ཡིན། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་(1910-1985)གི་རང་རྣམ་དུ་མེ་ཁྱི་ལོ་སྟེ་ ༡༩༤༦ ལོའི་སྐབས་འཆད་སྐབས། “རྡོ་བྲག་མཁན་པོ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་ཞུ་ཡིག་རྒྱས་པ་དང་། རྒྱ་གར་གྱི་མེ་ཏོག་དང་ལྗོན་པའི་ལོ་འདབ་སྐམ་པོ་སོགས་རིག་གནས་ལ་མཁོ་བའི་འདྲ་དཔེ་མང་དག་བསྐུར་བ་ལ་ཞིབ་བལྟས་བྱས།”[5] ཞེས་གསུངས་འདུག འདིར་དགེ་འདུན་ཆོས་འཕེལ་གྱིས་ཡི་གེ་བསྐུར་ཡུལ་དེ་ཡང་འཇིགས་མེད་དམ་ཆོས་རྒྱ་མཚོ་ཚང་ཡིན་པ་ནི་ “དེ་རེབ་ཁོའི་ཞུ་ཡིག་ནང་དུ་ཡོངས་འཛིན་རིན་པོ་ཆེ་དག་ཞིང་ལ་ཕེབས་པའང་གོ་འདུག སྔར་ཚིག་རྩུབ་ཅན་གྱི་ཡི་གེ་བསྐུར་བ་དེར་སྙིང་ཐག་པ་ནས་འགྱོད་སེམས་ཀྱི་སྒོས་བླ་མ་རིན་པོ་ཆེ་ལ་སྐྱབས་འཇུག་གནད་སྨིན་ཞུས་ཡོད་པ་ལ་བདག་ཅག་གིས་རྣམ་དཔྱོད་ཅན་ཡིན་པའི་རྟགས་བསྟན་འདུག་སྙམ་དུ་བསམས།” ཞེས་འབྱུང་བས་ཤེས་སོ།།

དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་དབྱུག་པ་ཅན་གྱི་ལོ་རྒྱུས་དེ་ནི་ཁོང་གིས་མཛད་པའི་ལེགས་སྦྱར་བང་མཛོད་དུ་གསལ། ལོ་རྒྱུས་དེ་ཡང་ཨ་ལགས་ཞབས་དྲུང་ཚང་གི་སྙན་ངག་སྤྱི་དོན་དུ་ལུང་དྲངས་ཡོད། ད་ལྟ་ཕྲན་ལ་ཡོད་པའི་པར་མ་དེ་ནི་ ༡༩༨༢ ལོའི་པར་མ་དེ་ཡིན། འོན་ཀྱང་སྙན་ངག་སྤྱི་དོན་བརྩམས་པའི་ལོ་ནི་ ༡༩༥༧ མེ་བྱ་ལོ་ཡིན་པ་རྣམ་ཐར་དུ་གསལ།[6] སྙན་ངག་སྤྱི་དོན་དུ་ “གོང་སྨོས་ལོ་རྒྱུས་འདི་དག་ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་གྱི་ངག་སྒྲོས་ལས་བཤུས།”[7]ཞེས་པ་ཙམ་འབྱུང་མོད། ཁོང་གིས་སྙན་ངག་སྤྱི་དོན་འཁྲིད་པའི་སྒྲ་ཕབ་ཀྱི་ཡི་གེ་ན་འདི་ལྟར། “མཚམས་འདི་ནས་སྙན་ངག་མེ་ལོང་མ་མཛད་པ་པོ་སློབ་དཔོན་དཎྜིའི་ལོ་རྒྱུས་ཉུང་ངུ་ཞིག   ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་གྱི་ངག་སྒྲོས། སྔོན་ཨ་ལགས་རྟ་མགྲིན་ཚང་གི་དགེ་རྒན་ཨ་ཁུ་བློ་བཟང་དགེ་འདུན་ཞེས་པའི་མཁས་པ་ཞིག་ཡོད་པ་ཡིན། ཁོང་རྣམ་པ་གཉིས་ཕན་ཚུན་ལ་ཆ་རྒྱུས་ཡོད་པའི་སྟབས་ཀྱིས། དེ་ལ་བསྐུར་བའི་ཡི་གེ་ཞིག་གི་ནང་དུ་ཡོད་པ་ངས་དངོས་སུ་མཐོང་བ་ཡིན།”[8] ཞེས་གསུངས་འདུག

དེ་ལྟར་ན། དགེ་འདུན་ཆོས་འཕེལ་རྒྱ་གར་དུ་བཞུགས་རིང་ཨ་མདོའི་བླ་ཆེན་དང་གྲོགས་པོ་ཚོར་ཡིག་འབྲེལ་བྱེད་བཞིན་པ་དངོས་བདེན་ཡིན་མོད། གཏམ་རྒྱུད་གསེར་གྱི་ཐང་མ་ཨ་མདོར་བསྐུར་ཞེས་པའི་རྒྱུ་མཚན་བཙན་པོ་དེ་ནི་ ༡༩༩༠ ལོར་པར་བཏབ་པའི་ གསེར་ཐང་གི་མཇུག་རྩོམ་དེ་ཉིད་ལས་གཞན་མ་རྙེད་དོ།།

༡༩༩༠ ལོའི་པར་མའི་གླེང་བརྗོད་དུ་ཧོར་ཁང་བསོད་ནམས་དཔལ་འབར་(1919-1994)གྱིས་འདི་ལྟར། “…<<རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མས་>>གཙོ་བོ་བྱས་པའི་གསུང་རྩོམ་རྣམས་ནི་མཁས་དབང་མཆོག་སྐུ་གཤེགས་ཁར་ “ངའི་ཕ་གཞིས་འདི་ཁྱེད་ཀྱི་ཉར་དགོས་”ཞེས་མ་དཔེ་ཕྱག་བསྟར་མ་ཐམས་ཅད་ཕྲན་ལ་འཇོག་པ་གནང་བྱུང་བ་ཁོ་བོས་ཀྱང་གཅེས་སྤྲས་བྱས་ཏེ་ཉར་ཚགས་ཡོད་མུས་ ༡༩༦༢ ལོར་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་མི་རིགས་ཨུ་ཡོན་ལྷན་ཁང་གི་མི་རིགས་ཞིབ་འཇུག་ཁང་བོད་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་བརྟག་དཔྱད་ཀྱི་དཔྱད་གཞིའི་དགོས་མཁོར་གཞིགས་ཏེ་མཁས་དབང་འདིའི་གསུང་རྩོམ་ <<གཏམ་རྒྱུད་གསེར་གྱི་ཐང་མ་>>མ་དཔེ་ཡོངས་རྫོགས་གཡར་ནས་དཔེ་བཤུས་མཛད་དེ་མ་དཔེ་སྐྱོན་མེད་ང་རང་ལ་ཕྱིར་བསྩལ་ཡང་ “རིག་གནས་གསར་བརྗེའི་”སྐབས་ང་རང་ཚན་སེ་ཧྲེའི་ཚན་ཧྲེ་ཡོན་ཡིན་པས་ཡིག་ཆ་ཇི་ཡོད་བོད་རང་སྐྱོང་ལྗོངས་ཚན་སེ་ཧྲེའི་ལས་ཁུངས་སུ་བསྡུ་བཞེས་གནང་སྟེ་རྗེས་སུ་ལག་སོན་མ་བྱུང་། འོན་ཀྱང་ངོ་བཤུས་རྣམས་ཀྲུང་དབྱང་ལོ་རྒྱུས་བརྟག་དཔྱད་ཚོགས་པའི་ཙུའུ་ཀྲང་ཁྲིན་ཅིན་ཀྲུང་ལ་གར་ཡོད་བཀའ་འདྲི་ཞུས་པར་ཡིག་ཆ་ཡོངས་རྫོགས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་ཞིབ་འཇུག་ཁང་ལ་ཡོད་ཅེས་གསུངས་པ་ལྟར། ང་རང་རྒྱལ་ས་པེ་ཅིན་དུ་འགྲོ་ཐེངས་རེ་རེ་བཞིན་བརྩད་གཅོད་ཞུས་པའི་སྙིང་པོར་ སྔ་ལོ་ ༡༩༨༨ ནང་པེ་ཅིང་དུ་བོད་རིག་པའི་ལྟེ་གནས་ཀྱི་ཚོགས་ཆེན་གནང་བར་ང་རང་བཅར་སྐབས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཁང་ལ་ངོ་བཤུས་གསོལ་རས་ཞུ་བར་བསྐྱོད་སྐབས་སྔོན་བསྩལ་གྱི་འཕྲོས་ཇི་ཡོད་ལྷུག་པོར་བསྩལ་བྱུང་།” ཞེས་བརྒྱུད་རིམ་གསལ་པོར་བཀོད་འདུག   ཧོར་ཁང་ལ་བྱུང་བའི་མ་ཡིག་ངོ་མ་དེ་རིག་གསར་སྐབས་སུ་བརླག་པ་ནི་རྡོ་རྗེ་རྒྱལ་གྱིས་སྒྲིག་པའི་ “མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ་”ཞེས་པའི་གླེང་བརྗོད་དུའང་ཁ་གསལ་འདུག

ཧོར་ཁང་བསོད་ནམས་དཔལ་འབར་གྱིས་ཁུངས་སྐྱེལ་བྱས་པ་ནི་གསེར་ཐང་གི་མ་ཡིག་དེ་དགེ་ཆོས་དང་ལྷན་དུ་ལྷ་སར་འབྱོར་པ་དང་། ལྷ་ས་ནས་ཁོང་ལ་གནང་བ། ཁོང་གིས་གཅེར་ཉར་གྱིས་རིག་གནས་གསར་བརྗེའི་སྐབས་ལ་མ་ཡིག་ངོ་མ་དེ་ “བོད་རང་སྐྱོང་ལྗོངས་ཚན་སེ་ཧྲེའི་ལས་ཁུངས་”ཀྱིས་འཁྱེར་པ་ཕྱིས་སུ་ལག་སོན་མ་བྱུང་བ་དང་། ༡༩༩༠ ལོའི་པར་མའི་མ་ཡིག་ནི་མ་ཡིག་གི་བུ་ཡིག་ཅིག་ཡིན་པར་བསྟན་པ་དེ་རེད། མ་ཡིག་ལས་བཅད་པའི་བུ་ཡིག་འདི་ནི་ཡི་གེ་བ་མང་པོས་བཤུ་འབྲི་བྱས་པ་ཞིག་ཡིན་པ་དང་། དེའི་ངོ་བཤུས་ད་ལྟ་རེབ་གོང་དུ་དགེ་འདུན་ཆོས་འཕེལ་གྱི་ཕ་ཡུལ་ན་ཡོད་འདུག་ཅིང་། ནིའུ་ཡོག་གི་ལ་རྩེ་དཔེ་མཛོད་ཁང་དུ་དེ་ཉིད་བཤུས་པའི་ངོ་བཤུས་ཤིག་བཞུགས་འདུག

གསེར་ཐང་གི་མ་ཡིག་ དགེ་འདུན་ཆོས་འཕེལ་དང་ལྷན་དུ་ལྷ་སར་སླེབས་པའི་ཁུངས་གཞན་མི་དགོས་མོད། གཞན་ཞིག་ནི་ཟམ་གདོང་རིན་པོ་ཆེས་ ༡༩༨༦ ལོར་གསེར་ཐང་གི་ལེའུ་གཅིག་ཝ་ར་ན་སིའི་མཐོ་སློབ་ཁང་གིས་པར་སྐྲུན་བྱས་སྐབས་ཀྱི་གླེང་བརྗོད་དུ་ “སྔ་ལོ་ཕྱི་ཟླ་གཉིས་པའི་ནང་དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེའི་མཇུག་གི་སློབ་མའི་གྲས་སྣར་སྐྱིད་ངག་དབང་དོན་གྲུབ་མཆོག་འདི་གར་ཕེབས་བཞུགས་སྐབས་གླེང་མོལ་གྱི་ཞོར་དུ་ཁོང་སར་བོད་ནས་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་གསར་རྙེད་ཅིག་འབྱོར་རེ་ཡོད་པས་འབྱོར་ཚེ་འདི་གའི་སློབ་གྲྭ་ནས་དཔར་འགྲེམས་གནང་ན་འབྲེལ་ཡོད་ཤིན་ཏུ་འོས་ཤིང་འཚམས་པ་ཞིག་ཡོང་རྒྱུའི་རེ་བསྐུལ་གནང་བྱུང་བར། སྐབས་དེར་ཁོ་བོའི་བསམ་པར་བདག་གི་ཡབ་རྗེ་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས། “དགེ་ཆོས་ཀྱི་བསྙེལ་ཐོ་ལྟ་བུར་བྲིས་པའི་གནས་ཚུལ་ལོ་རྒྱུས་མང་པོ་དང༌། བར་བར་དུ་དཀའ་གནད་ཀྱི་དྭོགས་གཅོད་དང༌། འདྲ་རིས་ཡིད་དུ་འོང་བ་དུ་མ་ཡོད་པའི་ཉིན་དེབ་འདྲ་བའི་དཔེ་དེབ་རིང་མ་ཐུང་མཐུག་པོ་ཞིག་འདུག་པ། ངའི་སར་བསྟན་རྒྱུ་འཁྱེར་ཡོང་སྟེ་རྒྱུན་རིང་ཙམ་བཞག་སོང་ཡང་ཉིན་གཅིག་ནོར་གླིང་ཤག་ཏུ་གློ་བུར་ཕེབས་ཏེ་དེབ་དེ་དགོས་ཞེས་ཕར་བསྣམས་སོང་བར་དེ་ནས་ཉི་མ་གཉིས་རྗེས་ཁོང་འཛིན་བཟུང་བྱས་འདུག སྐབས་དེར་ངས་ཕྱག་དཔེ་དེ་ཕར་མ་ཕུལ་ནའང་ཡོང་བ་ཡོད།” ཅེས་བཀའ་བསྩལ་བ་ལྷམ་མེར་དྲན་ཏེ་ཕལ་ཆེར་དཔེ་དེབ་དེ་རང་ཨེ་ཡིན་སྙམ་པའི་རེ་བ་ཆེན་པོ་ཞིག་བྱུང་རུང༌། རྗེས་མར་ལག་སོན་སྐབས་ཕྱག་དཔེ་དེ་རང་གི་ཆ་ཤས་ཕལ་ཆེར་ཡིན་བཟོ་འདུག་རུང༌། གསུང་རྩོམ་དེ་སྡེ་ཚན་དྲུག་དང༌། ཤོག་ལྡེབས་བཞི་བརྒྱ་ལྷག་ཙམ་ཞིག་ཡོད་འདུག་སྟེ། ད་ལྟ་རྙེད་སོན་བྱུང་བ་འདི་སྡེ་ཚན་དང་པོ་རྐྱང་པ་ལས་མི་འདུག”[9] ཞེས་གསུངས་འདུག་པ་འདི་རེད། འདིར་གསལ་བའི་ “ཉིན་དེབ་འདྲ་བའི་དཔེ་དེབ་རིང་མ་ཐུང་མཐུག་པོ་ཞིག་འདུག་པ་”དེ་ནི་གསེར་ཐང་གི་མ་ཡིག་ཡིན་ཤག་བྱས་ཚེ། ཁྲི་བྱང་རིན་པོ་ཆེས་ཀྱང་གཟིགས་ཡོད་པ་གསལ་ཞིང་། ཁྲི་བྱང་རིན་པོ་ཆེའི་རང་རྣམ་དུ་འདི་འཁོད་ཡོད་ཤག་གིས་སྐབས་དེའི་རྣམ་ཐར་ལ་བལྟས་སྐབས་ཅི་ཡང་མ་རྙེད་དོ།།

དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ཀྱང་འདི་ལྟར། “རང་ལོ་ཉི་ཤུ་རྩ་བརྒྱད་ལ་སླེབས་པ་ ༡༩༥༤ ལོར་ང་རང་གི་དགེ་རྒན་རྒྱུད་གྲྭའི་དགེ་རྒན་དགེ་བཤེས་ལུང་རྟོགས་ལགས་ནས་རྒྱལ་རབས་དེབ་ཐེར་དཀར་པོ་དང་། རྒྱ་གར་གནས་ཡིག་ གཏམ་རྒྱུད་གསེར་གྱི་ཐང་མ་བཅས་རྩོམ་དཔེར་བསྣམས་ཕེབས་པ་ཉིན་ཤས་རིང་བལྟ་ཀློག་བྱས་པ་ཡིན།་་་་”[10]ཞེས་གསུངས་འདུག

དེ་ལྟར་ན་གསེར་ཐང་བརྩམས་གྲུབ་ནས་མི་ལོ་ལྔ་བཅུའི་རྗེས་སུ་གངས་ཅན་པ་རྣམས་ལ་ཀློག་རྒྱུའི་སྐལ་བ་བྱུང་བ་ནི་དགེ་འདུན་ཆོས་འཕེལ་གྱི་བསོད་ནམས་རེད་ལ། གངས་ཅན་པ་རྣམས་ཀྱི་བསོད་ནམས་ཀྱང་རེད། ཀྱག་ཀྱོག་གི་ལམ་ཕྲན་དེ་ནས་གསེར་ཐང་རྩ་ཡལ་དུ་འགྲོ་རྒྱུའི་ཉེན་ཁ་ལ་བརྟག་སྐབས་སྙིང་འདར་བ་ཞིག་ཀྱང་འདུག་གོ།   རྒྱུ་མཚན་དེས་ན་གསེར་ཐང་གི་མ་ཡིག་ངོ་མ་ད་ལྟ་ཡོད་མེད་ཀྱི་བརྩད་ཆོད་པ་ཞིག་དགོས་ངེས་ཀྱང་། ད་བར་དེ་ལྟར་བརྩད་ཆོད་རིགས་མི་སྣང་ལ།   ད་ཡོད་ཀྱི་ཡིག་ཆ་དེ་ནི་ཧོར་ཁང་གི་ཕྱག་ན་ཡོད་པའི་མ་ཡིག་དེ་ལ་བཅད་པའི་བུ་ཡིག་ཅིག་ཡིན་ངེས་ཤིང་། ཨ་མདོར་བསྐུར་བ་ནི་གསེར་ཐང་ཡིན་མིན་གྱི་གཏིང་མཐའ་མ་ཆོད་ཅིང་། གསེར་ཐང་མིན་སྲིད་པའི་རྒྱུ་མཚན་གཅིག་ནི་དགེ་འདུན་ཆོས་འཕེལ་རང་གིས་མ་ཡིག་གཅིག་ལ་བུ་ཡིག་གཞན་ཞིག་ཕབ་བཤུ་བྱེད་པའི་རྩོལ་བ་བསྟེན་རྒྱུ་ནི་དཀའ་ཙམ་མིན་འགྲོ་དྲན་ནོ།། དེའི་ཕྱིར་གཏམ་རྒྱུད་གསེར་གྱི་ཐང་མ་དེ་ ༡༩༤༡ ལོར་བྲིས་ཤིང་ཨ་མདོར་བསྐུར་ཟེར་བ་དང་།   དེ་ཉིད་སླར་ཡང་ ༡༩༩༠ ལོར་པར་སྐྲུན་བྱས་ཟེར་བ་ནི་ཁུངས་མི་འཁྱོལ་བའི་གཏམ་ཞིག་ཏུ་ངེས་སོ།།

 

[1] “In 1941, a young destitute Tibetan, a former monk who had given up his vows, prepared a package. In it, he placed his life’s work, a manuscripts of more than five hundred pages writing over the previous seven years, together with hundreds of watercolors that he had painted, intended as illustrations for the book he had composed. A stranger in a strange land, he was only Tibetan living in Sri Lanka and so could not entrust the package to a compatriot. Instead, he sent it off to his homeland in the far northeastern corner of Tibet, over three thousand miles away. Carried by ship, train and yak, the package crossed seas, mountains and deserts to arrive at its destination. He called the book Grains of Gold: Tales of a Cosmopolitan Traveler.

The package reached its destination but his words remained unread. In 1946, the author returned to Tibet and was promptly thrown into prison for three years. He died in 1951. In 1959, the Dalai Lama fled to India, never to return. For a decade beginning in 1967, Tibet, like China, was ravaged by the Cultural Revolution. Finally, in 1990, during a brief relaxation of Chinese restrictions on Tibetan literature, Grains of Gold was published in its entirety for the first time, fifty years after its composition. It was published without its illustrations; during the Cultural Revolution, all but twenty-seven of some two hundred watercolors had been lost. It is recognized today as perhaps the greatest work of Tibetan letters of the twentieth century. It is translated here for the first time. ”

[2] “This suggests that the editor was working from at least two manuscripts, one sent from Sri Lanka and at least one later copy. The colophon from the manuscript sent from Sri Lanka is provided here.”

[3] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གཉིས་པ། ཧོར་ཁང་བསོད་ནམས་དཔལ་འབར་སོགས་ཀྱིས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།   ༡༩༩༠ ཤོག་གྲངས་ ༡༨༨

[4] https://www.khabdha.org/wordpress/wp-content/uploads/2012/02/GurungGyalsayTib.pdf

[5] རང་རྣམ་རྣ་བའི་བདུད་རྩི། གསུང་འབུམ། གླེགས་བམ་དང་པོ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས་ ༢༡༦

[6] རང་རྣམ་རྣ་བའི་བདུད་རྩི། གསུང་འབུམ། གླེགས་བམ་དང་པོ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས་ ༢༦༡

[7] སྙན་ངག་སྤྱི་དོན། ཀན་སུའི་མི་དམངས་དཔེ་སྐྲུན་ཁང་། ༡༩༨༢ ཤོག་གྲངས་ ༡༡

[8] མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་སྙན་ངག་སྤྱི་དོན་དཔེ་ཁྲིད་གནང་བ་སྒྲར་ཕབ་པ་ཆེ་ལོང་ཙམ་ཡི་གེར་བཀོད་པ་མེས་པོའི་ཞལ་ལུང་། འཇམ་དབྱངས་གྲགས་པས་ལེགས་སྒྲིག་བྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ཤོག་གྲངས་ ༢༠

[9] http://samdhongrinpoche.com/%E0%BC%88-%E0%BD%98%E0%BD%91%E0%BD%BC%E0%BC%8B%E0%BD%A6%E0%BE%A8%E0%BD%91%E0%BC%8B%E0%BD%94%E0%BC%8B%E0%BD%91%E0%BD%82%E0%BD%BA%E0%BC%8B%E0%BD%A0%E0%BD%91%E0%BD%B4%E0%BD%93%E0%BC%8B%E0%BD%86%E0%BD%BC/

[10] དགེ་འདུན་ཆོས་འཕེལ་གྱི་དྲན་གསོ་ཁང་འཛུགས་རྒྱུའི་སྐོར་གྱི་གྲོས་འགོ། གསུང་འབུམ། པོད་བརྒྱད་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ཤོག་གྲངས་ ༧༡ ཡང་དེ་དང་ཆ་འདྲ་བ་ཞིག་དེབ་དེའི་ཤོག་ངོས་ ༡༥༥ སྟེང་གསལ།

དཔྱད་རྩོམ།

Post navigation

Previous Post: གཅན་ཚ་སྣང་རའི་དཔོན་པོའི་ལོ་རྒྱུས་སྙིང་བསྡུས།
Next Post: ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་གྱི་གལ་གནད།

Comments (62) on “གསེར་ཐང་གི་མ་ཡིག་ལས་འཕྲོས་པའི་དོགས་དཔྱོད་ཅིག”

  1. ཀླུ་སྨྱོན། says:
    2016-11-30 at 9:05 pm

    བཀའ་དྲིན་ཆེ། སྟབས་འགྲིགས་པ་ཞིག་ལ་ངས་འདིར་གསེར་ཐང་གི་མི་འདངས་པའི་ཆ་སྐོར་ཞིག་འབྲི་བཞིན་ཡོད། གང་མགྱོགས་སྤེལ་ཡོང་།

  2. ལྷ་སྒང་ཆོས་གྲགས། says:
    2016-12-01 at 12:15 am

    དེ་སྔ་རྒན་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ལོ་ཙཱའི་སློབ་འཁྲིད་སྐབས་སུ། གསེར་ཐང་ཨིན་འགྱུར་མ་དེ་ངོ་སྤྲོད་གནང་། འོན་ཀྱང་། འགྱུར་མ་དེ་གོང་ཆེ་དྲགས་པས་ད་ལྟའང་བཀླག་པའི་སྐལ་བ་མ་རྙེད།

  3. ཀརྡོ་རབ་འབྱམས་པ་ says:
    2016-12-01 at 12:50 am

    གསེར་ཐང་ནི། ཕྱི་རྒྱལ་མཁས་པའི་ཚོང་རྫས་ཙམ་ཆགས་པ་འདྲ། བོད་མཁས་པས་་་་

  4. ཀརྡོ་རབ་འབྱམས་པ་ says:
    2016-12-01 at 12:53 am

    བོད་པའི་རྣམ་རྟོག་རྒྱུན་འཛིན་ནང་ལ། སློབ་དཔོན་ཐུ་མི་སམ་བྷོ་ཊ་ལ་བཀའ་ཆད་ཕོག་ཚུལ། དམག་སྲིད་མཁས་པ་བློན་པོ་མགར་ལ་བཀའ་ཆད་ཕོག་སྟངས། ཕྱིས་ཀྱི་དགེ་ཆོས་ལགས་ལ་ནག་ཉེས་ཕག་པ་སོགས་དྲངས།

  5. ཆོས་རྗེ་ཚང་། says:
    2016-12-01 at 8:13 am

    བཀའ་དྲིན་ཆེ། རྩོམ་ཡིག་འདི་ཞིབ་ཀློག་བྱས་ཟིན།

  6. ཁ་ཞེ་གཉིས་མེད་ says:
    2016-12-01 at 1:30 pm

    རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་མཛད་པ་པོ་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་གང་ཟག་དབང་པོ་རྣོན་པོ་ཅན་ཞིག་ཡིན་པ་གསལ་པོ་རེད་འདུག །

  7. ཀརྡོ་རབ་འབྱམས་པ་ says:
    2016-12-01 at 1:43 pm

    དགེ་ཆོས་ལགས། ཁོང་དགུང་ལོ་བཞི་བཅུ་ཞེ་དགུ་ཙམ་ལས། བཞུགས་མ་ཐུབ་པ་འདི་བོད་རིག་པའི་སློབ་གཉེར་བ་ཚོར་གྱོང་གུན་ཆེན་པོ་ཆགས་པ་རེད།

  8. ཀླུ་སྨྱོན། says:
    2016-12-01 at 4:36 pm

    མ་བཞུགས་པ་དེ་ཕལ་ཆེར་ཡག་པོ་མེད་འགྲོ བཙོན་ནས་ཐར་དུས་ར་བཟི་རེ་བ་དེ་ཙམ་མེད་པ་ཞིག་ཆགས་འདུག་ག རིག་གནས་གསར་བརྗེའི་བར་བཞུགས་ཡོད་ན་ཁོང་ལ་བླ་སྤྲུལ་གྱི་མིང་ཞིག་ཡོད་པས་བཙོན་ཁང་ལ་འགྲོ་རྒྱུ་ཉག་གཅིག་རེད། རྒྱ་བོད་གཉིས་ཀའི་བཙོན་ཁང་འགྲིམ་དགོས་ན་དགེ་ཆོས་ལྟ་བུ་ཞིག་གིས་བཟོད་དཀའ་བ་རེད།

  9. ཀླུ་སྨྱོན། says:
    2016-12-01 at 4:40 pm

    དགེ་ཆོས་བོད་ཀྱི་མཐོ་རིམ་དཔོན་རིགས་མང་པོར་འབྲེལ་བ་ཡོད་པ་དང་གཅིག རྒྱ་གར་དང་ར་ཤི་ཡའི་མི་སྣ་འདྲ་མིན་ལ་འབྲེལ་བ་ཡོད་པ་དང་གཉིས། བླ་སྤྲུལ་གྱི་མིང་ཞིག་ཡོད་པ་དང་གསུམ། འདི་གསུམ་གྱིས་དགེ་ཆོས་ལ་རིག་གནས་སྐབས་ཞྭ་མོ་གསུམ་བརྩེགས་གཡོགས་ཏེ་བཙོན་ཁང་དུ་འགྲོ་དགོས་ཁ་མ་ཟད་སྲོག་ཁྲིམས་ཀྱང་གཅོད་སྲིད། ལྷག་པར་དེབ་ཐེར་དཀར་པོ་ལྟ་བུ་སྲིད་དོན་གྱི་ལོ་རྒྱུས་རྩོམ་པ་པོ་ཡིན་པས་རིག་གསར་སྐབས་ལ་མཚོན་ན་ནག་ཉེས་དེ་ལས་ཆེ་བ་ཡོད་པ་མ་རེད། འདི་ཚོར་བསམས་ན་དགེ་ཆོས་སྐྱེ་དུས་དང་གྲོངས་དུས་གཉིས་ཀ་ཏག་ཏག་རེད་འདུག་ཨང་བསམས་པ་ཞིག་ཁོ་བོར་མཆིས།

  10. ཀླུ་སྨྱོན། says:
    2016-12-01 at 4:41 pm

    རིག་གནས་གསར་བརྗེའི་སྐབས་་་་་་

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-12-02 at 2:48 am

    ཨ་རིའི་གཙུག་ལག་མཁས་པའི་ཤན་ཞུགས་ཤིང་། གཙུག་ལག་སློབ་དགེ དགེ་འདུན་རབ་གསལ་ལེགས་ཀྱིས་བོད་མདོ་སྨད་པ་དགེ་ཆོས་ཀྱི་སྐོར་བྲིས་པའི་རྐྱེན་ལས། དམ་པ་དེའི་བྲིས་དེབ་སོགས་ཁོ་བོར་ཇི་ལྟར་བྱུང་བ་ནི། རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་དེབ་གཟུགས་མ་དེ་རང་ལོ་བཅུ་བཞི་པ་ཙམ་ཡིན་པ་ན་མིག་མཐོང་བྱུང་། དཔེ་དེབ་དེ་ཉིད་ཡང་དང་ཡང་དུ་ཀློག་པའི་སྐལ་བ་བྱུང་། དེ་རྗེས་སུ། ཆོས་ཀྱི་ཚིགས་སུ་བཅད་པ་ཡང་ལ་དྭགས་སུ་མཇལ་ཡོད་ངེས། དེབ་དེ་ད་ལྟ་རང་ཤག་ཏུ་ཡོད།་དེར་ལོ་ཙཱ་བ་ལ་ལོ་ཙ་པ། ཞེས་དགེ་ཆོས་ཀྱིས་བྲིས། དམ་པ་དེའི་གསུང་འབུམ་དེབ་༣་དང་། གང་གི་ཞལ་སློབ་བཀྲས་མཐོང་། ཐུབ་བསྟན་ཆོས་དར། རཀ་ར་རིན་པོ་ཆེས་བྲིས་པ་རྣམས་རང་ཤག་ཏུ་བཞུགས་སོ།
    ་
    “སླ་བ་ཞིག་དཀའ་རུ་བཏང་སྟེ་བཤད་ན། མི་རྣམས་ཀྱིས་ངོ་མཚར་དུ་འཛིན། དཀའ་བ་ཞིག་སླ་རུ་བཏང་སྟེ་བཤད་ན། མི་རྣམས་ཀྱིས་དཔྱ་སྨོད་བྱེད།” ཅེས་དགེ་ཆོས་ཀྱིས་གསུང་འདུག བོད་གཙང་དུ་དཔེ་ཆའི་དགེ་རྒན་ལ་ཞུས་པས། དགེ་རྒན་མཆོག་གིས་ཕལ་ཆེས་བདེན་པ་ཡིན་ནོ། གསུངས་པ་དྲན་ནོ།

  12. དགེ་རབ་ says:
    2016-12-02 at 8:39 am

    རྒན་འཇམ་དཔལ་མཆོག་ལ།

    འདིར་སླར་ཡང་ཁྱེད་ཕེབས་ནས་མཆན་བུ་བཏབ་པ་ལ་དྲིན་ཆེ་ཞུ་འདོད་བྱུང་། དེ་བཞིན་ཕྲན་གྱིས་བྲིས་ནོར་པ་རིགས་མུ་མཐུད་ནས་ནོར་བཅོས་གནང་རོགས་གནང་། དཀའ་དང་སླ་ཞེས་པའི་འཇུག་པ་གང་ཡིན་གསལ་པོར་མ་ཤེས།
    ད་ལྟ་གསེར་གྱི་ཐང་མའི་མ་ཡིག་ངོ་མ་གང་དུ་ཡོད་མེད་ཀྱི་སྐད་ཆ་ཞིག་ཞུ་བཞིན་ཡོད། བོད་ནས་པར་སྐྲུན་བྱས་པའི་གསེར་གྱི་ཐང་མའི་ནང་གི་ལེགས་སྦྱར་མང་པོ་ལ་ནོར་འཁྲུལ་འདུག་ཅེས་ཨིན་འགྱུར་ལ་འཁོད། ལེགས་སྦྱར་ཙམ་ཞིག་ཡིན་ནམ་ཡང་ན་བོད་ཡིག་ལའང་དེ་ལྟར་ནོར་ཆད་ཀྱི་རིགས་བྱུང་ཡོད། དེ་ལ་དྲི་བ་བྱེད་བཞིན་ཡོད། ང་ཚོས་པར་བཏབ་པའི་ཡི་གེ་ཆད་ནོར་ཚུན་ནས་དགེ་འདུན་ཆོས་འཕེལ་གྱི་ཡིན་ཤག་རང་བྱེད་རྒྱུ་མི་འདུག་ཅེས་ཞུ་བ་ཡིན།
    ཞོར་ནས་དྲི་བ་ཞིག་ལ། སྟོན་གྱི་སྐབས་འབྲུ་རྣམས་བསྡུས་ཏེ་ཐང་ལ་བཀྲམས་པ་དེ་ལ་ལ་དྭགས་པས་ཅི་ཟེར། ཐང་མ་ཟེར་རམ།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-12-03 at 12:59 am

    རྣམ་དཔྱོད་ཡངས་པ་དགེ་འདུན་རབ་གསལ་མཆོག་ལ། ཉིད་ཀྱིས་བྲིས་པ་ཚིག་བརྗོད་རྣམས་ཀློག་སླ་བ་སྟེ། དཀའ་ངལ་མ་མཆིས། དགོངས་་དག སླ་བ་དང་དཀའ་བ་གཉིས་ཁྱད་ཆོས་སུ་སྣང་བས། ལས་སླ་བ་དང་། ལས་དཀའ་བ་ལྟ་བུ་ཁྱད་གཞི་སྦྱར་དགོས་པ་ལས་མ་སྦྱར་བས་སྐྱོན་ཆགས། གོང་གསལ་གྱི་དགོངས་པ་དེ་དགེ་ཆོས་ཀྱིས་གསུངས་པ་མཐོང་ནས། བདག་གིས་བསམ་བློར་མཆིས། གསུང་རྩོམ་གང་དུ་ཡོད། ད་ལྟ་ཆ་མ་འཚལ། ལོ་ཙ་པ། ཞེས་པ་ཆོས་ཀྱི་ཚིགས་སུ་བཅད་པའི་སྒྱུར་བྱང་ན་ཡོད་པར་ཟད། དེབ་ཐེར་དཀར་པོ་དབུས་སྤར་པའི་ཤོག་གྲངས་༡༦པའི་མདུན་ཤོག་ན་ཡང་མཆིས། སྒྲ་བཤད་ཡང་དག་པ་ཞིག་ཏུ་མཆིས། དེ་ཡང་། ལོ་ཀ་སྟེ། འཇིག་རྟེན། ཙཀྵུཿསྟེ། མིག དེ་དག་གི་མིང་དང་པོ། ལོ་དང་ཙ། ཞེས་པ་བྱུང་། དེ་དག་ལ་བོད་ཀྱི་བདག་སྒྲ་པ་ཡིག་སྦྱར་བས། ལོ་ཙ་པ། ཞེས་པ་དོན་དང་ལྡན་པའི་ཚིག་ཏུ་སྣང་ཡང་། ཕྱིས་སུ་གྱུར་ནས། གང་འདོད་དུ་བྲིས་པ་ཆགས།
    གསེར་གྱི་ཐང་མ། ཞེས་པ་དེ་གསེར་གྱི་དྭངས་མ་ཡིན་ཀྱང་དགོས་པའི་དབང་གིས། གསེར་གྱི་ཐང་མ། ཞེས་དགེ་ཆོས་ཀྱིས་བྲིས། དཔེར་ན། སྐུ་གཟུགས་དྭངས་མ་ལ་སྐུ་གཟུགས་ཐང་མ། ཞེས་པ་ལྟ་བུ། གསེར་གྱི་དྭངས་མ་ལ་གསེར་བཙོ་མ་དང་གསེར་ཞུན་མ། ཞེས་པ་ཡང་ཐོས། [refinedness of gold]
    ལ་དྭགས་སུ་འབྲུ་ནས་སོགས་བཀྲུས་ནས་ཉི་མར་སྐམ་པ་དེ་ཕལ་ཆེ་བ་ཐོག་སྟེང་། ཆར་སླེའུ་་སོགས་ཀྱི་སྒང་ལ་བཀྲམས་ནས། ཉི་མར་སྐམ།
    དགེ་ཆོས་ཀྱིས་སྔོན་བོད་མཁས་པས་བྲིས་པའི་ཡི་གེའི་དག་ཆ་རྣམས་རིན་ཐང་ཅན་དུ་དགོངས་ནས། ངོ་མ་ལ་དངོས་མ་ཞེས་བྲིས་པ་སོགས་ཡོད། འོན་ཀྱང་གང་གི་གསུང་རྩོམ་དག་ན། ཡི་གེ་མ་དག་པ་ཡང་འདུག དཔེར་ན། ལྡང་ལ་འདང་ཞེས་པ་སྔོན་བོད་ཀྱི་དཔེ་ཆ་དག་དང་མི་མཐུན་པ་མཆིས། འོན་ཀྱང་བདག་ལྟ་བུས་བྲིས་པ་ལས་ཉུང་། ཉིད་ཀྱིས་མཁས་པའི་བྱ་བར་བརྩོན་པར་མངོན་པར་བསྟོད་དགོས་པར་མཆིས་སོ།

    བཀའ་བསྩལ་བ། ཞེས་པ་ལྟ་བུ་དེ་དག་བོད་རྒྱ་ཚིག་མཛོད་ཚད་མར་འཛིན་པ་ལས། བྱུང་དང་འབྱུང་བཞིན་པ་དང་། བོད་རྒྱ་ཚིག་མཛོད་ལ་བོད་ཀྱི་དཔེ་ཆ་ཁུངས་དག་དང་བསྟུན་ནས་ཞུས་དག་དགོས་པར་བོད་གཞུང་དག་ཆ་རྣམས་སྲུང་བ་པོ་རྣམས་ཀྱིས་མཛད་དགོས་སེམས་སོ།

  14. ཀརྡོ་རབ་འབྱམས་པ་ says:
    2016-12-03 at 1:48 am

    སྤྱིར་དགེ་ཆོས་ལགས་ཀྱིས་བྱས་ལས་རང་གི་སྔར་ལས་ཀྱི་བག་ཆགས་སམ་་ལས་ལས་བྱུང་བ་དང། འཆི་བ་ཡང་ལས་ལས་འཆི་བར་ཡིད་ཆེས་བྱེད་དགོས། འོནད་ཀྱང་། འདིར་ཀླུ་སྨྱོན་ལགས་ཀྱིས་གསུངས་པ་བདེན་ན་ཡང་། ཁྱེད་ཀྱིས་དགེ་ཆོས་ལགས་བཞུགས་ནའང་རྒྱའི་བཙོན་ཁང་དུ་སྡུག་བསྔལ་མི་བཟོད་པར་གྲོངས་ངེས་གསུངས་འདུག དེ་ཡང་བདེན་སྲིད་ན་ཡང་།
    ལྷ་སའི་བོད་གཞུང་གི་ཁྲིམས་ཀྱིས་ནག་ཉེས་ཕོག་ནས་ན་ཤི་བྱུང་བ་དང་། ཁྱིམ་མཚེས་དགྲ་བོ་རྒྱ་ནག་པེ་ཅིང་གཞུང་གིས་ནག་ཉེས་བཙུགས་ནས་ན་ཤི་བྱུང་བ་གཉིས་ལ། མི་དེ་གཉིས་ཀྱི་མ་འཆི་སྔོན་བློ་ཕམ་དང་། འགྱོད་པ་ཆེ་ཆུང་དང་། སྐྱེ་བ་ཕྱི་མར་གང་དུ་དང་། ག་འདྲ་ཞིག་སྐྱེ་དགོས་མིན་གྱི་རང་བཞིན་གྱིས་སྨོན་ལམ་དང་། མོས་པ་མི་འདྲ་བ་གཉིས་འོངས་བ་ལ་གནམ་སའི་ཁྱད་པར་ཡོད་རེད་སྙམ་ཞིང་།
    དཔེར་ན་ཁྱིམ་ཚང་གཞན་མི་ཞིག་དང་། ཤ་ལེན་བྱས་ནས་ཤི་བ་དང་། ནང་དམེ་བྱུང་ནས་ཤི་བ་གཉིས་ལ་སྐྱེ་བརྒྱུད་ཕྱི་མ་གཉིས་ལ་ཡང་། ཕན་གནོད་བྱ་ས་མི་འདྲ་བ་གཉིས་སུ་གྱུར་པ་བཞིན་ནོ།།

  15. དགེ་རབ་ says:
    2016-12-03 at 1:30 pm

    རྒན་འཇམ་དཔལ་མཆོག་ལ།
    སྟོན་གྱི་འབྲས་བུའམ་གྲོ་ནས་སོགས་འབྲུའི་རིགས་བསྡུས་ཏེ་བསྐམས་པ་ལ་ཐང་མ་ཞེས་འབོད། ངས་འདི་ནི་ཨ་མདོ་བའི་ཁ་སྐད་ཙམ་ཞིག་མ་ཡིན་པར་བསམས་ནས་ལ་དྭགས་པའི་ཡུལ་སྐད་དུ་ཅི་ཟེར་དྲིས་པ་ཡིན། དེ་དྭངས་མའི་དོན་ནི་ཡིན་པར་མི་འདོད། གསེར་ལ་ཞུན་མ་ཞེས་འབྲི་དགོས་དྲན། དྲ་ཐོག་གི་དཔེ་མཛོད་ནས་བཙལ་སྐབས་འདི་འདྲ་རྙེད།
    དེབ་ཐེར་སྔོན་པོ་ལས་སྟག་ལུང་ཐང་པ་ཆེན་པོ་བཀྲ་ཤིས་དཔལ་གྱི་རྣམ་ཐར་འཆད་སྐབས་སུ་
    “དེ་ནས་སྐབས་ཤེད་དུ་ཐང་སྐྱ་ནས་སྟེང་ཁང་དུ་བྱོན་ཙ་ན་མོ་མ་ཅིག་ལ་ཕག་མོ་གྲུ་པའི་སྐུ་ཆ་བཏབ། མཐུ་བོ་ཆེ་ཅིག་འདུག གསེར་གྱི་ཐང་མ་བརྡལ་བ་བསྡུ་ཟེར” ཞེས་འབྱུང་།

    ཞྭ་དམར་པཎ་ཌི་ཏའི་རྣམ་ཐར་དུ། “གཉེན་བཤེས་འཁོར་འབངས་ཚོང་འདུས་མགྲོན་པོ། སྟོབས་འབྱོར་རྨི་ལམ་གསེར་གྱི་ཐང་མ ། །མཚན་སྙན་བྲག་ཅའི་གདངས་སུ་དགོངས་ནས། །འདི་སྣང་འཁྲི་བ་རྦད་ཀྱིས་ཆོད་མཛོད།།” ཞེས་པའི་ཚིགས་བཅད་ཅིག་འབྱུང་།

    བླ་མ་དགོངས་པ་འདུས་པ་ལས༔མཁའ་འགྲོའི་ལས་ཚོགས་རྟེན་འབྲེལ་མོ་རྩིས་ཀྱི་སྐོར་མཁའ་འགྲོ་ལྔ་སྐོར་བཞུགས་སོ༔ཞེས་པ་ལས། “ནོར་ཕྱྭ་ལ༔ གཡང་ར་ཁྱུད་མོ་རུ༔ གསེར་གྱི་ཐང་མ་བརྡལ༔ གཡང་སྐྱབས་དང་གསེར་འོད་འདོན་ན༔ བཙན་ཕྱུག་དར་བར་འོང་སྐད་དོ༔” ཞེས་འབྱུང་།

    ཨིན་སྐད་དུ་འདི་ལ་ Malt འམ་ ཡང་ན་ Malting ཟེར་ཞེས་ཕྲན་གྱི་གྲོགས་པོ་ཞིག་གིས་བརྗོད། དེའི་ཁུངས་འདི་ན་ཡོད། https://en.wikipedia.org/wiki/Malt

  16. ཁྱུང་སེ། says:
    2016-12-03 at 5:13 pm

    ཐང་མ་ཞེས་པ་ནི་བོད་ལ་སྟོད་པའི་ཁ་སྐད་དུ་འབྲུ་རིགས་ཐང་ལ་བཀྲམས་པ་ལ་ཟེར། ཐང་མ་བརྡལ་ཞེས་པ་ནི་འབྲུ་རིགས་ལས་སོགས་ཐང་ལ་རྒྱ་ཆེར་བཀྲམ་པའི་དོན། འོན་ཀྱང་ཐང་མ་ཞེས་པ་འབྲུ་རིངས་གཅིག་པོ་ལ་གོ་བ་མེད། འབྲོག་པས་ཕྱུར་བ་སྨྱུག་སླས་ནང་དུ་ཉི་མར་བསྐམས་པ་ལ་ཐང་མ་ཞེས་འབོད།

  17. ཨ་ཁུ་འབྲོག་པ། says:
    2016-12-03 at 7:14 pm

    གཏམ་རྒྱུད་གསེར་ཐང་མའི་མ་ཡིག་གང་དུ་ཡོད་མེད་ཧོར་གཙང་འཇིགས་ལེད་ལ་དྲིས་ན་ཕལ་ཆེར་ཞྭ་སྒབ་པར་བྱུང་བ་རེད་གསུང་མདོག་ཁ། ཐང་མའི་ཐད། ཤར་ཁུམ་བུ་བ་རྣམས་ཀྱིས་ཀྱང་འབྲུ་རིགས་ཐང་ལ་བཀྲམས་པའམ་བསྐམས་པ་ལ་ཐང་མ་བསྐམས་པ་ཞེས་ཟེར། གཏམ་རྒྱུད་གསེར་གྱི་ཐང་མའི་གོ་དོན་ནི་གསེར་དང་གོང་ཐང་མཉམ་པའི་དོན་ཡིན་མཆི་སྙམ།

  18. དགེ་རབ་ says:
    2016-12-03 at 7:24 pm

    ཁྱུང་སེ་དང་ཨ་ཁུ་འབྲོག་པ་གཉིས་ལ་ཐུགས་རྗེ་ཆེ།

  19. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-12-03 at 11:25 pm

    རྣམ་དཔྱོད་ཡངས་པ་དགེ་འདུན་རབ་གསལ་མཆོག་ལ། བློ་སྐྱེད་ཤིན་ཏུ་ཆེ་བ་བྱུང་། ཐུགས་རྗེ་ཆེ། ལ་དྭགས་ལ་རི་ལུང་མེད་པའི་ས་ཆ་ལ་ཐང་ཟེར། འོན་ཀྱང་ཆམ་པ་རྒྱབ་ན། ཐང་ཞེས་པའི་སྨན་ཞིག་ཡོད་པ་བསྐོལ་ནས། འཐུང་། དོན་དུ་དེ་ཉིད་ཐང་ཡིན་ནམ། དྭངས་ཡིན་དོགས་པ་ཡོད།

  20. ཀརྡོ་རབ་འབྱམས་པ་ says:
    2016-12-04 at 2:39 am

    འདིར་འདིའི་ཐང་ནི། ཐང་ཡིག་ཅེས་པའི་རང་རྣམ་མམ། ལོ་རྒྱུས་ལ་གོ་བའམ། ཐང་དུ་བཀྲམས་པ་གཉིས་ལས། གཞན་དུ་འགྲོ་ས་མེད། འདི་གཉིས་ཀྱང་མཛད་པ་པོ་དགེ་ཆོས་ལགས། ཁོང་རང་གི་ཀུན་སློང་དང་། ཁོང་གི་བྲིས་པའི་ཚིག་གིས་གྲོས་ནས་ཚོད་དཔག་བྱ་རྒྱུ་ལས་ལྷག་མི་འདུག་སྙམ་མོ།།

  21. ཀརྡོ་རབ་འབྱམས་པ་ says:
    2016-12-04 at 2:41 am

    He called the book Grains of Gold: Tales of a Cosmopolitan Traveler.
    འདི་ལྟ་བུའི་བསྒྱུར་ཟིན་པའི་གོ་དོན་གཅིག་པུ་ལ་ཆ་བཞག་ནས་བསྡད་ན་མི་འགྲིག

  22. གནམ་ says:
    2016-12-04 at 4:54 am

    གསེར་གྱི་ཐང་མ་ཟེར་ན། གསེར་གྱི་ནང་གི་་གསེར་ཐང་མའམ་གཙང་མ། ཡང་ན་དྭངས་མ་དེ་གསེར་ལྷད་མེད་ཡིན་ཟེར་གྱིན་ཡོད་པ་རེད།
    འདི་ལ་རིན་ཐང་ངམ་མར་ཕྱུར་ཐང་མ་བརྡལ་བ་ལ་གོ་ན། སྤྱང་མདོག་བསྟན་པ་མང་དྲག་པའི་སྐྱོན་ཡོད་པ་མ་ཡིན་ནམ།
    ཤ་དང་སྨན་རྩྭ་སོགས་གདུས་བའམ་བཙགས་པའི་ཁུ་ཆུ་ལ་ཁུ་ཐང་ཟེར། དབྱིན་ཡིག་གི་བསྒྱུར་ལ་གཞི་བཅོལ་ན། ངོ་ཚ་རང་ཚོས་ཉོས་བ་ལས་གཞན་མི་འདུག་པ་ཤེས་དགོས།

  23. ལོ་ཡག says:
    2016-12-04 at 8:19 am

    བོད་དགེ་ལ་དྭགས་བློ་འཇམ་ལགས་ཀྱིས། “ལོ་ཙཱ་པ” ཞེས་པའི་ “ཙཱ” ཡིག་གི་འ་ཆུང་ཕྱིས་ཏེ་ “ལོ་ཙ་པ” ཞེས་བྲི་ན་དག་པར་འདོད་ཅིང་། རྒྱུ་མཚན་དུ། ལེགས་སྦྱར་གྱི་ཡི་གེ “ལོཀ” སྟེ་འཇིག་རྟེན་དང་ “ཙཀྵུ” སྟེ་མིག་གཉིས་ཀྱི་ཡི་གེ་དང་པོ་གཉིས་ལྷན་ཅིག་བསྡེབས་རྟིང་། བོད་རང་གི་བདག་སྒྲ་སྦྱར་བས་ “ལོ་ཙ་པ” ཞེས་སུ་གྲུབ་པར་བརྗོད་པ་ནི་ལེགས་བཤད་དུ་འཁུམས་ཏེ། མངོན་བརྗོད་ཀྱི་གཞུང་ན་སྒྱུར་བྱེད་ཀྱི་མིང་གི་རྣམ་གྲངས་ལ་ “འཇིག་རྟེན་མིག” ཅེས་འབོད་པ་འདིས་ཤེས།

    རྒན་བློ་འཇམ་ལགས་སུ་དྲི་བ་གཅིག་དྲི་རྒྱུ་ལ། རང་རེའི་ཡིག་རྙིང་ལ་ལར་ “ལོ་ཙྪ་པ” ཞེས་ཀྱང་འབྱུང་ན། ཉིད་ལ་དེའི་རྒྱུ་མཚན་གསུང་རྒྱུ་ཡོད་དམ།

  24. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-12-04 at 9:41 am

    ལོ་ཡག་ལེགས།“ལོ་ཙྪ་པ” ཞེས་ངས་ཀྱང་མཐོང་ཡང་། དེ་ཉིད་ཇི་ལྟར་བྱུང་བའི་ཁུངས་མ་ཤེས། ལོ་ཙཱ་བ། ཞེས་བྲིས་པ་དེ་ལ་“ཙཀྵུ” ཞེས་པའི་སྒྲ་ལ་བརྟེན་ནས་བྱུང་། དེ་ཡང་ཕ་རོལ་ན་སྟེ། མཇུག་ན་གསལ་བྱེད་བརྩེགས་མ་ཡོད་ན། དབྱངས་ཡིག་དེ་རིང་པོར་འབོད་དགོས། ལེགས་སྦྱར་སྐད་དུ་མ་ཟད། ཨིན་སྐད་དུ་ཡང་རིང་པོར་འདོན། སྔོན་མ་ཨ་རིར་ཀུ་ཤུ་ཟ་བར་འདོད་ནས། ཟ་ཁང་གི་ལས་བྱེད་མོར། EPPLE ཞེས་ལབ་ཀྱང་གོ་བརྡ་མ་འཕྲོད་པ་ན། ལངས་ཏེ་ཀུ་ཤུ་བསྟན་པ་ན། མོས་EPPLE ཞེས་ཡི་གེ་དང་པོ་དེ་ཤུགས་ཆེ་བར་འབོད་སོང་། འདི་ལྟར་རྒྱ་གར་པ་ཞིག་ལ་ཡང་བྱུང་བའི་ལོ་རྒྱུས་ཐོས།

  25. ཀརྡོ་རབ་འབྱམས་པ་ says:
    2016-12-04 at 11:04 am

    རྒན་འཇམ་དཔལ་ལགས་ཀྱིས། རང་གི་དགུང་ན་མཐོ་བ་ལས་ལྷག་པའི་བོད་ཡིག་བོད་སྐད་ཀྱི་དག་ཆར་དག་ཐེར་ཐོན་པོར་རྒྱུན་རིང་གནང་བར་རྗེས་སུ་ཡི་རང་ཞུ། དྲ་གྲོགས་བགྲེས་པ་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས། ཁྱེད་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུའོ།།

  26. དགའ་བྱེད། says:
    2016-12-04 at 1:05 pm

    ལོ་ཙཱ་བ་ཞེས་པ་ཏག་ཏག་འགྲིག་བསྡད་ཡོད། ལོ་ཀ་ ཙཀྵུ་ཞེས་པ་བསྡུས་ཏེ། ཡི་གེ་མགོ་མ་གཉིས་བླངས་ཏེ། བོད་སྐད་དུ་ལོ་ཙཱ་བ་ཞེས་པ་ཤིན་ཏུ་འགྲིག།

    རྒན་པོ་བློ་བཟང་འཇམ་དཔལ་གྱིས་ཐང་མ་ཞེས་པའི་གོ་བ་ཁྱོན་ནས་ལོན་མི་འདུག མ་གཞི་ནས་བོད་སྐད་བཤད་མཁན་ངོ་མ་ཞིག་མིན་པ་འདྲ།
    ཐང་མ་ཟེར་བ་འབྲུ་རིགས་ཉི་མར་སྐེམ་པའི་དུས། ཐང་ལ་བརྡལ་ཡོད་པ་དེ་ལ་ཐང་མ་ཟེར།

    དེ་ནས་རབ་གསལ་ལགས་ཀྱིས་balt, balting ཞེས་པ་ཐང་མའི་དོན་མ་རེད། དེ་གཞན་ཞིག་རེད། ཆང་ལ་སོགས་བསྙལ་བའི་དུས་གླུམ་རྒྱག་པའི་འབྲུ་ལ་ཟེར་བ་རེད།

  27. ཀླུ་སྨྱོན། says:
    2016-12-04 at 9:09 pm

    ཐང་མ་ཞེས་པ་ནི་སིལ་བུར་བཀྲམས་པ་ལ་གོ

  28. དགེ་རབ་ says:
    2016-12-04 at 9:21 pm

    འདིར་ཕེབས་པ་ལ་བཟང་ངོ་ཞུ། དེབ་དེ་ཉོ་ན་འདི་ན་འདུག
    http://press.uchicago.edu/ucp/books/book/chicago/G/bo17041383.html
    དེབ་འདི་ལ་གཟིགས་ཙམ་གནང་ན། འདི་ནས་གཟིགས་ཐུབ། https://books.google.com/books?id=XSZnAgAAQBAJ&pg=PA8&lpg=PA8&dq=grains+of+gold+tibetan&source=bl&ots=Dm_aeW1mUu&sig=bheYdq84lkwmUO4TiLuNrR425Ng&hl=en&sa=X&ved=0ahUKEwixjLKS_dvQAhXCqlQKHTIhDHwQ6AEIQTAK#v=onepage&q=grains%20of%20gold%20tibetan&f=false
    བསྐྱར་ཞིབ་ཅིག་འདི་ན་འདུག
    http://mountainphoenixovertibet.blogspot.com/2014/07/book-review-grains-of-gold-by-gedun.html

  29. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-12-04 at 10:19 pm

    ཐང་ལ་བརྡལ་ཡོད་པ་དེ་ལ་ཐང་མ་ཟེར།་ངེད་ཀྱིས་འདོད་པའི་ཐང་དང་ཁྱོད་ཀྱི་ཐང་གཉིས་དོན་སོ་སོར་རེད་འདུག ཁོ་བའི་ཡུལ་དུ་འབྲུ་ནས་ཐང་ལ་བརྡལ་རྒྱུ་ཕར་ཞོག གྲོད་པ་འགེངས་པ་ཡང་ཟ་རྒྱུ་དཀོན་པོ་ཡོད་པ་ཡིན།་དིང་སང་རྒྱ་ཐང་ནས་འབྲུ་རིགས་མོད་པོ་རླངས་འཁོར་ལས་དྲངས་ཡོད་པས། ལ་དྭགས་པ་དག་གིས་སྔོན་བཞིན་ཞིང་འབད་པའི་ལས་ལ་མི་བརྩོན། སྔར་རིན་ཐང་ཅན་གྱི་མ་ཞིང་སྒང་དུ་སྡོད་ཁང་བརྩིགས་དང་། རྩིག་བཞིན་པ་འདུག ཨ་མས་འབྲུ་ཡོས་རྔོ་དུས་ས་ལ་འབུད་པའི་འབྲུ་རྡོག་རྣམས་འཐུ་རུ་བཅུག
    ས་ལ་འབུད་པའི་འབྲུ་རྡོག་ལ་ཁྱོད་ཀྱིས་ཐང་ལ་འབུད་པའི་འབྲུ་རྡོག་ལབ་ངེས་བསམས།
    ་
    ལུང་པ་རེ་ལ་སྐད་ལུགས་རེ།
    བླ་མ་རེ་ལ་ཆོས་ལུགས་རེ།

    ཟེར་སྲོལ་འདུག

  30. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-12-04 at 10:36 pm

    ཀརྡོ་རབ་འབྱམས་པ་མཆོག་ལ་ཐུགས་སྨོན་མཛད་པར་བཀའ་དྲིན་ཆེ། ལ་དྭགས་ཏོག་མཁར་ན་བཞུགས་པའི་བཀའ་འགྱུར་བྲིས་མའི་གྲས། རྒྱ་ཆེར་རོལ་པ་ཞིག་འབུལ་ངེས། དགྱེས་བཞེས་ཀྱིས་ཨིན་སྐད་དུ་བསྒྱུར་པ་སོགས་དང་བསྡུར་ནས་ཀློག་པར་མཛོད།

  31. ལོ་ཡག says:
    2016-12-04 at 10:59 pm

    ༡། དགའ་བྱེད་ལགས། “ལོ་ཙ་བ” ཞེས་པ་ལེགས་སྦྱར་ “ལོཀ” དང་ “ཙཀྵུ” གཉིས་ཀྱི་ཡི་གེ་དང་པོ་གཉིས་ལས་གྲུབ་པར་ཁྱེད་ཀྱང་འདོད་ན། གཟིགས་དང་། “ཙཀྵུ” ཞེས་པའི་ཡི་གེ་དང་པོ་ “ཙ” ཡིག་ལ་འ་ཆུང་འདུག་གམ། མི་འདུག་ན་དེ་ལྟར་སྦྱར་བ་རང་བཟོ་མ་རེད་དམ། འདི་ལ་ལན་ཡོད་པ་ཞུ།
    འོན་ཀྱང་། བདག་སྒྲ་ལ་ “བ་པ” གང་སྦྱོར་མིན་དེ་རིང་ལུགས་མི་འདྲ་བ་གཉིས་ཡོད་པས་རང་རང་ལུགས་སུ་བྱས་ཆོག་སྟེ། ང་ཡང་ཁྱེད་ལྟར་དུའོ།

    ༢། རྒན་བློ་འཇམ་ལགས། ཉིད་ཀྱིས་ལོ་ཙཱ་པ་ཞེས་པའི་ཙ་ཡིག་གི་འ་ཆུང་ངམ་རིང་ཆ་འདོར་དགོས་ཞེས་དངོས་སུ་བརྗོད་མི་འདུག་ཀྱང་། དགེ་ཆོས་ཀྱི་གསུང་ཞིག་ན་ ལོ་ཙ་པ་ ཞེས་འ་ཆུང་མེད་པ་ཅན་བཀོད་པ་ཤེས་བྱེད་དུ་ལན་གྲངས་གཉིས་སུ་དྲངས་འདུག་པས་ཉིད་ཀྱི་དགོངས་པ་དེ་ལྟར་ཡིན་ཤག་བྱས་མོད། འོན་ཀྱང་། རྗེས་སུ་ཕྲན་ལ་བཏབ་པའི་ལན་དུ། “ལོ་ཙཱ་བ། ཞེས་བྲིས་པ་དེ་ལ་ ཙཀྵུ ཞེས་པའི་སྒྲ་ལ་བརྟེན་ནས་བྱུང་། དེ་ཡང་ཕ་རོལ་ན་སྟེ། མཇུག་ན་གསལ་བྱེད་བརྩེགས་མ་ཡོད་ན། དབྱངས་ཡིག་དེ་རིང་པོར་འབོད་དགོས། ལེགས་སྦྱར་སྐད་དུ་མ་ཟད། ཨིན་སྐད་དུ་ཡང་རིང་པོར་འདོན” ཞེས་ལྡོག་སྟེ་གསུངས་འདུག་ན། དོན་དུ་ཉིད་ཀྱི་འདོད་ཚུལ་གང་ཡིན་ནམ། སྒྲ་རིང་ཆ་ཅན་དུ་འདོད་ན། འ་ཆུང་སྦྱར་དགོས་པར་མ་ཐལ་ལམ། ལེགས་སྦྱར་གསལ་བྱེད་བརྩེགས་མ་ཅན་ཡོད་ཚད་ཀྱི་གོང་གི་ཡི་གེ་གང་ཡིན་ཐམས་ཅད་དབྱིངས་རིང་ཆ་ཅན་དུ་གདོན་དགོས་སམ། ཞིབ་ཏུ་གསུང་མཁྱེན།

  32. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-12-05 at 12:47 am

    རྣམ་དཔྱོད་ཡངས་པ་ལོ་ཡག་མཆོག་ལ།
    སྔོན་དུ་བཤད་པ་ལྟར་ལེགས་སྦྱར་སྐད་དུ་ཀློག་ཚུལ་དང་འབོད་ཚུལ་དེ་ལྟར་ལགས་ཀྱང་། བོད་སྐད་དུ། ལོ་ཙ་པ་ཞེས་པར་ གསལ་་བྱེད་ཡི་གེ་བརྩེགས་མ་མེད་པས་ཙ་ཡིག་དེ་རིང་པོར་མི་རུང་།་
    སྔོན་གྱིས་བོད་སྐད་དུ། བདག་སྒྲ་ལ་པ་མ་གཏོགས་མེད་པ་གཞིར་བཅས་སུམ་ཅུ་པ་ན་ཡང་དེ་ལྟར་བཤད། ཕྱིས་སུ་སྐད་གྱུར་པའི་དབང་གིས་དབུས་གཙང་དུ།

    ང་འ་ར་ལ་མཐའ་མེད་མཐར།
    །བདག་སྒྲ་ཡར་གྱུར་བ་དང་ནི།
    །ཆ་ལ་པ་ཉིད་སྦྱོར་བ་ལེགས། །

    ཞེས་དབྱངས་ཅན་གྲུབ་པའི་རྡོ་རྗེས་གསུངས། འོན་ཀྱང་སྐད་འགྱྲར་བའི་དབང་གིས་མདོ་སྨད་པ་དག་གིས་ཡི་གེ་དེ་དག་གིས་རྗེས་སུ་བ་ཡིག་ཁོ་ན་བཀོལ། འོན་ཀྱང་སྔར་བྲིས་པའི་དཔེ་ཆ་དག་དང་མཐུན་པར་སི་ཏུ་པཎ་ཆེན་གྱིས་བདག་སྒྲ་ལ་པ་ཡིག་འབའ་ཞིག་དགོས་གསུངས།
    སྔར་གྱི་བོད་སྐད་འདོན་པའི་་ཡུལ་དབེན་པ་དག་ཏུ་བོད་སྐད་ཀྱི་སྒྲ་གདངས་མ་གྱུར་པར་འབོད་པ་ཡོད ། དཔེར་ན། ལ་དྭགས་པ་ལྟ་བུའི་མིས་རྒྱ་གར་པ་དང་། ལྷ་ས་པ་ཟེར། ཨ་མདོ་པ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། རྒྱ་གར་པ་ཞེས་སོགས་སྔར་གྱི་བོད་སྐད་སྤྱོད་པར་འབད་བརྩོན་མཛད་དོ།

  33. ཀརྡོ་རབ་འབྱམས་པ་ says:
    2016-12-05 at 12:52 am

    ་་་་་་་ དཔེར་ན། ལ་དྭགས་པ་ལྟ་བུའི་མིས་རྒྱ་གར་པ་དང་། ལྷ་ས་པ་ཟེར། ཨ་མདོ་པ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། རྒྱ་གར་པ་ཞེས་སོགས་སྔར་གྱི་བོད་སྐད་སྤྱོད་པར་འབད་བརྩོན་མཛད་དོ། ་་་་་་་

  34. ལོ་ཡག says:
    2016-12-05 at 6:35 am

    རྒན་བློ་འཇམ་མཆོག་གི་བདག་སྒྲའི་འདོད་ལུགས་ལ་མོས་མཐུན་མེད། དེ་ཡང་ཆགས་སྡང་གིས་མིན། རྒྱུ་མཚན་ཡོད། དེ་གང་ཞེ་ན། རྩ་བའི་དབང་དུ་བྱས་ནས་དང་། ལག་ལེན་དབང་དུ་བྱས་ནས་ཏེ། ཕྱོགས་གཉིས་ཀྱི་སྟེང་ནས་ཁྱེད་ཅག་ལ་མི་འདོད་པའི་འགལ་འདུ་འབབ་པར་འདོད་པའོ།

    དང་པོ། རྩ་བའི་དབང་དུ་བྱས་ན།
    གང་མིང་གི་ནི་མ་མཐའ་ན། །
    པི་ལངྒ་ཡི་སྒྲ་མེད་པ། །
    དེ་ལ་པི་ལངྒ་སྦྱར་ན། །
    བདག་པོའི་སར་ནི་ཤེས་པར་བྱ། །
    ཞེས་པ་བོད་སྐད་འབའ་ཞིག་གི་དབང་དུ་བྱས་ན།
    གང་མིང་གི་ནི་མ་མཐའ་ན། །
    ཕོ་ཡི་རྟགས་ཀྱི་སྒྲ་མེད་པ། །
    དེ་ལ་ཕོ་ཡི་རྟགས་སྦྱར་ན། །
    བདག་པོའི་སར་ནི་ཤེས་པར་བྱ། །
    ཞེས་སུ་ཁྱེད་ཅད་འདོད་ཅིང་འགྲེལ་མོད། དྲི་བ་འདི་ཡོད་དེ། སྐབས་འདིའི་ “ཕོ” དེ་བདག་པོ་ཕོ་མོའི་དབང་དུ་བྱས་པའི་ཕོ་ལ་འདོད་དམ། ཡང་ན། ཡི་གེ་ཕོ་མོའི་དབང་དུ་བྱས་ནས་ཕོ་ལ་འདོད། ཅེས་དྲིས་ན། ཡི་གེ་ཕོ་མོའི་དབང་དུ་བྱས་པའི་ཕོ་ཡིག་ལ་འདོད་དོ་ཞེས་ཁྱེད་ཅག་ལན་ལྡོན་ངེས་གཏན་ཡིན། དེ་ལྟར་ན། པ་པོ་གཉིས་གཅིག་པུ་ལས་བ་བོ་ཕར་ཟད་མ་མོ་གཉིས་ཀྱང་བདག་སྒྲར་མ་བསྟན་པས་མ་མོ་གཉིས་བདག་སྒྲར་ཇི་ལྟར་འགྲུབ། ཕོ་ཡིག་གི་ཟླ་ལ་མོ་ཡིག་ཤུགས་སུ་བསྟན་ཏོ་ཞེ་ན། དེ་ལྟར་ན། བ་བོ་ཡང་ཤུགས་ལ་བསྟན་པ་ཇི་ལྟར་འགལ་སྟེ། མ་མོ་ལྟར་བ་བོ་ཡང་མོ་ཡིག་ཡིན་པ་མཚུངས་པས་སོ། །དེས་ན་ཁྱེད་ཅག་ལ་རྩ་ཚིག་གི་དབང་དུ་བྱས་ཏེ། མ་མོ་བདག་སྒྲ་ལ་ཇི་ལྟར་གྲུབ་པར་གྱུར་པ་དེ་ལྟར། བ་བོ་གཉིས་ཀྱང་འགྲུབ་པར་འགྱུར་ཏེ། ཁྱད་པར་གྱི་རིགས་པ་སྤུ་ཙམ་ཡང་མེད་པའི་ཕྱིར།
    བདག་སྒྲ་གང་ཟག་ཕོ་མོའི་དབང་དུ་བྱས་པའི་ཕོ་ལ་ཏན་ཏན་ཁྱེད་ཅག་ཀྱང་མི་འདོད་པས་དགག་སྒྲུབ་ཀྱི་དགོས་པ་མེད་སྙམ།
    དེས་ན་ཁྱེད་ཅག་ལ་རྩ་བའི་དབང་དུ་བྱས་ནས། མ་མོ་དང་མི་མཚུངས་པར་བ་བོ་བདག་སྒྲ་ལས་གཅོད་པའི་རིགས་པ་ཅི་ཡོད་དམ། ཡོད་ན་སྨྲོས་ཤིག་དང་། ཤེས་འདོད་ཆེའོ། །

    གཉིས་པ། ལག་ལེན་གྱི་དབང་དུ་བྱས་ནས་འགལ་བ་བརྗོད་པ་ལ། དཔེར་ན། དཔའ་བོ། བཟོ་བོ། ཁྲོ་བོ། ཁོལ་བོ། གཙོ་བོ། མཛེ་བོ། རྣལ་འབྱོར་སྤྱོད་པ་བ། འཆད་ཁ་བ། ཤ་ར་བ། ཞེས་སོགས་བ་བོ་བདག་སྒྲ་ཅན་ཤིན་ཏུ་མང་པོ་སྔར་གྱི་བསྟན་བཅོས་ཚད་ལྡན་རྣམས་ན་མཇལ་རྒྱུ་ཡོད། དེ་དག་ཚང་མ་ནོར་བར་འདོད་དམ། ཁྱེད་ཅག་ལྟར་ན་དེ་དག་བདག་སྒྲ་མ་ཡིན་པས། བདག་སྒྲ་ཅན་དུ་བསྒྱུར་བ་ལ། དཔའ་བོ་པ་འམ་ཡང་ན་དཔའ་བོ་པོ་ཞེས་བྲི་དགོས་པར་ཐལ་ཏེ། དེ་ལྟར་ན་ཅི་འདྲས་དགོད་བྲོ་བ་ལའང་།
    “པུ” ཕོ་ཡིག་ལ་འཇུག་པའི་དབང་དུ་བྱས་ན་འང་བ་བོ་བདག་སྒྲ་ལ་མ་གྲུབ་པར་མི་འགྱུར་བར། གྲུབ་པར་འགྱུར་ཏེ། མ་མོ་དང་ཕྱོགས་ཀུན་ནས་མཚུངས་པས་སོ། །འོན་ཀྱང་། དངུལ་ཆ་ཡབ་སྲས་དང་། སྨི་ཏི། ཞྭ་དམར་བ་སོགས་སུམ་རྟགས་མཁན་པོ་མང་པོ་ཞིག་ནི། བ་བོ་བདག་སྒྲར་འདོད་སྟངས། པུ་ཡིག་པ་སྡེ་ལ་གོ་བའི་དབང་དུ་བྱས་ཏེ། པ་བ་མ་གསུམ་ན་རོ་ཅན་དང་བཅས་པ་བདག་སྒྲར་བཞེད་དེ། དེ་ལྟར་གོ་བའི་རྒྱུ་མཚན་ནི། དབྱངས་ཅན་སྒྲ་མདོ་ལས། ཀུ་ཙུ་ཊུ་དུ་པུ་སྡེ་བ་རྣམས་སོ། །ཞེས་ཀུ་ཀ་སྡེ་ལ་གོ་བ་དང་། ཙུ་ཞེས་པ་ཙ་སྡེ་ལ། ཊུ་ཞེས་པ་ཊ་སྡེ། ཏུ་ཞེས་པ་ཏ་སྡེ་ལ་གོ་བའི་ལུགས་སུ་རིགས་བསྒྲེས་ཏེ་དེ་ལྟར་བཀྲལ་ལོ། ། ལག་ལེན་ནམ་བོད་སྐད་རང་གི་ངོས་ནས་བལྟས་ན། འགྲེལ་ལུགས་འདི་ཁོ་ན་ལས་བཤད་ལུགས་གཞན་གྱི་རྗེས་སུ་འབྲངས་ན་ནི་རྩ་ནས་རྙོག་གཞི་དེངས་པའི་ཐབས་མེད་དོ། །

    ལ་ལས་སི་ཏུ་པཎ་ཆེན་བོད་ཀྱི་བརྡ་སྤྲོད་སྨྲ་བའི་ཏོག་ཏུ་བརྩིས་ཏེ། སི་ཏུའི་ལུགས་འཛིན་མོད། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཞེས་གསུངས་པ་མ་ཐོས་སམ། སི་ཏུ་ལས་ལྷག་པའི་བརྡ་སྤྲོད་མཁན་པོ་ཞིག་ང་ཡང་ཡོད་པར་མི་འདོད་མོད། གསུང་ཚད་ཐམས་ཅད་པོ་དག་པར་བརྩིས་ཏེ་གཞན་གྱི་ཡང་དག་པའི་རིགས་ལམ་འགོག་པ་ནི་མི་རིགས་པའི་ཕུལ་ལོ། །
    ལར་ནས་བོད་ཀྱི་སྐད་ཡིག་གི་འཁོར་རྒྱུགས་འདི་ལྟར་གུ་དོག་ཏུ་གཏོང་བ་ལ་དགོས་པ་ཅི་ཡོད་དམ། དགོངས་པ་ཡང་དག་པར་བཞེས་ཤིག

  35. ལོ་ཡག says:
    2016-12-05 at 6:41 am

    ད་ནི་མང་པོ་མི་བརྗོད། མདོ་དང་བསྟན་བཅོས་ན་ཡོད་པའི། དཔའ་བོ། བཟོ་བོ། ཁྲོ་བོ། ཁོལ་བོ། གཙོ་བོ། མཛེ་བོ། རྣལ་འབྱོར་སྤྱོད་པ་བ། འཆད་ཁ་བ། ཤ་ར་བ། ཞེས་སོགས་བ་བོ་བདག་སྒྲ་ཅན་དེ་རྣམས་ཐག་གཅོད་ཇི་ལྟར་བྱེད། དེ་ལ་ལན་དགོས།

  36. ལོ་ཡག says:
    2016-12-05 at 7:08 am

    གཞན་ཡང་”དགའ་བོ” དང་ “མཛའ་བོ་” ཞེས་མདོ་མཛངས་བླུན་ན་ཡང་ཡང་མཇལ་རྒྱུ་ཡོད། དེང་གི་དབང་དུ་བྱས་ན་འང་། དགའ་བོ་དང་དགའ་མ། མཛའ་བོ་དང་མཛའ་མོ། ཞེས་བདག་སྒྲ་ལ་སྤྱོད་མུས་ཡིན། གལ་སྲིད། དགའ་བོ་ཡི་བོ་སྒྲ་དོར་ཏེ། པོ་སྒྲ་སྦྱར་ན་ནི། དགའ་པོ་སྟེ། བྱ་བའི་མིང་མཐའ་ལ་སོང་ན་དོགས་གཞི་ཅི་ཞིག་ལྷག་ཡོད། མཁྱེན་ལྡན་དག སྨྲ་བའི་སྒོ་མོ་ཕྱེས་དང་། ང་ལ་བློ་བསྐྱེད་དགོས།

  37. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-12-05 at 10:34 am

    ལོ་ཡག་མཆོག་ལ་ཞུ་དགོས་པ་ཞིག་ལ་མིང་མཐའ་དང་བདག་སྒྲ་གཉིས་གོ་དོན་གཅིག་པར་ངོས་འཛིན་ན། གོ་རྙོག་གི་ཆུས་་ལུང་པ་གང་ངོ་།

  38. ལོ་ཡག says:
    2016-12-05 at 11:37 am

    རྒན་བློ་འཇམ་མཆོག་ལ་ཞུ་རྒྱུར། མིང་མཐའ་དང་བདག་སྒྲ་གཉིས་ནམ་ཞར་ཡང་གཅིག་ཏུ་མི་འདོད། གུས་པས་དགའ་བོ་ཞེས་པའི་བོ་ཡིག་བདག་སྒྲ་དང་། དགའ་པོ་ཞེས་པའི་པོ་ཡིག་མིང་མཐའ་རེད་ཅེས་བརྗོད་ཡོད།

    ཡང་དཔའ་བོ། བཟོ་བོ། ཁྲོ་བོ། ཁོལ་བོ། གཙོ་བོ། མཛེ་བོ། རྣལ་འབྱོར་སྤྱོད་པ་བ། འཆད་ཁ་བ། ཤ་ར་བ། མཛའ་བོ། ཞེས་པ་རྣམས་ཀྱི་བ་བོ་རྣམས་བདག་སྒྲ་འབའ་ཞིག་ལས། མིང་མཐའ་ལ་གཏན་ནས་བརྗོད་མེད། དེས་ན་གུས་པས་མིང་མཐའ་དང་བདག་སྒྲ་གཉིས་གཅིག་ཡིན་པར་གང་ན་བརྗོད་འདུག རྩ་ནས་བཤད་མེད།

  39. ཨ་ཁུ་འབྲོག་པ། says:
    2016-12-05 at 12:48 pm

    མདོ་དོན་སྙིང་པོ་༼རྒྱལ་ཁམས་རིག་པས་བསྐོར་པའི་གཏམ་རྒྱུད་གསེར་གྱི་རིན་ཐང་མ་༽ཡི་དོན་ལས་འདའ་ས་མེད་དོ། །

  40. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-12-06 at 6:30 am

    ལོ་ཡག་ལེགས་ལ་ཞུ་དགོས་པ་ནི།
    དཔའ་བོ། བཟོ་བོ། ཁྲོ་བོ། གཙོ་བོ། མཛའ་བོ། མིང་ཚིག་འདི་དག་གི་མཐའ་ན་ཡོད་པའི་བོ་ནི་བདག་སྒྲ་ཡིན་པར་བདག་གིས་ནམ་ཡང་མི་འདོད། མཛེ་བོ། ཞེས་པའི་དོན་ཅི་ཡིན་ནམ། མཛེ་ཅན་ཞེས་པའི་དོན་ཡིན་ནམ། རྣལ་འབྱོར་སྤྱོད་པ་པ། ཁོལ་པོ། ཟེར་མ་གཏོགས་བོད་ལེགས་སྦྱར་ཚིག་མཛོད་ན་མེད། དེཡང་བོད་ཀྱི་དཔེ་ཆ་རྙིང་པ་དག་ན་བཙལ་ནས་ཚིག་རྣམས་ཀ་ཁ་སོགས་རིམ་པས་བསྒྲིགས་པ་ཞིག་ཡིན་འདུག འོན་ཀྱང་དུང་དཀར་ཚིག་མཛོད་ཆེན་མོ་ན། ཕྱིས་ཀྱི་ལུགས་བདག་སྒྲ་འགྱུར་བ་དེ་གཙོ་་བོར་བཟུང་སྟེ། རྣལ་འབྱོར་སྤྱོད་པ་བ། ཞེས་བྲིས་ཤིང་ཁྱོད་དེ་ལུགས་ཀྱི་རྗེས་འབྲངས་ཡིན་བརྗོད་མི་དགོས། སྔོན་གྱི་དཔེ་རྙིང་འགའ་ཞིག་ན། བདག་སྒྲ་ལ་བ་བྲིས་པ་ཡོད་ན་ཁོ་བོར་བསྟན་དགོས་པ་ཡིན་ནོ།
    རྒྱ་ཆེར་རོལ་པ་ན།
    གར་གྱི་ལྟད་མོ་པ་དང་། འདིའི་ནང་གི་པ་དེ་བདག་སྒྲ་ཡིན་པས་བ་རུ་མི་བསྒྱུར་བའི་རེ་འདུན་བཅས་བྲིས།

  41. ལོ་ཡག says:
    2016-12-06 at 7:21 am

    རྒན་བློ་འཇམ་ལགས་སུ་དྲི་རྒྱུར།

    ༡། དཔའ་བོ། བཟོ་བོ། ཁྲོ་བོ། ཁོལ་བོ། གཙོ་བོ། མཛེ་བོ། མཛའ་བོ། དམེ་བོ། རྫི་བོ། དགའ་བོ། ཞེས་པའི་མིང་རྣམས་ཀྱི་བ་བོ་རྣམས་བདག་སྒྲར་མི་འདོད་ན། དཔའ་མོ། ཁྲོ་མོ། གཙོ་མོ། མཛེ་མོ། མཛའ་མོ། དམེ་མོ། རྫི་མོ། དགའ་མ། ཞེས་པའི་མ་མོ་རྣམས་བདག་སྒྲ་ཡིན་ནམ་མིན། ཡིན་ན་ནི། དེའི་ལྡོག་ཕྱོགས་རྣམས་བདག་སྒྲ་མིན་པའི་རྒྱུ་མཚན་ཅི་ཡོད། མིན་ན་ནི།
    གར་མ། གླུ་མ། ཆང་མ། གར་མ། ལྷ་ས་མ། བལ་མོ། ཁམས་མོ། ཞེས་སོགས་ཀྱི་མ་མོ་རྣམས་བདག་སྒྲ་ཡིན་པའི་རྒྱུ་མཚན་ཅི།

    ༢། གོང་བཀོད་དཔེར་བརྗོད་ཀྱི་བ་བོ་རྣམས་བདག་སྒྲ་མ་ཡིན་ན། སི་ཏུ་པཎ་ཆེན་གྱིས་བདག་སྒྲའི་དཔེར་བརྗོད། རྟ་པ། གསེར་པ། ཁ་ལོ་པ། འཕྲིན་ལས་པ། བྱེད་པོ། ལེན་པོ། གཏོང་པོ། གཏོང་པ་པོ། ཞེས་སོགས་ཀྱི་པ་པོ་རྣམས་བདག་སྒྲ་ཡིན་པའི་རྒྱུ་མཚན་ཅི་ཡོད།

  42. ལོ་ཡག says:
    2016-12-06 at 7:42 am

    འདི་ལའང་ལན་ཐོབས།
    ངས་ནས་ཉིད་ལ་ “རྗེས་འབྲང” འབྲི་བ་ལས་ “རྗེས་འབྲངས” ཞེས་བྲིས་ན་ནོར་བའི་རྒྱུ་མཚན་སྔ་མོ་ནས་ཞུས་ཟིན་མོད། ད་རིང་ཁྱེད་ཀྱིས་སླར་
    ཡང་ “ཁྱོད་དེ་ལུགས་ཀྱི་རྗེས་འབྲངས་ཡིན་བརྗོད་མི་དགོས” ཞེས་དམིགས་བཙུགས་ནས་བྲིས་འདུག དེས་ན་དངོས་པོ་བདག་བརྗོད་ཀྱི་སྒྲ་ལ་འདས་ཚིག་བྲིས་པའི་སུམ་རྟགས་མཁན་པོ་ད་སྔ་སུ་ཞིག་བྱུང་། མཚན་གསུང་མཁྱེན།

  43. ཀརྡོ་རབ་འབྱམས་པ་ says:
    2016-12-06 at 2:46 pm

    རྟ་པ། གསེར་པ། ཁ་ལོ་པ། འཕྲིན་ལས་པ། ནི་བྱེད་པ་པོ། ལེན་པ་པོ། གཏོང་བ་པོ། ། རྩོམ་པ་པོ། ལོ་ཙ་པ་རྣམས་བདག་སྒྲ་རེད།

  44. ཀརྡོ་རབ་འབྱམས་པ་ says:
    2016-12-06 at 2:58 pm

    ་་་་་་་ རྒྱ་ཆེར་རོལ་པ་ན།
    གར་གྱི་ལྟད་མོ་པ་དང་། འདིའི་ནང་གི་པ་དེ་བདག་སྒྲ་ཡིན་པས་བ་རུ་མི་བསྒྱུར་བའི་རེ་འདུན་བཅས་བྲིས། ་་་་་་་་་་་་་་་་་

  45. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-12-07 at 12:40 am

    ལོ་ཡག་ལེགས་ལ་རྗེས་འབྲངས་ལ་ཞུས་དག་མཛད་པར་ལེགས་གསོལ་ཞུ།
    “དཔའ་བོ། བཟོ་བོ། ཁྲོ་བོ། གཙོ་བོ། མཛའ་བོ། མིང་ཚིག་འདི་དག་གི་མཐའ་ན་ཡོད་པའི་བོ་ནི་བདག་སྒྲ་ཡིན་པར་བདག་གིས་ནམ་ཡང་མི་འདོད།” ཞེཨ་པར་སྤྱིར་བོད་སྐད་ལ་འདོད་རྒྱལ་དང་། རྗེས་སྒྲུབ་གཉིས་སུ་དབྱེ། འདོད་རྒྱལ་ལ་བོད་མིང་ཚིག་རྣམས་དབྱངས་གཅིག་ལྡན་དུ་་སྣང་། དཔེར་ན། ས་ ཆུ་ མེ་ རླུང་། ལྟ་བུའོ།
    དབྱངས་གཅིག་ལྡན་གྱི་མིང་ཚིག་རྣམས་ལ་པ་སོགས་སྒྲ་བསྣན་ཏེ། དབྱངས་གཉིས་ལྡན་དུ་མཐོང་། དཔེར་ན། ཉི་མ། ཟླ་བ། ལྟ་བུ། སྒྲ་དང་པོ་རྣམས་དོན་ལྡན་ཡིན་ཀྱང་། གཉིས་པ་དེ་རྣམས་ལ་སྐབས་དེར་གོ་བ་གང་མེད། དེས་ན། “དཔའ་བོ། བཟོ་བོ། ཁྲོ་བོ། གཙོ་བོ། མཛའ་བོ། ཞེས་པ་དག་ལ་བདག་སྒྲ་སྦྱར་ན། “དཔའ་བོ་པ། བཟོ་པ། ཁྲོ་བོ་པ། གཙོ་བོ་པ། མཛའ་བོ་པ་ཞེས་ཕོ་ཡིག་མཐན་ཅན་དང་། དེ་བཞིན་ཏུ། “དཔའ་མོ། བཟོ་མ་། ཁྲོ་མོ། གཙོ་མོ། མཛའ་མོ། ་ཞེས་པ་ལྟ་བུ་མོ་མིང་མཐའ་ཅན་ཡིན། དེ་་དག་ལ་མོ་ཡི་བདག་སྒྲ་སྤྱར་ན། དཔའ་མོ་མ། བཟོ་མ་མོ། ཁྲོ་མོ་མ། གཙོ་མོ་མ། མཛའ་མོ་མ། དགོས་སོ་སྙམ། བདག་སྒྲ་ཕོ་ལ་ཡང་པ་དང་། པོ་གཉིས་སུ་སྣང་། དེ་བཞིན་དུ་བདག་སྒྲ་མོ་ལ་ཡང་སྐབས་ཐོབ་ཀྱིས་མ་དང་མོ་གཉིས་ཡོད་པ་བློ་ལ་ཤར་ཏོ།
    འདི་དག་འགྲིག་གམ་མི་འགྲིག་པའི་འཐད་ལྡན་གྱི་ལན་ལ་སྒུག་གོ །

  46. ཀརྡོ་རབ་འབྱམས་པ་ says:
    2016-12-07 at 1:15 am

    བདག་སྒྲ་ཆོལ་ཁ་གསུམ་སྤྱི་ལ་ངོས་ལེན་ཡོད་པ་ཅིག་ཆགས་རྒྱུ་གལ་ཆེ་ཤོས་རེད། མ་གཏོགས་བདག་སྒྲ་ཨམ་སྐད་བ་ཝ་ལ་བསྟུན་ཤས་ཆེ་བ་འདི་བློ་ལ་མི་བདེ་ཞིག་འོང་བཞིན་འདུག་པས་་་

  47. ཀརྡོ་རབ་འབྱམས་པ་ says:
    2016-12-07 at 1:19 am

    བོད་པ་ལ་ཝོད་པ་ཁ་ནས་ལབ་པའམ། ཁ་ནས་ཟེར་བ་འགྲིགས་ཀྱང་། བོད་པ་ལ་ཝོད་པ་ཞེས་བྲིས་ན་བོད་སྤྱི་སྐད་དང་མི་མཐུན་པ་བཞིན། པ་ཐོབ་ཟིནད་པ་ལ་བ་བཙན་གྱིས་སྦྱར་ན་རང་གཞན་གཉིས་ཕུང་ལས་ཙམ་ལས། དོན་ལ་ཕན་མི་འདུ་གོ།
    ལོ་ཡག་ལགས།། །།

  48. ཀརྡོ་རབ་འབྱམས་པ་ says:
    2016-12-07 at 2:52 am

    བ་དང་ བོ་དང་། མ་དང་མོ་དང་། ད་དུང་ཅན་དང་ལྡན་དང་། མཁན་སོགས་བདག་སྒྲའི་ཆ་འདྲ་བ་མང་ཡང་། པ་ཉིད་ཁུངས་བཙུན་པ་དང་ཁུངས་བཙན་པར་བྱ་དགོས་སོ། དེ་མིན་སུམ་རྟགས་བེད་མེད་འགྲོ་སྲིད་པས། འདེའི་དོན་ལ་སྣང་མེད་དུ་གཏོང་བ་ནི་མི་འོས་སོ།།

  49. ལོ་ཡག says:
    2016-12-07 at 6:54 am

    རྒན་བློ་འཇམ་ལགས།

    ཁྱེད་ནི་ད་ཕན་ ʼསྔོན་གྱི་མཁས་པʼ ཞེས་ལུང་འཛིན་རིང་ལུགས་པ་བསྒུལ་ཏུ་མི་བཏུབ་པ་ཞིག་ཡིན་པ་ལ། ད་རེས་སྔོན་བྱོན་མཁས་དབང་སུས་ཀྱང་མ་བསྟན་པའི་རང་བཟོ་འདི་འདྲ་བྱེད་ཕོད་པ་ནི། སྔོན་རབས་རྣམས་ལྟ་ཅི། དེང་གི་ཤེས་ལྡན་རྣམས་ཀྱང་ཐུགས་ཁྲེལ་བའི་རྒྱུར་མི་འགྲོ་འམ། གསུངས་དང་། བསྟན་བཅོས་གང་ཞིག་ན་ “དཔའ་བོ་པ། ཁྲོ་བོ་པ། གཙོ་བོ་པ། མཛའ་བོ་པ” ཞེས་དང་། “ དཔའ་མོ་མ། བཟོ་མ་མོ། ཁྲོ་མོ་མ། གཙོ་མོ་མ། མཛའ་མོ་མ།” ཞེས་གསུངས་འདུག་གམ། ཧ་ཧ་ཧ།
    ད་སྔའི་བསྟན་བཅོས་རྣམས་ཡོངས་སུ་གྲགས་པའི་ “དཔའ་བོ་དཔའ་མོ། ཁྲོ་བོ་ཁྲོ་མོ། གཙོ་བོ་གཙོ་མོ། མཛའ་བོ་མཛའ་མོ” ཞེས་བརྗོད་ན་བདག་སྒྲའི་དོན་གང་ཞིག་མ་ཚང་འདུག གང་ཟག་ཕོ་མོ་གང་ཡིན་པ་ནི་བསྟན། ཅན་སྒྲ་དང་ལྡན་སྒྲ་ལྟར་གང་ཟག་མ་ཡིན་པའི་དངོས་པོ་གཞན་ལ་ནི་མི་འཇུག པ་པོ་གཉིས་བདག་སྒྲ་ལ་ཇི་ལྟར་སོང་བ་དེ་ལྟར་བ་བོ་གཉིས་ཀྱང་འདྲ་འདྲ་མཉམ་མཉམ་དུ་བདག་སྒྲར་སོང་འདུག་པས། ད་དུང་ཡང་རང་གི་དམ་བཅའ་གཏོང་འདོད་མེད་ན་ནི། མུ་མཐུད་དུ་ཨུ་ཚུགས་ཀྱིས་ཤིག རིགས་པ་ནི་རི་བོང་གི་རྭའོ།

    ʼདབྱངས་གཅིག་ལྡན་དང་དབྱངས་གཉིས་ལྡན་ʼ ཟེར་ན་ཅི་རེད། ཞེན་དོན་ལ་བརྟགས་ན། འབྲུ་གཅིག་ལྡན་དང་འབྲུ་གཉིས་ལྡན་གྱི་དོན་ཡིན་པར་སྣང་མོད། བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ན། མིང་མཐའ་དང་། མིང་མཐའི་མིང་མཐའ་ཞེས་སོགས་ཀྱི་རྗོད་བྱེད་ཡོད་བཞིན་དུ། ར་མིན་ལུག་མིན་གོ་རྒྱུ་ཅི་ཡང་མེད་པ་དེ་དག་མཐོང་ན།
    རྗེ་བསྟན་པའི་སྒྲོན་མེས།
    གསར་བཤད་ཕྲ་མེན་མ་ཡི་སོ་ནམ་འདིས། །
    ཕན་ལས་གནོད་པ་ཆེ་བས་འཛེམས་ཤིག་ཨང་། །
    ཞེས་གསུངས་པའི་བསླབ་བྱ་འདི་དང་དུ་བླངས་ན་མཛེས། དེ་མིན་ བོད་ཀྱི་རིག་གནས་ལ་འདི་ལྟར་རྩེད་མོ་རང་འདོད་དུ་རྩེ་བ་ནི། ཨ་ཙི། ཞེད་སྣང་མེད་ཀྱང་འཚེར་སྣང་ལོས་དགོས། །
    དོན་ལ་དེ་ལྟར་རེད། དགོངས་པ་མ་ཚོམ།

  50. ལོ་ཡག says:
    2016-12-07 at 7:14 am

    གྲོགས་པོ་ཀརྡོར་ལགས། བ་བོ་བདག་སྒྲར་སྤྱད་ན་སུམ་རྟགས་བེད་མེད་དུ་འགྱུར་སྟངས་ཤིག་གང་གིས་གྲུབ། ངས་བལྟས་ན། ཁྱེད་ཀྱི་རི་བོང་གནམ་བརྡིབ་ཀྱི་སེམས་ཁྲེལ་བྱེད་པར་འདུག སྔོན་རྒྱ་གུང་ཁྲན་གྱིས་ “གི” སྒྲ་དང་ “ལ” སྒྲ་ གཅིག་པུ་ལས། འབྲེལ་སྒྲ་དང་ལ་དོན་གཞན་རྣམས་ནག་བསུབ་བཏང་པ་དེར་ཁྱོད་ཅི་བསམ། མཐའ་མར་རེ་རེ་བཞིན་སྤྱོད་དགོས་ཆགས་པ་དེར་ཅི་བསམ། དེའི་མཇུག་མ་འཁྱོངས་པའི་རྒྱུ་མཚན་ཤེས་སམ། སྐད་ཀྱི་འཁོར་རྒྱུགས་ལ་མ་འདང་བས་རེད། སླར་ཡང་། འབྲེལ་སྒྲ་ལྷག་མ་བཞི་དང་ལ་དོན་ལྷག་མ་དྲུག་པོ་བསྣན་པས། སུམ་རྟགས་བེད་མེད་དུ་སོང་མི་འདུག་གཱ

    བ་བོ་གཉིས་བདག་སྒྲར་སྤྱད་ན། སྐད་ཀྱི་འཁོར་རྒྱུགས་ལ་ཕན་ཞིང། འགལ་འདུའི་རྙོག་དྲ་མང་དག་ཅིག་བསལ་བར་འགྱུར་རོ། །གཞན་དུ་ན། གོང་དུ། རྒན་བློ་འཇམ་ལ་གཟིགས་དང་། གཅིག་གིས་ཁུངས་མ་འཁྱོལ་ན་གཅིག་བཤད། ཡང་གཅིག་གིས་ཁུངས་མ་འཁྱོལ་ན་ཡང་གཞན་ཞིག་བཤད་ཀྱི་མི་འདུག་གམ།

    གོང་དུ་བརྗོད་ཟིན་ལྟར། བ་བོ་གཉིས་བདག་སྒྲ་ཡིན་པ་རྩ་ཚིག་གིས་ཀྱང་གྲུབ་ལ་ལག་ལེན་དངོས་ཀྱི་ཐོག་ནས་ཀྱང་གྲུབ་པ་རེད།
    ང་ཚོ་བློ་གཟུ་བོར་གནས་དགོས་རེད། དེའི་སྟེང་ལ་དཔྱད་པ་གཏོང་ཤེས་དགོས་པ་རེད། ཨུ་ཚུགས་བྱེད་པ་ནི་རྟུལ་ཐུག་གི་ལས་རེད། །

  51. གནམ་ says:
    2016-12-07 at 8:05 am

    ཧ་ཧ་ཧ། ད་ཁྱེད་ཚོ་ལ་ཉི་མ་བསྲིང་སྤྱད་རེག་བཞག། ཆོལ་ཁ་དང་ཆོས་མགོ་སོ་སོར་དར་བ་ནས་བཟུང་། ང་ཚོས། ང་བདེན། ངའི་དེ་ཡིན་ཞེས་ར་མགོ་ལུག་སྦྱར་གྱི་མཁས་བརློམ་པའི་ཨུ་ཚུགས་ལ་འཐམ་ནས་ཕྱིན་པ་རེད། དེ་ལ་དགེ་མཚན་ཡོད་པ་མ་རེད། དེ་ལས་བོད་སྐད་བཤད། བོད་སྐད་བྲིས་ནས་སོང་ན། མདོ་འདི་ལ་ཚང་ནི་རེད།
    ལ་དྭགས། ལོ་ཡག། ཀརྡོ་སོགས། ཁ་བརྡ་ཚང་གི་རྒས་བོ་ཚོ། ཧ་ཧ་ཧ།

  52. ཀརྡོ་རབ་འབྱམས་པ་ says:
    2016-12-07 at 8:10 am

    ཧ་ཧ་དང་། ཧོ་ཧོའི་ངང་ལ། ཁ་བརྡར་ཕེབས་ཤོག

  53. ལོ་ཡག says:
    2016-12-07 at 8:45 am

    སློབ་དཔོན་བློ་འཇམ་ལགས་དང་། དྲ་གྲོགས་ཀརྡོར་རབ་འབྱམས་པ་ལགས་གཉིས་ལ་ནི། རིགས་པ་ཅི་འདྲ་ཞིག་བརྗོད་ཀྱང་། རྩ་ནས་ཁས་ལེན་གནང་རྒྱུ་མིན་པ་ངས་སྔ་མོ་ནས་ཤེས་ཡོད། རེད། རང་རང་ལུགས་ལ་རང་རང་དབུ་མ་བ་ཞེས་པའི་དཔེ་ལྟར། རང་རང་གི་ལུགས་བཟུང་ན་མ་འགྲིགས་པ་ཅི་བདོག སླད་ཕྱིན། ཅིག་ཅིག་ཅིག་བདག་སྒྲ་མ་རེད། དེ་མ་འབྲི་ཞེས་ལབ་མ་ཡོང། ང་ཚོ་ནི་མདོ་དབུས་ཁམས་གསུམ་གྱི་སུམ་རྟགས་མཁན་པོ་དངུལ་ཆུ་ཡབ་སྲས། པཎྜི་ཏ་སྨི་ཏི་ཛྙ་ན། ཞ་དམར་པན་ཆེན། རྣམ་གླིང་པན་ཆེན། དཔལ་ཁང་ལོ་ཙ་བ། པྲ་ཏི་རིན་ཆེན་དོན་སོགས། འགྲན་གྱིས་དོ་མེད་དེ་ཚོའི་རྗེས་འབྲང་ཡིན། །

    ཁྱེད་ཅག་ལ་ཡང་རིང་ལུགས་ཡོད་པས་ང་ཚོས་ནམ་ཡང་མི་དགག འདི་ཙམ་ཞིག་ལུགས་གཉིས་སུ་གྱེས་ཀྱང་ཅང་མི་ལྟོ། དཔེར་ན། དབྱིན་ཇི་དང་ཨ་རི་གཉིས་སྐད་ཡིག་གཅིག་ལ། མཚམས་མཚམས་སུ་རང་རང་ལུགས་ཀྱི་མི་མཚུངས་ས་ཡོད། འོན་ཀྱང་ནུབ་ཕྱོགས་པའི་དགེ་རྒན་རྣམས་ཀྱིས་ཨིན་ཡིག་འཁྲིད་དུས། འདི་འདིའི་ལུགས་དང་། དེ་དེའི་ལུགས་རེད་ཅེས་འཁྲིད་པ་ལས། དེ་ནོར། འདི་འགྲིག་ཅེས་ཐག་གཅིག་གཅོད་ཀྱིས་འཁྲིད་པ་ཞིག་གཏན་ནས་མཐོང་མ་མྱོངས། དེས་ན། ང་ཚོས་གུ་དོག་པོ་འདི་འདྲ་གནང་དོན་ཅི་ཡོད། མི་དགོས་པའི་ལས་རེད། གཉི་གའང་འགྲིགས་པ་རེད། །

    ལྷན་རྒྱས་གཉིས་ཐུགས་རྒྱལ་མི་བཞེངས་པར་ཞུ།
    ང་ཚོ་སླར་ཡང་མཇལ་འོང་། བཀྲ་ཤིས་བདེ་ལེགས་ཡོད།

  54. ཀརྡོ་རབ་འབྱམས་པ་ says:
    2016-12-07 at 11:56 am

    ཨིན་སྐད་སུམ་རྟགས་འགྲོས་དེ་ཐ་མའི་ཐག་གཅོད་དམ། སྤྱི་མཚུངས་དེ་དུས་རབས་བཅུ་བཞི་བཅོ་ལྔ་ལ་གཞི་ནས་ཆགས་པར་འདོད་ན། ང་ཚོའི་བོད་ཀྱི་སྐད་ཡིག་འགྲོ་སྟངས་བཀའ་བསྟན་ལྟར་བྱས་ན་གཞི་ཚུགས་ཟིན་ན་ཡང་། དིང་སང་ཁ་སྐད་གཅིག་མཚུངས་ཤིག་འོང་བ་ད་དུང་མཉམ་ལས་དང་། བགྲོ་གླེང་མང་ཙམ་བྱུང་ན། བོད་རིགས་རང་གི་སྐད་ཡིག་རྒྱུན་གནས་ཐུབ་པ་དང་། མི་རབས་རྗེས་མར་མུ་མཐུད་རྒྱུན་མཛིན་ལ་ཕན་ངེས་འདུག་སྙམ་ལགས།

  55. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-12-08 at 12:41 am

    བོད་ཀྱི་སྐད་ཡིག་རིག་པར་ལེགས་པར་གཞོལ་བ་ལོ་ཡག་ལེགས་སུ།
    བདག་གིས་མིང་མཐའ་ཅན་གྱི་སྒྲ་དག་ལ་བདག་སྒྲ་བཀོད་པ་ནི། གཙང་དུ་སྡོད་སྐབས་སུ། ཕལ་སྐད་ལྷ་མོ་བ། ཞེས་ཐོས་པ་དེ་ཉིད་སྔོན་གྱི་མཁས་པས་བྲིས་པ་དག་དང་། བོད་ཡུལ་དབེན་པ་རྣམས་ཀྱི་ཁ་སྐད་དུ་ཡང་བཀོལ་བ་ཡོད། དེས་ན། ཕོ་རྟགས་ལ་ལྷ་མོ་པ་དང་། མོ་རྟགས་ལ་ལྷ་མོ་མ། ཞེས་བྲིས་པ་རྨ་མེད་པ་སྔར་གྱི་བོད་ཀྱི་སྐད་རྗེས་སུ་འབྲངས་པ་ཡིན།
    དབྱངས་གཅིག་ལྡན་ཞེས་པ་ནི་དབྱངས་གཅིག་ཡོད་པ་དང་། དབྱངས་གཉིས་ལྡན་ཞེས་པ་ནི་དབྱངས་གཉིས་ཡོད་པ་ཡིན། ཨི་ཡིག་དང་ཨ་ཡིག་སོགས་དབྱངས་ཡིག་ལྔ་བོད་སྐད་དུ་ཡོད་དེ། ངག་སྒྲོན་དུ། དབྱངས་ལྔ། ཞེས་གསུངས། ཉི་ཞེས་པ་དབྱངས་གཅིག་ལྡན་དང་། ཉི་མ། ཞེས་པ་དབྱངས་གཉིས་ལྡན་ནོ། །བོད་མི་ཞིག་ལ་དེ་ཙམ་ཉེར་མཁོ་མིན་ཡང་ཕྱི་ལོགས་པ་བོད་སྐད་སྦྱོང་མཁན་དག་ལ་གལ་ཆེར་སྣང་ངོ་།
    བོད་ཀྱི་འདོད་རྒྱལ་མིང་ཚིག་རྣམས་ཕལ་ཆེར་དབྱངས་གཅིག་ལྡན་ཡིན། དེ་དག་ལ་ པ་ བོ་ མོ་ ཞེས་པ་བསྣན་ཏེ། མེད་པ། དགའ་བོ། ལྷ་མོ་ ཞེས་པ་རྣམས་བདག་གིས་མིང་མཐའ་ཅན་དུ་འདོད། ཁྱོད་ཀྱི་ལུགས་ལ་བདག་སྒྲ་ཅན་དུ་འདོད།
    རང་ལུགས་དམ་པར་འཛིན་པ་ཁྱོད་ཀྱིས་སྟོང་བཤད་བྱས་ཀྱང་། མིང་མཐའ་དེ་དག་བདག་སྒྲར་ནམ་ཡང་མི་འདོད། རིགས་པ་དང་ལུང་གིས་རྟགས་བསལ་གཏོང་དགོས། དེ་ལ་ཡང་རང་གཞན་གྱི་ལོག་རྟོག་སེལ་བའི་ཀུན་སློང་དགོས། ངའི་གྲུབ་མཐའམ་འདོད་པ་འདི་ཡིན། འདི་ཉིད་མ་འདོར་ཅིག་ཅེས་པས་ཅང་ཕན་པ་འདུག་གམ། མི་འཐད་པའི་རིགས་ལ་ཅི་སྟོ་སྙམ་བཏང་སྙོམས་སུ་བཞག་ན། ལོ་ཤས་སྔོན་དུ་ཨ་རིར་གནས་སྡོད་བོད་མི་ཞིག་གིས་ཆོས་ལ་ཆོ་ཞེས་པ་ཁྱོད་ཀྱི་འདོད་པ་རེད་ཅེས་བཏང་སྙོམས་སུ་གཞག་ན། བོད་ཀྱི་སྔ་སྲོལ་ཡི་གེ་འབྲི་སྲོལ་རྩ་བ་ཉིད་ནས་སྟོར་བར་མི་འགྱུར་རམ།
    “སྐད་ཀྱི་འཁོར་རྒྱུགས་ལ་མ་འདང་བས་རེད།”ཅེས་པར་དཔང་ལོའི་རྗེས་འབྲས་ཡིན་པའི་ཆ་ནས་ཁོ་བོས་ནི་མ་ལྡང་བ་ཞེས་འབོད་ཅིང་འབྲི། འདི་ལ་ད་ཟུར་ཆག་ཏུ་སོང་སྟེ། ལང་ཞེས་པ་ཡང་ཡོད། དེ་སྙེད་ཀོ་བས་ག་ལ་ལང་། ཞེས་པ་མཆིས། འདི་ཉིད་བོད་ཀྱི་སྔར་བྲིས་དཔེ་ཆ་དག་པ་ཡོངས་ན་སྣང་བ་ལྟར་ཞ་ལོས་དག་ཡིག་ཟ་མ་ཏོག་དང་དཔལ་ལོས་དག་ཡིག་ངག་གི་སྒྲོན་མར་བྲིས། དེ་དག་གི་རྗེས་སུ་འབྲང་དགོས་པ་མ་ཡིན་ནམ། ཡིག་ནོར་དག་ལ་ཞུས་དག་མཛོད།

  56. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-12-08 at 1:11 am

    ལོ་ཡག་ལེགས་སུ་ཡང་སྐྱར་ཞུ་དགོས་པ་ཞིག་ནི།
    དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས།
    ་
    མིང་མཐའི་པ་བའང་ཕལ་ཆེར་འདྲ།
    ་
    ཞེས་པའི་མིང་མཐའི་པ་བ་དང་བདག་སྒྲའི་པ་བ་གཉིས་ཀྱི་ཁྱད་པར་ཞོག་ཅེས་སོ།

  57. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-12-08 at 1:14 am

    ཡང་སྐྱར་ལ་ཡང་བསྐྱར་ཞེས་ཞུས་དག་བྱས་སོ།

  58. ཀརྡོ་རབ་འབྱམས་པ་ says:
    2016-12-08 at 2:21 am

    ལོ་ཡག་ལགས་སུ།
    བྱེད་སྒྲ་ཀྱིས་དང་། འབྲེལ་སྒྲ་གི་དང་། ལ་དོན་ལ་གཅིག་པུས་ཀྱང་། བོད་སྐད་ཆ་ཚང་བ་བཀོལ་སྤྱོད་ཐུབ་པ་འདུག
    དཔེར་ན། ང་གི་ ལག་པ་ གཉིས་ཀྱིས་ གློག་ཀླད་ སྒང་ལ་ བོད་ཡིག་ འབྲི་རྩོམ་ བྱས་པ་ ཡིན།
    ལྟ་བུ་ལ་སྐྱོན་ཅི་འདུག་གམ། ལགས། ལོ་ཡག་ལགས། ལགས།། །།

  59. ཀརྡོ་རབ་འབྱམས་པ་ says:
    2016-12-08 at 2:25 am

    ང་ཡི་ ལག་པའི་ མཛུབ་མོས་ གློག་ཀླད་ ནང་དུ་ བྲིས་པ་ ཡིན།
    ཚབ་ལ།
    ང་གི ལག་པ་གི མཛུབ་མོ་ཀྱིས་ གློག་ཀླད་ ནང་ལ་ བྲིས་པ་ ཡིན།
    ཅི་སྐྱོན་ནམ།

  60. ཀརྡོ་རབ་འབྱམས་པ་ says:
    2016-12-08 at 2:32 am

    བདག་སྒྲའི་པ་ནི།
    གཡག་པ། བྱང་པ། ལོ་ཙ་པ། ཤར་པ། ལྷ་ས་པ། གཞིས་ཀ་རྩེ་པ། ཁམས་པ། ཨ་མདོ་པ། དབུས་གཙང་པ།
    མིང་མཐའི་པ་ནི།
    དང་པོ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ་། བཅུ་པ། ཀ་པ། ཁ་པ། ག་པ། ང་པ། ཅ་པ་སོགས་ལྟར་བྱས་ན་ཅིས་མི་འགྲིགས་སམ། འདི་ནི་ཤེས་བདེ། ཤེས་བདེ་ན། སྤྱི་མཚུངས་སུ་འགྱུར་བདེ། དེས་སྤྱི་སྐད་སྔོན་མེད་ལེགས་བཤད་དུ་མ་གྱུརད་ཏམ། ལགས།། །།

  61. ལོ་ཡག says:
    2016-12-08 at 4:38 am

    རྒན་ལགས་བློ་བཟང་འཇམ་དཔལ་མཆོག
    གལ་སྲིད་ “ཆོས་” ལ་ “ཆོ” ཞེས་འབྲི་མཁན་ཞིག་བྱུང་ན། སྐུ་མཁྱེན། བཏང་སྙོམས་སུ་མ་འཇོག དག་བཅོས་གནང་རོགས། གང་ཡིན་ཟེར་ན། དེ་ལྟར་འདོད་མཁན་ནི། གནའ་དེང་གཉིས་སུའང་། བློ་དང་ལྡན་པ་སུ་གཅིག་ཀྱང་མ་བྱུང་ངོ་། །

    དྲ་གྲོགས་ཀར་ལགས།
    གལ་སྲིད་ཁྱོད་ལ་སྒྲ་ཡི་འཇུག་པ་ཟེར་པ་ཞིག་མི་དགོས་ན་ “གི” སྒྲ་དང་ “ལ” སྒྲ་གཅིག་པུས་འཐུས་སོ། །ང་ལ་ནི་སྨྲ་ལྕེ་ཕྱེད་ཀ་བཅད་པ་དང་མཚུངས་སོ། །

  62. ཀརྡོ་རབ་འབྱམས་པ་ says:
    2016-12-09 at 12:57 am

    ་་་་་་་་་ ང་ལ་ནི་སྨྲ་ལྕེ་ཕྱེད་ཀ་བཅད་པ་དང་མཚུངས་སོ། །་་་་་་་་
    འདི་འདྲ་རང་གདའ་ཨ་ཡིན་ན། གསར་གཏོད་མེད་ན་རྗེས་སུ་ལུས་རེད། ལོ་ཡག་ཁྱོད་ཀྱིས་སེམས་ནང་འཇོག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (29)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (14)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme