Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ཡུལ་དུ་བསྐྱོད་པ།

Posted on 2016-11-04 By ཁ་བརྡ 22 Comments on ཕ་ཡུལ་དུ་བསྐྱོད་པ།

གཡུ་སྒང་དགེ་འདུན།

 

བལ་ཡུལ།

ཉིན་དང་མཚན་གྱི་འགྲུལ་བཞུད་ཁྲོད་ནས་སྔོན་བྱོན་བཙན་པོའི་གཉེན་ཚང་སླེབས།།
རྒྱུས་ཡོད་རྒྱུས་མེད་ཡོད་ཚད་ཚང་མ་ཁེ་སང་འཚོལ་བའི་གཡང་ཁར་གནས།།
ཁ་ཚིག་སྙིང་གི་གཏིང་དུ་ཟིམ་ཡང་དོན་འབྲས་ནམ་མཁའི་འཇའ་ཡི་གཟུགས།།
རྒྱུས་མེད་མུ་གེའི་རྒྱལ་ཁབ་འདི་ནས་རང་བློ་འཁེལ་ས་རང་ཉིད་ཙམ།།

ལེ་དབར་ཁྲི་ཕྲག་ཁྱུག་ཙམ་བགྲོད་པའི་སྐྱི་སེར་རླུང་གི་རང་གཤིས་ཅན།།
དེང་རབས་འཕྲུལ་གྱི་ཐང་དཀར་རྒོད་པོས་ལྡིར་སྒྲ་དང་བཅས་ནམ་འཕང་བསྟད།།
སྤྲིན་དཀར་བང་རིམ་ཐོལ་གྱིས་བརྟོལ་ཏེ་འཇིག་རྟེན་མིག་གི་བང་དུ་བླངས།།
སྐད་ཅིག་གཅིག་ལ་སྤུན་མཆེད་ལྷན་འཛོམས་དགའ་སྤྲོའི་རྨི་ལམ་ཞིང་དུ་བསྐྱལ།།

ཕ་ཡུལ།

ཞིམ་མངར་སྐོམ་ཆུའི་བཏུང་བ་སྣ་ཚོགས་མཐའ་བཞིའི་རྒྱ་མཚོ་དྲང་ལ་དོགས།།
ཤ་མར་ཟས་ཀྱི་འཚོ་བ་སྣུམ་པོ་ས་འཛིན་ལྷུན་པོའི་གཏོས་དང་མཉམ།།
འདོ་རིག་རྟ་ཕོའི་བང་ཁ་སྟོངས་ཡང་རླངས་འཁོར་འགྲོས་ཀྱིས་བྱང་ལམ་གཅོད།།
ཕུ་ནུའི་འཚོ་བའི་ཞིང་ས་འདི་ན་བདེ་སྐྱིད་སྟོན་གྱི་ལོ་ཏོག་སྨིན།།

སྤྲིན་བྲལ་སྔོ་བསངས་སྒེག་མོའི་འཛུམ་མདངས་ལྷ་ཡི་སྲས་མོའི་མེ་ལོང་ཉིད།།
རྐང་ཐུང་སྣ་བརྒྱའི་མགོ་ལྕོག་ལྡེམ་པ་ལྷ་དབང་ཞལ་ལ་མཇལ་བའི་སྲོལ།།
ཕ་ཡུལ་རྨ་ལྷོའི་འབྲོག་ཐང་འདི་རུ་གཡང་དཀར་ལུག་གི་འབའ་སྒྲ་དང་།།
ཐུལ་དཀར་འབྲི་མོའི་ངུར་སྒྲའི་དབྱངས་སྙན་ཁོ་བོའི་རྣ་བའི་དཔྱིད་དུ་ལྷུང་།།

ནང་མིས་དྲན་པའི་མིག་ཆུའི་ཐིག་པ་གདོང་གི་ངོས་ན་ཤར་ར་ར།།
གཉེན་ཉེའི་བརྩེ་སེམས་དུང་གི་ཟླ་བ་ཁོ་བོའི་མགོ་ན་གསལ་ལྷང་ལྷང་།།
ཤི་གསོན་ལྷན་དུ་འཛོམས་པའི་ཚོར་བ་ཡ་ཆུང་སྙིང་ན་ཚ་བེར་བེར།།
དེ་རིང་དགའ་སྐྱོའི་གཏམ་རྒྱུད་རིང་པོ་ས་ཆེན་འདི་ལ་ཤོངས་ནུས་བྲལ།།

མི་ལོ་བཅོ་བརྒྱད་གྱེས་བྲལ་བྱུང་བའི་ཕ་ཡུལ་འཛིན་མར་རྐང་པས་བཅགས།།
མི་གཤིས་རེ་རེ་མིག་གིས་མཐོང་དུས་དང་པོའི་བསམ་བློའི་འཁུར་སོ་དང་།།
མི་མཐུན་ལས་ཀྱི་སྣེ་མོ་བརྒྱ་ཡིས་དུང་སེམས་རི་མོ་ཁད་ཀྱིས་བསུབས།།
མི་རིགས་འདི་ལ་སེམས་ཤིག་ཡོད་ན་མི་ཡི་འགྲོ་སྟངས་དགོས་ངེས་ཤིག །

ང་དང་རུ་སྡེའི་རྒན་གཞོན་བར་ན་ལེ་དབར་སྟོང་གི་ཆོད་པའི་སྲོལ།།
འདས་པའི་བགྲང་བྱ་དུ་མའི་གྲོགས་དག་ཕན་ཚུན་ཆ་མེད་རྒྱུས་མེད་ཆགས།།
མ་ཤེས་མཇིང་བ་དཀྱུ་ཙམ་ཞིག་དང་ཤེས་ཀྱང་ཚོར་བ་བྲོ་མེད་ཅིག །
ཕ་ཡུལ་རུ་སྡེ་ཕྲ་མོའི་ཁྲོད་ན་ས་མཐའི་མི་རྐྱང་ཁེར་འགྲོ་ཉིད། །

བླ་བྲང་།

མདོ་སྔགས་ཆོས་ཀྱི་རུ་མར་གྱུར་པའི་བཀྲ་ཤིས་གཡས་སུ་འཁྱིལ་བའི་སྡེར།།
དུང་སེམས་དད་པའི་སྤུ་ལོང་གཡོས་ཏེ་ཕྱག་གསུམ་ཕུལ་བའི་ལས་ལ་བྲེལ།།
བསླབ་གསུམ་ངུར་སྨྲིག་འདུས་པ་རྒྱ་མཚོ་སྔར་བཞིན་གུས་པའི་སྙིང་དབུས་སུ།།
མི་ཕྱེད་དད་པའི་སྤྱི་བོར་བཀུར་བར་གནག་ནོག་དྲི་ཡིས་གོས་མ་གྱུར།།

འོན་ཏང་ཕྱི་ཚུལ་བཙུན་པའི་གཟུགས་ལ་ནང་སེམས་དཀོར་གྱི་སྣུམ་ཟིན་པའི།།
ཀུན་མཁྱེན་བླ་མའི་རྐང་འདྲེན་རེ་འགས་ཚིག་གྱོང་མདའ་ཡི་རྣོ་ཁ་དེ།།
ཁོ་བོའི་སྙིང་གི་དཀྱིལ་དུ་བརྣུན་པས་སྔ་མའི་རང་གི་གཤིས་སྤྱོད་དག །
དེ་དང་མཚུངས་མིན་བསམ་གཞིག་ཅིག་གིས་འཇིགས་དངངས་སོམ་ཉིའི་གཡང་ལ་འདྲིལ།།

ལྷ་ས།

གནའ་མཁར་ཟི་ལིང་གྲོང་ཁྱེར་བརྒྱུད་དེ་ཉི་མ་ལྷ་སའི་ཕྱོགས་སུ་བསྐྱོད།།
ཉིན་ཞག་གཅིག་གི་འཁོར་འགྲོས་ཁྲོད་ནས་ལྷ་ལྡན་དག་པའི་ཞིང་དུ་སླེབས།།
དོན་དངོས་ཡུལ་མིར་འབྲེལ་འདྲིས་མེད་ཀྱང་སེམས་ཀྱི་བར་ཐག་ཧ་ཅང་ཉེ།།
རང་མི་ཞིག་གི་ཚོར་རྟོག་སྐྱེན་པོས་ལྷོད་གཡང་དགའ་སྤྲོའི་སྣང་བ་བརྟས།།

ནང་སེམས་དོན་ནི་རྟོགས་པ་དཀའ་ཡང་ཕྱི་སྤྱོད་ཞི་བའི་རང་གཤིས་གྲུབ།།
རྒན་བཀུར་གཞོན་སྐྱོང་ཡ་རབ་ཀུན་སྤྱོད་ལྷ་དར་དཀར་པོའི་ཚུལ་དུ་འཐེན།།
མི་ལ་མི་ཡི་རིན་ཐང་ཞིག་དང་དེ་དང་མཐུན་པའི་ཁ་གཤིས་ཤིག །
ངང་ངམ་ཤིག་གེར་ལྷུན་གྱིས་གྲུབ་དུས་དུང་སེམས་སྙེ་མའི་མགོ་ལྕོག་ལྡེམ།།

སྡོམ་ཚིག

ཕ་ཡུལ་བསྐྱོད་པའི་སྐྱོག་མཚམས་འདི་ལ་ཕྱི་བལྟས་འཇམ་པའི་ཚུལ་བཟུང་ཡང་།།
མི་མངོན་ལྐོག་ན་བརྗོད་མི་ཤེས་པའི་སེམས་ཀྱི་ཁུར་བོ་ལྗིད་ཏིག་ཏིག །
སྤྱི་དམངས་གྲལ་དུ་མ་ཚུད་པ་འམ་ཕྱི་མིའི་མཐོང་ཆན་མིན་པའི་ལན།།
གང་ལྟར་སེམས་རྟོག་དམ་པོར་གྱུར་པས་ལྷོད་པའི་དུས་ཤིག་བྱུང་མ་སོང་།།

བལ་ཡུལ།

དངངས་འཚབ་སྟོང་གི་ཧྲག་བར་ཞིག་ནས་བལ་བོད་གཉིས་ཀྱི་ས་མཚམས་སུ།།
གོས་སྔོན་མཐའ་སྲུང་དམག་སྔུན་བརྒྱུད་དེ་གཅོང་རོང་བལ་ཡུལ་ལྗོངས་སུ་སླེབས།།
མགོ་བོ་ཡར་ལ་དགྱེ་དགྱེ་བྱས་ཏེ་མི་ཡི་བཟོ་ལྟ་ཐོན་ཙམ་བྱས།།
འཇིགས་སྐྲག་མེད་པའི་རྣམ་རྟོག་ཅིག་གིས་ལས་སེམས་ངལ་གསོ་ཐེངས་གཅིག་སྤྲད།།

རྒྱ་གར།

དྲི་མནམ་སྣ་ཡི་གཤེད་དུ་བབས་ཏེ་ཡིད་དུ་སྐྱུག་མེརཐོལ་ཐོལ་བསླངས།།
ཀྱག་ཀྱོག་ལམ་འཕྲང་ཡུད་ཀྱིས་བགྲོད་དུས་རྐུབ་དང་བརླ་ཤ་གཟེར་གྱིས་མནན།།
འབྲས་དང་རྡ་ལིར་ལོངས་སུ་སྤྱོད་དུས་ཤ་མར་འོ་མའི་འདུ་ཤེས་བཟུང་།།
དམིགས་པ་བརྒྱ་ཡི་སྒོམ་རིམ་བར་ནས་མི་ཡུལ་རྒྱལ་ས་ལྡི་ལིར་སླེབས།།

རང་ལ་དབང་བའི་ས་ཆ་མེད་ལ་གནས་སྐབས་སྡོད་པའི་གནས་ཚང་ཡིན།།
སྐྱབས་བཅོལ་ཞིག་གི་ཐོབ་དབང་མེད་ཀྱང་རང་འཚོ་རང་གིས་འགྲོ་ཐབས་ཙམ།།
འཚོ་རྟེན་ཐབས་ལ་བཀག་འགོག་མང་པའི་དབང་མེད་མི་ཡུལ་ཡིན་ན་ཡང་།།
ཡུལ་ཁམས་འདི་ཀོ་ང་ཡི་ཕ་ཡུལ་ཡིན་པར་སྙམ་པའི་འཕྲུལ་སྣང་ཞིག །

སྙན་ངག

Post navigation

Previous Post: ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་མཐུན་ཚོགས།
Next Post: ཇའ་པན་བླ་མ་ཨེ་ཀའི་ཀ་ཝ་གུ་ཅིའི་བོད་ལ་བགྲོད་པའི་རྣམ་ཐར།

Comments (22) on “ཕ་ཡུལ་དུ་བསྐྱོད་པ།”

  1. ཀླུ་སྨྱོན། says:
    2016-11-04 at 1:36 am

    ལས་ངན་པོ། ཡུལ་ནས་མི་འདུག་པར་ཕྱིར་ས་མཐའ་ལ་ཡོང་ནས་ཅི་བྱེད། འཁྲུལ་སྣང་དང་འཕྲུལ་སྣང་གི་ཁྱད་པར་ཡང་མི་ཤེས་ས་ཞིག་ལ་ཡོང་ནས་ག་རེ་བྱེད་དམ།

  2. གཡུ་སྒང་དགེ་འདུན། says:
    2016-11-04 at 2:40 am

    ཀླུ་སྨྱོན་ལགས་ཀྱིས་ཡིག་ནོར་བཅོས་པ་ཐུགས་རྗེ་ཆེ། ཡིད་ལ་ཤར་དུས་ཁ་འཁྲུལ་ཡིན། ལག་པས་བྲིས་པ་ཕ་འཕྲུལ་རེད། ཧཧཧ།

  3. གཡུ་སྒང་དགེ་འདུན། says:
    2016-11-04 at 3:21 am

    ཀླུ་སྨྱོན་ལགས། ཨ་་་་ལས་ངན་པོ། འཁྲུལ་སྣང་དང་འཕྲུལ་སྣང་གི་ཁྱད་པར་ཤེས་ས་ནས་རྗེས་མི་ཟིན་པས་དེ་ལས་ཁྱད་པར་མི་ཤེས་ས་ཞིག་ལ་ཡོང་ན་བཟང་གི་བསམ་བྱུང་། ཧཧཧ། གོང་གི་དེ་ཚོ་ཀུ་རེ་ཡིན། ཁྱད་པར་ངས་ནོར་བ་རེད་མ་གཏོགས་གཞན་གྱི་མགོར་འཇོག་ས་ཡོད་པ་མ་རེད། ཡིག་ནོར་བཅོས་པ་ཐུགས་རྗེ་ཆེ།

  4. གཡུ་སྒང་དགེ་འདུན། says:
    2016-11-04 at 4:52 am

    ལས་སེམས་་་་ལུས་སེམས་ལ་བཅོས་རོགས།

  5. གསལ་ལེ་རྒྱལ1 says:
    2016-11-04 at 5:36 am

    འཕྲུལ་སྣང་གི་དག་ཆ་འཕྲུལ་སྣང་རེད།
    འཁྲུལ་སྣང་མ་རེད།

  6. གནམ says:
    2016-11-04 at 8:14 am

    སྒོར་མོ་འཚོལ་དུ་ཡུལ་ལ་ཕྱིན་པ་མ་ཡིན་ན།
    ཕ་ཡུལ་ཕ་ནུ་མི་སྟོད་སྨད་དཔེ་སྲིད་དུ་དཀོན།
    ས་མཐའ་ཞིག་ནས་ས་མཐའ་གཞན་ལ་མི་འགྲོ་ན།
    རྒྱ་གར་འཚོ་བས་འཚོ་བར་སྲིད་དུ་ཆགས་མི་བདེན། ཧ་ཧ་ཧ།

    བོད། རང་དབང་རང་བདག་གི་ཆེད་དུ།
    ཕྱིར་ཕེབས་པ་ལ་བསུ་བ་ཞུ།

  7. BONPO says:
    2016-11-04 at 9:19 am

    ཡག་མོ་བྲིས་འདུག ད་དེ་འདྲ་འདྲ་ཡིན་གྱི་རེད།
    ཀླུ་སྨྱོན་ལགས་ལ་དྲི་བ་ཞིག་འབུལ་ཆོག་པ་ཞུ།
    ལོག་ཡིག་ལྔ་་་ཊ་ཋ་ཌ་ཎ་ཥ་་་་ཡི་གེ་འདི་ཚོ་བཟོ་དགོས་པའི་དམིགས་ཡུལ་གཙོ་བོ་དེ་གང་ཡིན་ནམ་ལགས། །

  8. ཀརྡོ་རབ་འབྱམས་པ་ says:
    2016-11-04 at 11:16 am

    བྲལ་གོ་ཆོད་དགོས།
    ཕ་ཡུལ་བྲལ་ནས་བྲལ་གོ་ཆོད་དགོས། །
    སློབ་སྦྱོང་བྱས་ནས་བྱ་དགོས་ཆོད་དགོས། །
    མི་ཚེ་བསྐྱལ་ནས་སྐྱེལ་གོ་ཆོད་དགོས། །
    སྤྱི་སེམས་འཁྱེར་ནས་འཁྱེར་གོ་ཆོད་དགོས། །

  9. ཀརྡོ་རབ་འབྱམས་པ་ says:
    2016-11-04 at 11:18 am

    ཕ་ཡུལ་བཞག་ནས་བཞག་དགོས་ཆོད་དགོས། །
    ཕ་སྤུན་བཞག་ནས་བཞག་དགོས་ཆོད་དགོས། །
    བླ་མ་མཇལ་ནས་མཇལ་དགོས་ཆོད་དགོས། །
    ཆོས་པ་བྱས་ནས་བྱ་དགོས་ཆོད་དགོས། །

  10. ཀརྡོ་རབ་འབྱམས་པ་ says:
    2016-11-04 at 11:21 am

    བཙན་བྱོན་ཕྱིན་ནས་འགྲོ་དགོས་ཆོད་དགོས། །
    ས་མཐར་འཁྱམས་པའི་འཁྱམས་གོ་ཆོད་དགོས། །
    སྐད་རིགས་སྦྱངས་པས་སྦྱོང་གོ་ཆོད་དགོས། །
    གསར་འབྱོར་བྱས་པས་བྱ་གོ་ཆོད་དགོས། །

  11. ཀརྡོ་རབ་འབྱམས་པ་ says:
    2016-11-04 at 11:24 am

    ཕ་ཡུལ་བཞག་པའི་བཞག་དགོས་ཆོད་དགོས། །
    གཞན་ཡུལ་གྱར་པའི་གྱར་གོ་ཆོད་དགོས། །
    རང་སྐད་ཤེས་པའི་ཤེས་གོ་ཆོད་དགོས། །
    གཞན་སྐད་སྦྱངས་པའི་སྦྱོང་གོ་ཆོད་དགོས། །

  12. ཀླུ་སྨྱོན། says:
    2016-11-04 at 12:15 pm

    སྒྲ་དྲག་པོ་ཡོང་ཆེད་མིན་ནམ། གསལ་བོ་མི་ཤེས། སྔོན་མའི་མི་རྣམས་ལ་དུས་ཚོད་འབེལ་བོ་ཡོད་པས་ཡི་གེ་འདྲ་མིན་དང་བསྟན་བཅོས་འདྲ་མིན་བརྩམས་ཡོད་པ་རེད། དཔེར་ན་རྩོད་དཔེ་མང་པོ་ལྟ་བུ།

  13. ཨ་ཁུ་འབྲོག་པ། says:
    2016-11-04 at 2:12 pm

    ལོག་ཡིག་ཙམ་མ་ཟད། མཐུག་པོ་རྣམས་ཀྱང་རྒྱ་གར་སྐད་བོད་ཡིག་ཐོག་སྒྲ་དང་། དག་ཆ་ཇི་བཞིན་འབྲི་ཐུབ་པའི་ཆེད་ཡིན་པ་ལས་སྒྲ་དྲག་པོའི་ཆེད་ཁོ་ན་ཅི་ལ་ཡིན། མདོར་ན་རྒྱ་ཡིག་ཇི་ཡོད་ལ་བོད་ཡིག་རེ་བཟོས་ཏེ་ལེགས་སྦྱར་ལྷའི་སྐད་བོད་ཡིག་ཐོག་རྒྱ་ཡིག་ཀློག་པ་ཇི་བཞིན་བཀླག་རྒྱུ་ཡོད་པ་བཟོ་གནང་བའི་སྔོན་གྱི་མཁས་པ་རྣམས་ཀྱི་བཀའ་དྲིན་དྲན་པར་འོས་སོ།

  14. གཡུ་སྒང་དགེ་འདུན། says:
    2016-11-04 at 3:34 pm

    BONPO ལགས་དང་། ཀླུ་སྨྱོན་ལགས། ཨ་ཁུ་འབྲོག་པ་བཅས་ཀྱི་གསུང་མོལ་དེ་ང་ལ་མཚོན་ན་ཕན་པོ་བྱུང་། ཐུགས་རྗེ་ཆེ།

  15. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-04 at 11:32 pm

    སྔོན་བྱོན་མཁས་པའི་བརྡ་སྤྲོད་གཞུང་ལུགས་ལ་།
    དག་བཅོས་བྱེད་པ་དེང་རབས་མཁས་པའི་བཤིས་།
    བོད་ཀྱི་སྐད་ཡིག་བོད་མིའི་མ་སྦྱངས་ན་།
    བོད་མིའི་དཀྱིལ་དུ་འཚོ་བ་དོན་རེ་ཆུང་།

    སྔོན་བྱོན་མཁས་པའི་བསྟན་པའི་བསྟན་བཅོས་ལ་།
    སྦྱོངས་དར་ཉམས་ལེན་བོད་མིའི་ལས་འགན་ཆགས་།
    དུས་རབས་འཕོ་འགྱུར་མི་རིགས་སྐད་ཡིག་ལ་།
    ཉམས་ཆགས་ཉེན་ཁ་དབྱར་གྱི་ཆར་སྤྲིན་འདྲ་།

    དུས་ཀྱི་འཕོ་འགྱུར་ཚེ་ཡིའི་རྗེས་མི་ཟིན་།
    ཚེ་ཡིས་འཕོ་འགྱུར་དུས་ཀྱི་རྗེས་མི་ཟིན་།
    སྤྱི་ཚོགས་འཕེལ་རིམས་སྐད་ཡིག་ཉམས་ཆགས་དང་།
    སྐད་ཡིག་ཉམས་ཆགས་སྤྱི་ཚོགས་འཕེལ་རིམ་རག་།

  16. གཡུ་སྒང་དགེ་འདུན། says:
    2016-11-05 at 12:15 am

    ཨ་ཧ་བོ་ཧ་བོ་་་་་། གནམ་ལགས། ༡སྒོར་མོ་འཚོལ་འདོད་ན་རྒྱ་གར་ནས་ཀྱང་རང་ཉིད་ཀྱིས་འབད་བརྩོན་བྱས་ན་སྒོར་མོ་འཚོལ་ཐུབ། ཕྱིར་ཕ་ཡུལ་ལ་འགྲོ་དགོས་དོན་མེད་པ་ཧ་ཅང་གསལ་པོ་རེད། ༢རང་གཞན་སུ་ཡིན་ཡང་བསྟོད་མི་འོས་པ་ལ་ཨུ་ཚུགས་རྒྱབ་ཏེ་བསྟོད་དགོས་པའི་ངེས་པ་མེད།

  17. གཡུ་སྒང་དགེ་འདུན། says:
    2016-11-05 at 12:19 am

    གསལ་ལེ་རྒྱལ1 ་ལགས་ཀྱིས་ལགས་ཀྱིས་དག་བཅོས་གནང་བར་ཐུགས་རྗེ་ཆེ། ཡིན་ནའང་མ་ཡིན་ཡིན་པར་འཆར་བ་ཞིག་ལ་འཁྲུལ་སྣང་འདི་འབྲི་བར་འདོད། ཁྱེད་རང་གིས་གསུངས་པ་དེ་མ་རེད་ཅེས་བརྗོད་མི་ཐུབ།

  18. བློ་བཟང་། says:
    2016-11-05 at 11:51 pm

    ཁྲ་ཁྲ་ཟིང་ཟིང་གི་འཕྲུལ་སྣང་འདིས་ཀླུ་སྨྱོན་ཨ་རི་ལ་ཁྲིད་བ་རེད།

  19. ཀརྡོ་རབ་འབྱམས་པ་ says:
    2016-11-06 at 12:04 am

    ཤིན་ཏུ་འཁྲུལ་བའི་བདག་འཛིན་གྱིས། །
    འཁྲུལ་སྣང་ཁྲ་ཁྲ་ཟིང་ཟིང་སྤྲུལ། །
    ལྷ་བུའི་བདུད་ཀྱིས་བྱིན་བརླབས་ནས། །
    ང་ཡི་སྲུང་སྡོམ་ཆག་རལ་བཏང་། །
    ་
    འོནད་ཀྱང་འགྱོད་སེམས་དྲག་པོ་དང་། །
    དགེ་བའི་བཤེས་ཀྱི་བྱིན་མཐུ་ཡིས། །
    དགེ་བསྙེན་སྡོམ་པ་གསོ་ཞོར་དུ། །
    བྱང་སེམས་གསང་སྔགས་ལ་སྤྱོད་བཟང་། །

  20. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-06 at 12:32 am

    བོད་ཀྱི་སྐད་ཡིག་གི་ཁུང་གཏུག་ས་རྒྱ་གར་དང་བོད་ཀྱི་ཆོས་ཁུང་གཏུག་ས་རྒྱ་གར་དང་བོད་ཀྱི་ཆས་གོས་ཁུང་གཏུག་ས་སོག་པོ་དང་བོད་ཀྱི་ཁ་ཟས་ཁུང་གཏུག་ས་རྒྱ་ནག་དང་བོད་ཀྱི་མང་གཙོ་ཁུང་གཏུག་ས་ནུབ་ཕྱོགས་རྒྱལ་ཁབ་དང་བོད་ཀྱི་སྨན་རྩིས་ཁུང་གཏུག་རྒྱ་ནག་དང་བོད་ཀྱི་རིག་གཞུང་ཁུང་གཏུག་ས་ཞང་ཞུང་སོགས་མ་རེད་དམ་?

  21. ཁུ་བྱུག says:
    2016-11-07 at 11:14 pm

    གཡུ་སྒང་ཟེར་ན་ས་ཆ་ག་བ་རེད།

  22. ཀརྡོ་རབ་འབྱམས་པ་ says:
    2016-11-07 at 11:46 pm

    བོད་ཀྱི་རིག་ཞུང་གི་ཁུངས་གཏུགས་ས་བོད་རེད། བོད་ཀྱི་ཆོས་ཁུངས་གཏུགས་ས་བོད་རེད། ཡིན་ན་ཡང་། བོད་ཀྱི་ནང་ཆོས་ཀྱི་ཁུངས་གཏུགས་ས་རྒྱ་གར་རེད། བོད་ཀྱི་ཆས་གོས་ཀྱི་ཁུངས་གཏུགས་ས་བོད་རེད། སོག་པོ་མ་རེད། བོད་ཀྱི་ཁ་ཟས་ཀྱི་ཁུངས་གཏུགས་ས་བོད་རེད། རྒྱ་ནག་མ་རེད། ཡིན་ནཡང། རྒྱ་སོག་གཉིས་ནས་དཔེ་བླངས་ནས་ཟས་གོས་འགའ་ཤས་ཙམ་ཡོད་པ་ནི་བདེན་པ་རེད། གཞུང་པ་ལགས།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme