Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། །རྔ་ཡུལ་གནམ་ལྕགས་དགོན་གྱི་ལོ་རྒྱུས་མདོར་བསྡུས།

Posted on 2016-10-292016-10-29 By ཁ་བརྡ་ 2 Comments on ༄༅། །རྔ་ཡུལ་གནམ་ལྕགས་དགོན་གྱི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ། རྨེའུ་རྐང་ཐང་བ།
འོས་སྦྱོར་བ་སྦྲ་དཔལ་ལྡན། (Université De Franche-Comté)

 
སངས་རྒྱས་ཀུན་ཀྱི་ངོ་བ་གཅིག་བསྡུས་པའི།།
གང་གི་བཤེས་གཉེན་དམ་པའི་ཞབས་དྲུང་དུ།།
དད་ཕྱེད་དད་པའི་སྒོ་གསུམ་གུས་བཏུད་ན།།
བློ་གྲོས་སྤོབས་པའི་སྣང་བ་སྩོལ་ཅིག་ཀྱེ།།
རྔ་ཡུལ་འཛིན་མའི་ལྟོ་བར་ལྷུན་ཆགས་པའི།།
རྔ་ཡུལ་གནམ་ལྕགས་དགོན་ཞེས་ཆོས་ཀྱི་སྡེ།།
གང་གི་བྱུང་བ་ངག་ལ་བརྒྱུས་འདོད་པའི།།
འདོད་པའི་མཚོ་མོའི་རྦ་རླབས་དགུང་དུ་འཕྱུར།།
ཞེས་ཚིགས་སུ་བཅད་པ་དགས་མདུན་བསུས་ཏེ་གང་གླེང་བར་བྱ་བ་ནི་རྔ་ཡུལ་གནམ་ལྕགས་དགོན་པའི་བྱུང་བ་མདོར་བསྡུས་སུ་བརྗོད་པ་ཡིན་ནོ།།

 

དང་པོ། ཚ་ཁོ་བས་དགོན་འདི་རྒྱ་ཁེ་ཚང་ལ་གཏད་པ།

གནམ་ལྕགས་དགོན་ནི་དེང་སྐབས་ཀྱི་དབང་དུ་བྱས་ན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་གི་ཤར་ཕྱོགས་སུ་སྤྱི་ལེ་གསུམ་ཙམ་སོང་ནས་རྨེའུ་སྐོར་ཁོག་ཏུ་ཡར་དཀྱོགས་ན་བུ་ཁོག་ལུང་བར་སྤྱི་ལེ་ལྔ་སོང་བའི་ནང་ལ་ཆགས་ཡོད། དགོན་འདི་ཉིད་རྗེ་བློ་བཟང་གྲགས་པའི་དངོས་སློབ་ཚ་ཁོ་བ་ངག་དབང་གྲགས་པ་མདོ་སྨད་དུ་བྱོན་ནས་དགོན་པ་བརྒྱ་དང་བརྒྱད་བཏབ་པའི་ནང་ཚུན་ཡིན་ལ། དགོན་འདི་ཆགས་ནས་ད་བར་དུ་དགོན་ས་ཐེངས་གསུམ་ལ་སྤོས་དགོས་བྱུང་། རྗེ་ཚ་ཁོ་ངག་དབང་གྲགས་པས་དང་ཐོག་དགོན་པ་འདི་ཉིད་སྒྱེད་གསུམ་ཁའམ་དབྱར་སྟོན་ཁར་བཏབ་སྟེ་རྟེན་སྐལ་དུ་མགོན་པོའི་ཞལ་ཐང་དང་ནཱ་རོ་བའི་ཁཊཱཾཀ བཀྲ་ཤིས་དོ་ཁ་མ་བཅས་གནང་ནས་དགོན་པ་འདི་ཉིད་འཛིན་སྐྱོང་གི་ལས་རྒྱ་ཁེ་ཚང་ལ་གཏད། དེ་ནས་བཟུང་རྒྱ་ཁེ་རམས་འབྱམས་པ་བློ་བཟང་བསྟན་འཛིན་སོགས་རྒྱ་ཁེ་གདུང་རྒྱུད་ཀྱིས་དགོན་ཉིད་སྐྱོང་ཁུར་གནང་། དུས་སྐབས་དེར་དགོན་པའི་བླ་གྲྭ་ཚང་མས་སྒྲུབ་པ་མཉམ་ལེན་གཙོ་བོར་གནང་བས་དད་ལྡན་མང་ཚོགས་ཀྱི་སྣང་ངོར་རི་ཁྲིད་ཅིག་ལས་མ་སྣང་བའི་ཟོལ་ཞིག་འདུག

unnamed

 

གཉིས་པ། དགོན་རྙིང་དུ་གནས་སྤོས་པ།

དབྱར་སྟོན་ཁ་ནས་དགོན་པ་ལྟག་ཀའི་ལུང་བར་སྤོས་མཁན་ནི་སྤངས་རྟོགས་ཡོན་ཏན་ཀུན་གྱི་མངའ་བདག་རྗེ་རྒྱ་ཁེ་བླ་མ་བློ་བཟང་ཤེས་རབ་རྒྱལ་མཚན་ཁོང་ཡིན་འདུག ཉིན་ཞིག་ཁོང་གི་ཆུ་གཏོར་བསྔོ་སྐབས་ཕོ་རོག་ཅིག་གིས་གཏོར་སྡེར་ཁྱེར་ནས་འཕུར་བས། ཁོང་གིས་ཉེ་གནས་ལ་གང་དུ་འཁྱེར་ལྟོས་གསུངས་ནས་ཉེ་གནས་མངགས་པ་ན། ཉེ་གནས་ཀྱིས་དགོན་པའི་ལྟག་རྒྱབ་ཀྱི་ཉིན་ཁུག་དེར་བཞག་ཅེས་བླ་མར་ཞུས། ཁོང་གིས་དེས་ན་དགོན་ས་གནས་དེར་སྤོར་དགོས་པའི་རྟགས་ཡིན་ཞེས་ཐུགས་རབ་ཏུ་དགྱེས་ནས་རྒྱུ་སྐར་འཕྲོད་སྦྱོར་ལེགས་པ་དང་བསྟུན་ནས་ས་འདུལ་དང་ཆོ་ག་སྒྲུབ་ཚེ་གནམ་ས་འབྱེད་དཀའ་བའི་དྲག་ཆར་དང་གནམ་ལྕགས་ཐོག་གི་འཇིགས་པ་ལན་མང་དུ་བྱུང་ཡང་གནོད་པའི་སྐྱོན་ཕྲ་མོ་ཙམ་མ་ཐེབས་པས་བླ་མའི་ཐུགས་དགྱེས་བཞིན། ཁོ་བའི་དགོན་པ་འདིར་གནམ་ལྕགས་ཐོག་གི་འཇིགས་པ་ཅི་ཙམ་བྱུང་གནོད་པའི་སྐྱོན་ཕྲ་མོ་ཙམ་ཡང་མ་བྱུང་བས། དགོན་འདི་ནས་དྲག་སྒྲུབ་ཀྱི་ལས་སྦྱར་ན་གནམ་ལྕགས་ཐོགས་ལས་རྩལ་འབར་བ་ཞིག་ཏུ་འགྱུར་ངེས་གསུངས་པས། དགོན་འདི་ཉིད་ཀྱི་མིང་ལ་གནམ་ལྕགས་དགོན་ཞེས་ཐོགས་པར་གྲགས། ས་སློག་སྐབས་ས་འོག་ནས་སྦལ་བ་མཐོ་བདུན་ལོངས་པ་ཞིག་བུད་པར་ཉེ་གནས་ལ་ངལ་མ་གསོ་བར་ཆུ་མདོ་དཀར་མོའི་ནང་དུ་སྐྱོལ་གསུངས་ནས་བསྐྱལ་དུ་བཅུགས། ཉེ་གནས་ཀྱིས་ལམ་དུ་ངལ་གསོ་བྱས་ཚེ་སྦལ་བ་སླེ་བོ་ལས་མཆོང་ནས་གར་སོང་ཆ་མེད་དུ་གྱུར་བས་ཉེ་གནས་ཀྱིས་བླ་མ་ལ་གནས་ཚུལ་ཇི་བཞིན་ཡར་ཞུ་བྱས། བླ་མས་དགོན་ས་འདི་ཉིད་ཀུན་རིག་རྣམ་པར་སྣང་མཛད་ཀྱི་གདན་ས་དངོས་ཡིན་ཡང་རྗེས་སུ་ཡང་བསྐྱར་གཅིག་སྤོར་དགོས་རྒྱུར་གསུངས་ཤིང་། གནས་དེར་འདུ་ཁང་སོགས་ལེགས་པར་བཞེངས་ནས་ཉེ་གནས་ལ་ཁྱེད་རང་ངལ་གསོ་སར་ཀླུ་དབང་རྒྱལ་བོའི་ཚ་ཁང་ཞིག་བཞེངས་དགོས་གསུངས་ནས་བཞེངས། སྐབས་དེར་མགོ་ལོག་སོགས་ཀྱི་ཇག་རྐུན་གྱིས་དགོན་པར་འཚེ་བའི་ལས་མང་དུ་བྱས་པས་དགོན་མགོ་རེབ་གོང་ཤར་སྐལ་ལྡན་རྒྱ་མཚོར་གཏད་པས་རྐུན་ཇག་གི་ལས་ལ་ཕན་པའི་བཀའ་ཤོག་སོགས་བསྩལ།

 

གསུམ་པ། ཀུན་མཁྱེན་འཇིགས་མེད་དབང་བོའི་ཞབས་ལ་གཏུགས་པ།

སྤྱི་ལོ་༡༧༩༠ལོའི་ཧོར་ཟླ་བརྒྱད་པའི་ཉེར་གཅིག་ཉིན་རྔ་ཡུལ་གནམ་ལྕགས་དགོན་གྱི་མཁན་གདན་ཟུར་དང་། ང་ཞེས་སྐྲ་དཀར་མ། ཆུ་ཁ་ངག་བསྟན། འགོ་བ་ལྷ་ཚེ་སོགས་ཀྱིས་༧མདོ་སྨད་བསྟན་པའི་བདག་པོ་ཀུན་མཁྱེན་འཇིགས་མེད་དབང་བོ་མཆོག་རྔ་བར་ཕེབས་སྐབས་སུ་དགོན་འདིར་གདན་དྲངས་ཤིང་། ཁོང་གིས་ཁ་ཤུལ་རུ་རུ་ཐང་ནས་དད་ལྡན་སེར་སྐྱ་ཡོངས་ལ་ལྷ་མཆོག་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་གདུགས་དཀར་སོགས་ཀྱི་དབང་དང་ཉེར་མཁོའི་ལུང་རྒྱུན་སོགས་གང་ལ་གང་མཁོར་གནང་སྟེ། སླར་ཡང་དགོན་འདིར་ཞག་བདུན་དུ་བཞུགས་ལ། དགོན་འདིའི་ས་ལ་གཟིགས་ཞིབ་གནང་། ལྷག་པར་དུ་དགོན་འདི་ཉིད་རྒྱ་མཁར་ཐང་༼དེང་སང་དགོན་པ་ཆགས་ཡོད་ས་དེ་ཡིན།༽དུ་”རྡོ་རྗེ་འཛིན་པ་ལྔ་བརྒྱའི་ས་ཡོད་”ཅེས་ལུང་བསྟན་གྱི་ཚུལ་དུ་གསུངས་འདུག རྗེས་སུ་ཀུན་མཁྱེན་ཐར་འདོད་རྒྱ་མཚོས་ཀྱང་མཐའ་ཡས་རྒྱ་མཚོའི་༼མཐའ་ཡས་རྒྱ་མཚོའི་རྣམ་ཐར་སོགས་ད་དུང་གསལ་བོར་ཞིག་མཐོང་མ་ཐུབ་མོད། འཚོལ་ཞིབ་བྱེད་བཞིན་ཡོད༽གདན་ས་དངོས་ཏེ་མི་རབས་བདུན་ལ་ཤུལ་སྟོང་དུ་མ་སོང་བ་ཞིག་ཡིན་ཞེས་གསུངས། དེའི་རྗེས་སུ་ཀུན་མཁྱེན་ཆེན་པོ་བསྟན་པའི་རྒྱལ་མཚན་ཚང་ཆེད་ཕེབས་གནང་སྟེ། རྨེའུ་སྐོར་གྱི་ཡུལ་ལྷར་ལབ་ཙེ་གཉན་བཀོད་པ་དང་། དེང་སང་གི་དགོན་ས་འདིར་ཕེབས་ནས་གཟིགས་སྐབས་སུ་ཁོང་གི་བཅིབས་རྟ་ཉལ་བས་”འདུ་ཁང་འདིར༼དེང་སྐབས་ཆོས་ར་གསར་བ་བཞེངས་ཡོད་ས་དེ་ཡིན་༽་བཞེངས་ན་ལེགས་གསུངས་ཏེ་རྡོ་དཀར་པོ་ཞིག་རྟགས་སུ་བཞག་ནས་བཀྲ་ཤིས་པའི་ལྟས་ཕུན་སུམ་ཚོགས་པར་གསུངས།

 

བཞི་བ། གདན་ས་ཐེངས་གསུམ་པ་སྤོས་པ།

དགོན་པ་ཐེངས་གསུམ་པ་སྤོར་མཁན་སྐྱབས་མཆོག་མི་མགོན་༼ཉི་འགོ་ཚང་ཡང་ཟེར་ཏེ་སྐུ་ཡུལ་གཤོང་བ་སྡེ་བའི་ཡིན་སྟབས་སྔ་དྲོ་ཉི་མ་འཆར་ཚེ་ཉི་འོད་ཐོག་མར་ས་བབས་ཀྱིས་སྐུ་ཡུལ་གྱི་འགོར་འཆར་བས་ཉི་འགོ་སྤྲུལ་སྐུ་ཞེས་མཚན་ཐོགས་པ་ཡིན་ནོ༽སྐུ་ཕྲེང་གསུམ་པ་བསྟན་པའི་རྒྱལ་མཚན་ཚང་གིས་དགོན་རྙིང་ནས་ད་ལྟའི་དགོན་ས་འདིར་ཀུན་མཁྱེན་བླ་མ་རིམ་བྱོན་གྱིས་”མཐའ་ཡས་རྒྱ་མཚོའི་གདན་ས་དངོས་ཡིན་”ཞེས་པའི་ལུང་བསྟན་གནང་བ་ལྟར་ད་ལྟའི་རྒྱ་མཁར་སྟེང་དུ་སྤྱི་ལོ་༡༩༤༠ལོར་གནས་སྤོར་བ་ཡིན། གནས་སྤོར་དགོས་པའི་རྒྱུ་རྐྱེན་སྔོན་བླ་མ་གོང་མ་རྣམས་ཀྱིས་ལུང་བསྟན་དང་དགོན་པའི་གཡས་གཡོན་ཀུན་ནས་ཆུ་མིག་རྡོལ་བས་ཤྭ་འོད་དང་འོབས་ཤུལ་བྱུང་བ་སོགས་རྒྱུ་རྐྱེན་དུ་མ་འདུས་ཏེ་མཐར་སྤོར་བ་རེད། རྒྱ་མཁར་ཐང་ནས་འདུ་ཁང་བཞེངས་སར་ས་སློག་བྱེད་སྐབས་ས་འོག་ནས་མཆིག་དང་རྫ་ཆས་ཆེ་ཆུང་མང་བོ་བུད་པས་ཀུན་ཀྱིས་ཀུན་མཁྱེན་བླ་མས་གསུངས་པ་ལྟར་མཐའ་ཡས་རྒྱ་མཚོའི་གདན་ས་ཡིན་པར་ངེས་པ་རྙེད་དེ་དད་གུས་ཚད་མེད་སྐྱེས། མི་མགོན་སྐུ་ཕྲེང་གསུམ་པ་ཚང་གིས་དགོན་པ་གནས་སྤོར་བའི་ལས་འགན་གཙོར་བཟུང་ཞིང་། རྗེ་སྔགས་རམས་པ་བློ་བཟང་དོན་གྲུབ་དང་། སྤྲོ་ཚིགས་དགེ་བཤེས་དཀོན་མཆོག་དར་རྒྱས་ཚང་གིས་སར་གཟིགས། ཆོས་འདུལ་བ་དང་རྒྱུད་སྡེ་ལས་གསུངས་ས་པ་ལྟར་ཆོ་ག་དང་ཕྱག་ལེན་གང་ཐེབས་ཀྱིས་ཐིག་བཏབ་ཅིང་། འདུ་ཁང་དང་ཆོས་ར་སོགས་བཞེངས་སྐབས་མཚན་མོར་བྱིས་པ་རྒྱུས་མེད་ཅིག་གིས་སྐད་གདངས་སྙན་མོའི་ངང་ནས་དཔལ་གསང་བ་འདུས་པའི་རྩ་སྔགས་སྐྱོར་བཞིན་པ་གྲྭ་རྒན་ཟུར་དང་གཞོན་པ་ཀུན་ཀྱིས་ཐོས་ཞེས་གོང་མ་རྣམས་ཀྱི་ཞལ་རྒྱུན་དུ་གཅིག་ལ་གཅིག་བརྒྱུད་དུ་ཡོད་དོ།།

unnamed-3

 

ལྔ་བ། དགོན་པའི་སློབ་གྲྭ་བཤད་པ།

སྤྱི་ལོ་༡༩༨༨ལོར་དགོན་པའི་ལས་སྣེ་མོ་བས་གོང་རིམ་ལ་སྙན་ཞུ་ཕུལ་ནས་ཆོག་མཆན་ཐོབ་པའི་འོག་ནས་ཚོད་ལྟའི་སློབ་ཆུང་བཙུགས་པ་མ་ཟད། དགེ་རྒན་སོགས་དགོན་པས་བཀོད་བསྒྲིགས་གནང་སྟེ་ཉིན་རྒྱུན་སློབ་མ་རྣམས་ལ་བོད་ཡིག་དང་རྒྱ་ཡིག རྩིས་རིག་སོགས་དུས་སྐབས་དང་བསྟུན་ནས་བསླབ་གཞི་བདམས་ནས་སློབ་ཁྲིད་ཆད་མེད་དུ་གནང་ངོ་།། ད་ལྟ་སློབ་གྲྭ་དེ་མེད་པར་གྱུར་མོད། ཡང་བསྐྱར་སློབ་གླིང་ཞིག་བསྐྲུན་པར་རེ་བ་གནང་བཞིན་པའི་སྐབས་ཡིན་ནོ།།

 

དྲུག་པ། དེང་སྐབས་ཀྱི་གནས་བབས་བཤད་པ།

དེང་སྐབས་རྗེ་སྔགས་རམས་པ་བློ་བཟང་དགོས་འདོད་ཉི་མ་ཚང་གིས་ཆོས་ར་གསར་བཞེངས་དང་ཚོགས་ཆེན་འདུ་ཁང་ཆེན་མོ་གསར་བཞེངས། རུ་ལྷ་སྡེས་འཁོར་ཁང་གསར་བཞེངས་སོགས་དགོན་པའི་ཕྱི་བཀོད་པའི་རི་མོ་ཕུན་སུམ་ཚོགས་ཤིང་དད་ལྡན་དང་བ་འདྲེན་པའི་མིག་རྒྱན་དུ་གྱུར་བཞིན་འདུག་ལ། མཆོག་སྤྲུལ་མི་མགོན་སྤྲུལ་སྐུ་གཙོར་བྱས་ཏེ་གྲྭ་གཞོན་རྣམས་ཀྱིས་ཐོས་བསམ་སློབ་གཉེར་གྱི་ཕྱོགས་ལ་ཧུར་བརྩོན་གནང་བཞིན་པ་ལགས་སོ།།

སྨྲས་པ།
གནམ་ལྕགས་ཆོས་སྡེ་གང་གི་བྱུང་བ་ཞིག།
མདོར་བསྡུས་གྲོགས་ལ་སྐྱེས་སུ་དབུལ་བ་འདི།།
མཁས་རློམ་དྲི་བསུངས་ངན་པས་གོས་མིན་པར།།
རང་ངོ་རང་ལ་འཕྲོད་ཕྱིར་བྲིས་པ་ལགས།།

དུས་དང་ཚེ་ཡི་འདུ་བྱེད་མ་སྟོང་ན།།
རྒྱས་ཤིང་ཟབ་པའི་དགོན་འདིའི་བྱུང་བ་ཞིག།
དད་ལྡན་དང་བ་འདྲེན་པའི་དམིགས་ཡུལ་དུ།།
འབྲི་འདུན་རླབས་རིས་ཡིད་ཀྱི་ངོགས་སུ་འཕྱོ།།

གྲོང་མཐའི་རྒན་མོའི་དོན་མེད་ཁ་མཆུ་ཡི།།
འཁོར་ལོ་བདག་གི་སྟེང་དུ་མི་སྐོར་བར།།
ནོར་འཁྲུལ་རིགས་ལ་འཛུབ་མོ་རི་སྟོན་རེ།།
གནང་པའི་ལས་འདི་ཀློག་པ་བོ་ཚོར་བཅོལ།།

unnamed-4

 

བདུན་པ། མཇུག་གཏམ།

རྔ་ཡུལ་གནམ་ལྕགས་དགོན་པའི་ལོ་རྒྱུས་འདི་འདྲ་ཞིག་འབྲི་དོན་ནི། གྲྭ་སྐྱེས་གཞོན་ནུ་ཚོས་རང་དགོན་གྱི་བྱུང་རབས་གང་ཡིན་ལ་རྒྱུས་མེད་དུ་གྱུར་སྟབས། སྔོན་ཆད་རྒན་མི་ཕམ་གྱིས་བྲིས་པའི་ལོ་རྒྱུས་གཞིར་བྱས་ཏེ་བྲིས་པ་ཡིན། ལྷག་པར་དུ་འདིར་དགོན་པའི་དགོན་པའི་ལོ་རྒྱུས་མདོར་བསྡུས་བྲིས་པ་ཡིན་པས་བླ་མ་དང་ཁྲི་རབས་སོགས་གཞན་དུ་འབྲི་འདུན་ཡོད་པས་འདིར་འབྲེལ་ཡོད་ཆེན་པོ་མེད་ཚེ་མ་བྲིས་སོ།། ལྷག་པར་དུ་ཉིན་འགའི་སྔོན་དུ་བྲིས་པ་ལ་ནོར་འཁྲུལ་རེ་ཟུང་བྱུང་ཡོད་པས་བསྐྱར་འབྲི་བྱས་པ་ཡིན། ལོ་རྒྱུས་འདི་ལ་ད་དུང་ཁ་གསབ་དང་ནོར་འཁྲུལ་ལ་བཅོས་བསྒྱུར་གང་ཐུབ་ཐུབ་ཅིག་བྱས་ཏེ་དེབ་གཟུགས་བསྐྲུན་འཆར་ཡོད་པས། དགོན་འདི་ཉིད་ལོ་རྒྱུས་དང་འབྲེལ་ཡོད་རེ་མཐོང་ཚེ་བདག་ལ་རྒྱུ་ཆ་རུ་བསྩོལ་བར་བཀའ་དྲིན་ཞུ། ངས་བསྐྱར་ཞུ་འདོད་པ་ནི་ཁྱེད་ཅག་གིས་འདི་ལ་ནོར་འཁྲུལ་ཡོད་ལ་མཛུབ་སྟོན་དང་སློབ་སྟོན་གནང་བ་ལས་འཕྱ་སྨོད་དང་ལབ་བཙགས་ཀྱི་ལས་ཀ་ནི་རང་གཞན་གཉིས་ཕམ་པའི་རྒྱུ་ལས་ཕན་པ་ཅི་ཡང་མེད་པས་ཐུགས་པ་འཛིན་པར་ཞུ།

(འོས་སྦྱོར་བའི་གཏམ། གོང་གི་རྔ་བ་གནམ་ལྕགས་དགོན་གྱི་ལོ་རྒྱུས་ཐུང་ངུ་འདི་བདག་གི་གྲོགས་པོ་ཞིག་གིས་བོད་ནང་ནས་སྐད་འཕྲིན་ནམ་འཕྲིན་ཕྲན་བརྒྱུད་ནས་བདག་ལ་བཙན་བྱོལ་ནང་གི་ཚགས་པར་དང་དྲ་ཚུགས་འགར་རེ་བཀོད་རོགས་ཞེས་འབོད་བསྐུལ་བྱས་པས་བདག་གིས་ཀྱང་ཁྱེད་ཁ་བརྡ་རྩོམ་སྒྲིག་ཁང་དུ་བསྐུར་བ་ཡིན་ལགས།)

ལོ་རྒྱུས།

Post navigation

Previous Post: “མ་ཡུམ་དྲན་པའི་སྐྱོ་གླུ།”
Next Post: དྲ་ཚིགས་དང་དྲ་ཚིགས་ཇུས་འགོད་པ་མཉམ་དུ་གླེང་བ།

Comments (2) on “༄༅། །རྔ་ཡུལ་གནམ་ལྕགས་དགོན་གྱི་ལོ་རྒྱུས་མདོར་བསྡུས།”

  1. སེང་ཕྲུག་བརྟན་པ། says:
    2016-10-29 at 2:35 am

    དད་ཕྱེད་དད་པས་སྒོ་་་་་་་་་

    བཤེས་གཉེན་ཆེན་པོར་དད་པའི་དད་པ་ཕྱེད་ལས་མེད་ན་དད་པ་ཆུང་དྲག་པ་དང་། ཡང་ན་དད་པ་བརྟན་པོ་མེད་ངེས་རེད། ནོར་

  2. སེང་ཕྲུག་བརྟན་པ། says:
    2016-10-29 at 4:40 am

    སངས་རྒྱས་ཀུན་གྱི་ངོ་བོ་གཅིག་འདུས་པའི།
    སྐྱབས་མཆོག་འཇམ་དཔལ་བཤེས་གཉེན་གང་གི་ཞབས།
    སྒོ་གསུམ་མི་ཕྱེད་དད་པས་རབ་བཏུད་ན།
    བློ་གྲོས་སྤོབས་པའི་སྣང་བ་སྩོལ་ཅིག་ཀྱེ།

    མིལེགས་སམ????

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme