Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་རིགས་ཕོ་མོའི་འདྲ་མཉམ་ཐོབ་ཐང་ལས་འཕྲོས་པའི་གཏམ།

Posted on 2016-10-102016-10-10 By ཁ་བརྡ་ 7 Comments on མི་རིགས་ཕོ་མོའི་འདྲ་མཉམ་ཐོབ་ཐང་ལས་འཕྲོས་པའི་གཏམ།

རྩེཿ  མུན་སེལ།
 

མི་རིགས་ཕོ་མོའི་འདྲ་མཉམ་ཐོབ་ཐང་ལས་འཕྲོས་པའི་གཏམ་དྲང་སྲོང་རྒན་པོའི་བསམ་ཚུལ་ཞེས་བྱ་བ།

ཆོས་དབྱིངས་མཐའ་དབུས་བྲལ་བའི་ངང་ཉིད་ལས།།
སྣ་ཚོགས་གཟུགས་སྐུའི་རོལ་པ་འབུམ་ཕྲག་གིས།།
སྐྱེ་དགུའི་གདུང་བ་མ་ལུས་འཕྲོག་པའི་ལྷ།།
ཌཱ་ཀྐིའི་གཙོ་མོ་གང་དེས་ཁྱེད་ལ་སྲུངས།།

ཆེན་པོའི་དཔུང་གིས་འགོག་པར་མི་ནུས་ཤིང་།།
ཆགས་སྡང་འཐབ་རའི་གཡུལ་ལས་མི་ཡོ་བའི།།
ཚངས་པའི་ཐིགས་ལས་དྲང་བ་བདེན་པའི་གཏམ།།
རྣམ་རིག་འཕྲུལ་གྱི་ལམ་ནས་ཕྱོགས་བརྒྱར་དགྲམ།།

གང་ཟག་མི་ཡིས་བདག་ཏུ་བཟུང་བ་སྟེ།།
མ་ངེས་ལས་ཀྱིས་བཀོད་པའི་འཇིག་རྟེན་གྱི།།
བར་སྣང་གོ་ལ་ཟླུམ་པོའི་གླིང་ཞིག་ན།།
བདེ་སྡུག་འདྲ་མཉམ་ཐོབ་ཐང་ཉི་འོད་རྒྱས།།

འོན་ཀྱང་གཟུ་བོའི་ལམ་ནས་བལྟས་པའི་ཚེ།།
བལ་བོད་འབྲུག་སོགས་ཡུལ་ལུང་འགའ་ཞིག་ཏུ།།
བདེ་སྡུག་འདྲ་མཉམ་ཐོབ་ཐང་ཉི་འོད་དེ།།
ད་རུང་ངམ་གནག་སྤྲིན་དང་འཚུབ་མས་སྒྲིབ།།

དེ་ཚུལ་མང་དུ་བཤད་ལྟ་ཅི་དགོས་ཏེ།།
སྤྱི་མཐུན་ལས་ཀྱིས་གྲུབ་པའི་ཁྱུ་ཞིག་ན།།
ཅོལ་ཆུང་འགའ་ཡི་ངན་གཡོའི་རྐྱེན་དབང་གིས།།
མི་མོའི་གོ་གནས་ཁྱི་ལས་དམན་འདིས་ཀྱང་།།

བཟང་ཚད་ཕོ་ཡིས་བསྒྲུབས་པ་མིན་ངེས་ལ།།
ངན་དགུ་མོ་ཡིས་འདྲེན་པ་མ་ལགས་མོད།།
ཕོ་རྣམས་འཇོན་པ་མོ་ཡིས་མི་འོས་ཞེས།།
བུད་མེད་བློ་སྣ་འབེབ་པའི་ཚུལ་འདི་སྐྱོ།།

ངེས་དོན་ཆོས་ཀྱི་བཤད་པ་ཕར་བཞག་གི།
ཕྱི་ལྟས་དངོས་ཡོད་ཚད་ཀྱིས་གཞལ་ན་ཡང་།།
ལུས་ཀྱི་བུག་སྒོའི་རྣམ་གྲངས་ཙམ་ཞིག་ལས།།
མི་རིགས་ཕོ་མོའི་བཟང་ངན་ཀུན་ནས་མཉམ།།

ཡེ་ཤེས་མཚོ་རྒྱལ་ཌཱ་ཀྐིའི་གཙོ་མོར་བཞེངས།།
འགྲོ་བ་བཟང་མོ་ཟག་མེད་འོད་སྐུར་དེངས།།
ཨ་མ་ལབ་སྒྲོལ་སྤྲོས་བྲལ་ལྟ་བ་བསྐྱངས།།
དཔལ་གྱི་བཟང་མོའི་མཚན་སྙན་སྲིད་ན་ལྡིར།།

གླང་དར་ངན་པས་རྒྱལ་བསྟན་ཉག་ལ་གཏུགས།།
གླེན་པ་འགའ་ཡིས་དམ་སྲི་ལྷ་རུ་འཛིན།།
སྐུ་དྲགས་འགའ་ཡིས་རང་ཡུལ་གཞན་ལ་བཙོངས།།
དེ་དག་དངོས་བྱུང་དཔང་པོ་ཉུང་ཟད་ཙམ།།

རང་དབང་ཞི་བདེའི་སྒོ་འཕར་ཡངས་པ་ཡི།།
ཤར་ནུབ་ལ་སོགས་ཡུལ་གླིང་ཕལ་མོ་ཆེར།།
བུད་མེད་དག་ཀྱང་འདྲ་མཉམ་གཞིར་ཞུགས་ཏེ།།
ཚན་རྩལ་ལ་སོགས་གང་མོས་གནས་ལ་བརྩོན།།

ལ་ལ་སྤྱི་ཚོགས་ལམ་བཟང་སྟོན་ལ་དབང་།།
འགའ་ཞིག་དངོས་འཕྲུལ་ཅི་རིགས་བཟོ་ལ་མཁས།།
ཁ་ཤས་སེམས་ཁམས་རིག་པའི་གནས་ལ་བཤེར།།
ཕལ་ཆེར་ཚོང་ལས་དཔལ་འབྱོར་སྤེལ་ལ་གྲུང་།།

གངས་རིའི་ཕར་འགྲམ་གཙང་བཞིའི་ཁུགས་སོ་ཡི།།
ཡུལ་འགར་བློ་གྲོས་དམན་པའི་རྒད་པོ་འགའ།།
རང་གི་ཆུང་མར་ཤིན་ཏུ་སྡང་བ་སྟེ།།
བརྙས་ཤིང་གཤེ་བའི་ཚིག་ལ་འཆད་པ་མེད།།

བུད་མེད་རྣམས་ལ་སྨད་མི་རུང་བའི་ཚུལ།།
རྡོ་རྗེ་འཆང་གི་བཤགས་པའི་སྐབས་ན་ཡང་།།
བརྙས་ཤིང་གཅར་རྡུང་བྱེད་པ་སྨོས་ཅི་དགོས།།
སྨད་ཚིག་ཙམ་ཡང་ལྟུང་བ་ཉིད་དུ་གསུངས།།

ལས་ཀྱི་རྒྱུན་ལ་བརྟེན་པའི་རྣམ་ཤེས་དང་།།
ལུས་གཉིས་ལྷན་དུ་འཛོམས་ཏེ་གསོན་པ་ཡང་།།
ཕ་མའི་དྭངས་ཆ་ཟུང་ལ་བརྟེན་པ་ལས།།
ཕོ་ཡི་ཐིག་ལེ་ཁོ་ནས་ག་ལ་ཡིན།།

ཕྲུ་གུར་ཡ་རབས་སྤྱོད་བཟང་བགོ་ལ་ཡང་།།
ཕ་ཡི་རྩུབ་མོའི་གཤེ་བརྡུངས་བརྒྱ་ཕྲག་བས།།
མ་ཡི་འཇམ་པོའི་ཐབས་བཅུར་ཕན་ཆེ་བ།།
རང་གི་མྱངས་པར་དཔྱོད་དང་ཤེས་པར་ངེས།།

སུ་ཞིག་འཇིག་རྟེན་ཁམས་བདེ་ཇི་སྙེད་པ།།
སྐྲུན་ནུས་མི་ལས་ཆེ་བ་མེད་མཐོང་ན།།
མི་མོ་སྟོང་ཚེ་རིགས་རྒྱུད་ཇི་ལྟར་སྤེལ།།
ཕོ་ཡི་ལུས་ཀྱང་རྒྱུ་མེད་གང་ནས་འབྱུང་།།

ཀྱེ་མ།
མི་མཐུན་ཁྲིམས་ཀྱི་སྨག་རུམ་སྟུག་པོའི་ཁྲོད།།
རང་དབང་བདེ་བའི་མདུན་ལམ་ཡོངས་བཅད་ནས།།
དམན་པའི་ས་ན་སྡུག་གི་འཁུར་འདེགས་པའི།།
ཉམ་ཐག་བུད་མེད་འདི་ཚོ་སྙིང་རེ་རྗེ།།

མི་ཡི་འགྲོ་བར་འབོད་པའི་ཁྲོད་འདི་རུ།།
ཤེས་འཇོན་ལྷག་གསུམ་ལྡན་པ་འགའ་མཆིས་ན།།
དབང་མེད་སྡུག་གིས་མནར་བའི་བུད་མེད་རྣམས།།
མ་འགྱངས་མ་འགྱངས་མྱུར་དུ་སྐྱོབ་རེ་རན།།

ངེས་མེད་ཡུལ་ན་འཕྱན་པའི་ཁེར་རྐྱང་བདག།
སྐྱོབ་པའི་ནུས་པ་གང་ཡང་མ་མཆིས་མོད།།
ཤིན་ཏུ་སྐྱོ་བའི་ཚུལ་འགའ་མཐོང་གྱུར་པས།།
དྲང་པོའི་གཏམ་དེ་དབང་མེད་ངག་ནས་ཐལ།།

མདོར་ན་འགལ་བར་རུང་མིན་ཀུན་ཀྱང་ནི།།
རང་དབང་ཞི་བདེ་འབྱུང་བའི་གཞིར་ཞུགས་ཏེ།།
ཕོ་མོའི་འཇོན་ཤེས་ཟུང་དུ་ལེགས་སྦྲེལ་པས།།
ཕྱོགས་ཀུན་བདེ་སྐྱིད་སྣང་བས་ཁྱབ་པར་སྨོན།།

ཞེས་པའང་རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་ཉིན་མོར་ཤར་མར་བྲིས།།

སྙན་ངག

Post navigation

Previous Post: གསར་མོ་སྣང་མཐོ་ཚོ།
Next Post: ཀུན་ཕན་ཐེབས་རྩར་བོད་ཀྱི་ཚེམ་དྲུབ་པའི་སྒྱུ་རྩལ་གྱི་འགྲེམ་སྟོན་གཟིགས་པར་ཕེབས་ཤོག

Comments (7) on “མི་རིགས་ཕོ་མོའི་འདྲ་མཉམ་ཐོབ་ཐང་ལས་འཕྲོས་པའི་གཏམ།”

  1. ཀརྡོ་རབ་འབྱམས་པ་ says:
    2016-10-11 at 12:03 pm

    བུད་མེད་ཉི་མོར།
    ་
    གཞོན་ནུ་དོན་གྲུབ་རྒྱ་གར་མ་ལས་འཁྲུངས། །
    ཉག་ཁྲི་བཙན་པོ་བོད་ཀྱི་མ་ལས་འཁྲུངས། །
    ཆོས་རྒྱལ་སྲོང་བཙན་དབུས་གཙང་མ་ལས་འཁྲུངས། །
    ༸བཅུ་བཞི་ཆེན་པོ་ཨ་མདོའི་མ་ལས་འཁྲུངས། །
    ་
    སྲིང་མོ་ནུ་མོ་གཅེན་མོ་ཨ་ཕྱི་ཀུན། །
    མ་དང་སྲུ་མོ་རྨོ་མོ་ཡང་རྨོ་ཡང་། །
    བུད་མེད་ལུས་ཀྱིས་ང་ཚོར་བསྐྱེད་བསྲིང་བྱས། །
    བུད་མེད་ལུས་ཅན་༸སྒྲོལ་མས་བདག་སོགས་བསྐྱབས། །
    ་
    ཀརྡོས། །

  2. ཨ་ཁུ་འབྲོག་པ། says:
    2016-10-14 at 5:23 pm

    ༄། །སྔོན་ཆད་ཡིན་ན་འའགྲོ་བ་མིའི་བདེ་སྡུག་ལྷ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཡེ་ཤེས་སྤྱན་གྱིས་གཟིགས། སྙན་གྱིས་གསན་ཀྱང་། མི་ཡིས་ནན་ཞུ་བྱེད་མཁན་མེད་སྟབས། སེམས་ཅན་རང་རང་ལས་ཀྱིས་མནར་བ་ལ། ཀུན་དགའ་བོ་མྱང་ངན་མ་བྱེད་ཨང་། ཞེས་པ་ལྟར་བཏང་སྙོམས་སུ་བཞུགས་ཀྱང་། དེང་སྐབས་མིས་ཞུ་བསྐུལ་བྱེད་མཁན་ཡོད་པ་དང་། ལྷག་པར་ཆ་འཕྲིན་གྱི་དུས་ཚོད་ཡིན་སྟབས་ཙེ༠ མུན་སེལ་གྱི་མི་རིགས་ཕོ་མོ་འདྲ་མཉམ་ཐོབ་ཐང་སྐོར་དེ་མ་གཅིག་དཔལ་ལྷ་དང་། ས་སྐྱ་སྦལ་མོ། འབྲི་ཁུང་ཨ་ཕྱི་ཆོས་སྒྲོན་སོགས་ཀྱིས་ལེགས་པར་མཁྱེན་ཏེ་རྩ་ཚིག་ཕེབས་པ་དབུས་བོད་མིའི་སྒྲིག་འཛུགས་ནས་གཞུང་བསྟེན་སྲུང་མ་ཆེ་གེ་མོ་ཞིག་སྐུ་ཕེབས་ཞུས་པའི་བཀའ་ལུང་གསང་བ་ཕྱིར་ཤོར་ནང་། ངེད་སྨན་བཙུན་གསུམ་གྱི་བཀའ། རྒྱ་བལ་འབྲུག་གསུམ་སྤྱི་དང་ལྷག་པར། གངས་རིའི་ཕར་འགྲམས་གཙང་བཞིའི་ཁུགས་སོའི་ཡུལ་འགར་བློ་གྲོས་དམན་པའི་རྒད་པོ་རང་གི་ཆུང་མར་ཤིན་ཏུ་སྡང་བ་བརྙས་ཤིང་གཤེ་བའི་ཚིག་མཚོན་དང་། གདུག་ལག་ནམ་མཁར་འཕྱར་ཏེ་ཉམས་ཆུང་བརྡུངས་པའི་དྲོད་རྒྱགས་ཟེར་བ་ལྟར། ཉམས་ཆུང་ནུས་མེད་ཀྱི་སྟེང་དུ་དཔའ་བོའི་གད་སྒྱངས་སྒྲོགས་པའི་རྒད་པོ་ཁྲེལ་མེད་རྣམས་ལ་བཟློ་བ།
    མདོ་སྨད་པ་དགེ་འདུན་ཆོས་འཕེལ་ཞེས་ཡོངས་སུ་གྲགས་པའི་མཁས་པ་པཎྜིཏའི་དབང་པོ་གང་དེས། འདོད་པའི་བསྟན་བཅོས་ལས། བུད་མེད་ཀྱི་རིན་ཐང་མི་ཤེས་པའི་རྒད་པོ་རྣམས་ལ་གདམས་པ་ལས། འདོད་ཁམས་ས་ཡི་སྟེང་དུ་སྐྱེས་པའི་མི་ཡི་བདེ་བའི་མཆོག་འཁྲིག་པའི་བདེ་བ་སྤྱོད་སའི་ཡུལ་བུད་མེད་མེད་ན་མི་མི་འབྱུང་། མི་མེད་ན་དགེ་སློང་དང་། སངས་རྒྱས་བསྟན་པ་ཡང་མི་འོང་བས། །དགོན་པའི་ནགས་སུ་བཞུགས་པའི་དགེ་སློང་རྣམས། །འདི་ཡི་རིན་ཐང་ཆེ་ཆུང་མི་མཁྱེན་མོད། དལ་འབྱོར་བཅོ་བརྒྱད་ལྡན་པའི་ལུས་རྟེན་ཡང་། ཐོབ་པའི་རྟེན་འབྲེལ་དང་པོ་འདི་ནས་འགྲིག །རྒྱན་དྲུག་མཆོག་གཉིས་རྒྱ་གར་ཡུལ་དུ་བྱོན། །སྟོན་པ་གཤེན་རབ་འོལ་མོ་ལུང་དུ་འཁྲུངས། །ཏཱ་མིང་རྒྱལ་པོ་རྒྱ་ནག་མཁར་དུ་སྐྱེས། །དངོས་་པོའི་འབྱུང་ས་གང་ཡིན་བཤད་མི་དགོས། །ཚངས་པའི་ཁ་ན་ནས་བྲམ་ཟེའི་རིགས་བྱུང་ཞེས། །མུ་སྟེགས་གཞུང་ནས་བཤད་པས་བདེན་དཀའ་ཡང་། །བུད་མེད་འདོམས་ནས་རིགས་བཞི་ཀུན་སྐྱེ་བ། །མཁས་བླུན་སྐྱེ་བོ་སུས་ཀྱང་སྙོན་དུ་མེད། །ཅེས་དང་། །རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་། །རྒྱལ་པོའི་རྒྱལ་སྲིད་སྤྲང་པོའི་འཚོ་ཐབས་སོགས། །ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་། །མེད་དུ་མི་རུང་བ་ནི་བུད་མེད་ཡིན། །ཞེས་དང་། ཡངས་པའི་འཇིག་རྟེན་མྱ་ངམ་ཐང་བཞིན་ཆེ། །ལས་མང་ཁུར་གྱིས་སྐྱེས་བུ་ངེས་པར་སྐྱོ། །དེ་ལ་དགའ་བའི་སྤྲོ་བ་སྦྱིན་ནུས་པ། རྩེད་གྲོགས་བུད་མེད་ལས་ཀྱི་སྤྲུལ་པ་འདྲ། །ཞེས་དང་། མཐོང་བས་ཡིད་དགའ་གཟུགས་ཀྱི་ལྷ་མོ་སྟེ། །རིགས་བརྒྱུད་བཟང་པོ་སྐྱེ་བའི་ཞིང་ས་ཡིན། །སྡུག་པའི་ནད་གཡོག་བྱེད་པའི་མ་མ་དང་། །སྐྱོ་བའི་སེམས་གསོ་གཏོང་བའི་སྙན་ངག་མཁན། །ཁྱིམ་གྱི་ལས་ལས་ཀུན་བྱེད་པའི་གཡོག་མོ་སྟེ། །ཚེ་གཅིག་བརྩེ་དགས་སྐྱོང་བའི་གྲོགས་མོ་ཉིད། །སྔོན་བསགས་ལས་ཀྱིས་འབྲེལ་བའི་ཆུང་མ་ལ། ། ཡོན་ཏན་ཡོན་རྣམ་པ་དྲུག་པོ་འདི་དག་ལྡན། །ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་བཤེས་སྤྲིངས་ལས། འཇིག་རྟེན་པ་རྒད་པོ་རྣམས་ལ་གསུངས་པར། སྲིང་མོ་ལྟ་བུར་རྗེས་མཐུན་གང་ཡིན་དང་། །མཛའ་མོ་བཞིན་དུ་སྙིང་ལ་འབབ་པ་དང་། །མ་བཞིན་ཕན་པར་འདོད་དང་བྲན་མོ་བཞིན། །དབང་གྱུར་གང་ཡིན་རིགས་ཀྱི་ལྷ་བ་བཞིན་བཀུར། །ཞེས་གསུངས་པ་རྣམས་མ་གོ་བའམ། གོ་ཡང་ལག་ཏུ་མི་ལེན། སྤྱིར་དུས་རབས་ཀྱི་ཕོ་འགྱུར་སྒོས་རང་ཡུལ་གྱི་ཕོ་འགྱུར་ལ་མི་བསམ། ཡར་ཐོན་ཅན་གྱི་མི་རིགས་གཞན་གྱི་ལེགས་པའི་བྱ་སྤྱོད་ལ་ཁ་མིག་ཡར་ལྟ་མི་བྱེད་པར། གཏི་མཐུག་ཀླད་རྙིང་མཁྲེགས་བཟུང་གིས་མུ་མཐུད་རང་གི་ཆུང་མར་བརྙས་བཅོས་བྱེད་པ་རང་གི་རིགས་ཀྱི་མྱུ་གུ་རྣམས་ལའང་མིག་དཔེ་ངན་པ་སྟོན་པའི་སྤྱོད་ངན་རིགས་བྱས་པ་ཤར་ཚེ། ངེད་གསུམ་ནས་ཁྱོད་ཀྱི་ཡུལ་གྱི་བུད་མེད་རྣམས་རྒྱ་ཡུལ་དུ་རིམ་འོར་དང་། ཡང་རྒྱ་ཕོ་མང་པོ་ཁྱོད་ཀྱི་ཡུལ་དུ་བཀུག་སྟེ་ཁྱོད་ཀྱི་བུད་མེད་རྣམས་རིམ་བཞིན་ཁོའི་ཆུང་མར་སྟེར་ཏེ་མཐར་ཁྱོད་ཀྱི་ཡུལ་དུ་ཁྱོད་ཀྱི་བུད་མེད་གཙང་མ་བཙལ་ཀྱང་མི་རྙེད་པ་བཟོ་ངེས་ཡིན། འོ་ན་ཁྱོད་ཀྱི་བུད་མེད་མེད་ཀྱང་རུང་། ཡུལ་ལུང་གཞན་གྱི་བུད་མེད་བླངས་པས་ཆོག་སྙམ་ན། སྤྱིར་ཁྱོད་ཀྱི་སྤྱོད་ངན་དང་། སྒོས་ཁྱོད་ཀྱི་ཕོ་མཚན་གྱི་རིང་ཐུང་དང་ཆེ་ཆུང་གང་ལ་བལྟས་ཀྱང་ཡུལ་ལུང་གཞན་གྱི་བུད་མེད་སུ་ལའང་དགོས་མཁོ་མི་འདུག་པས་རེ་སྟོང་ཞོག་ཅིག། ནོར་བུ་རང་མ་ཡོད་དུས་ནོར་ཉམས་མ་ཆོད་ན། ནོར་བུ་མི་ལ་ཤོར་ན་སྙིང་རླུང་སྟོད་ལ་འཚང་ཡོང་ང་། ད་དུང་ཁྱོད་ཀྱིས་རང་གི་ཆུང་མ་རིགས་ཀྱི་ལྷ་བཞིན་བཀུར་དགོས་པའི་བཀའ་འདི་ལས་འགལ་བ་སྔར་སོང་ད་འགྲོའི་གླེན་པ་ཚོད་རྩིས་ཀྱིས་མནར་གཅོད་སྡུག་སྦྱོང་བཏང་རིགས་ཤར་ཚེ་རྗེས་གནོན་བཏང་འཛིན་ཡན་པོར་མ་སོང་བྱེད་ངེས་ཡིན་པས་དེ་དོན་སྤང་བླང་ཚུལ་བཞིན་ཡོང་བ་གྱིས། གཞན་ཡང་ངེད་བུད་མེད་རྣམས་ལ་བཟོད་པར་དཀའ་བའི་སྡུག་བསྔལ་མང་མོད་ཀྱང་བསྲན་པར་དཀའ་བའི་བདེ་བ་སྟེར་ཐུབ་མཁན་རྟ་རྒོད་གྱི་སྤུན་འདྲ་བའི་མི་ཕོ་དེ་འདྲ་ཡང་ཡུལ་གཞན་དང་གཞན་ན་མང་དུ་ཡོད་དོ། །ཁོང་ཚོའི་ལག་ཏུ་ཤོར་ལན་ཅིག་ན་ཚུར་ཐོབ་པའི་རེ་བ་མེད་དོ། །དེ་དུས་འགྱོད་པའི་གླིང་ལ་བསྐྱལ་ཡོང་ང་། ཞེས་མཐའ་ཚིག་བསྒྲགས་འདུག ཡང་ཁོང་གསུམ་ནས་བུད་མེད་རྣམས་ལ་ཡང་འདི་སྐད་ཅེས་གསུངས་འདུག། གོང་དུ་རྒད་པོ་བསམ་མེད་རྣམས་ལ་མཐའ་ཚིག་བསྒྲགས་ཟིན་པས་སྤང་བླང་ཚུལ་བཞིན་བྱེད་ངེས་ལ་སོང། ཁྱེད་རྣམས་ནས་ཀྱང་། ངེད་ཅག་བུད་མེད་རྣམས་ནི་རིགས་བརྒྱུད་བཟང་པོ་སྐྱེ་བའི་ཞིང་ས་ཡིན་པ་བཞིན། ཡིན་པ་ཤེས་པར་བྱས་དེ་གོང་དུ་གསལ་བའི་ཡོན་ཏན་རྣམ་པ་དྲུག་པོ་དེ་དང་། མདོ་རྒྱ་ཆེར་རོལ་པ་ལས་གསུངས་པའི་ཡོན་ཏན་བརྒྱད་པོ་དག་དང་ཡང་ལྡན་པའི་ཐོག དགེ་ཆོས་ཀྱིས། སྐྱེས་པའི་ཕ་ཁྱིམ་གཏན་གྱི་སྡོད་ས་མིན། །རང་ལམ་བཙལ་ནས་རང་མགོ་ཐོན་པ་དཀའ། །ལུང་སྟོང་ཡུ་མོ་འདྲ་བའི་བུད་མེད་ལ། །ཚེ་རབས་གཅིག་གི་གྲོགས་ནི་ཁྱོ་བོ་ཡིན། །ཞེས་དང་། རང་གི་བདག་པོའི་སེམས་དང་གང་མཐུན་པའི། །མཛེས་པའི་རྣམ་འགྱུར་ཀུན་གྱིས་འགྲོགས་བྱ་ཞིང་། །ཆགས་ཤིང་དགའ་བའི་སྤྱོད་ལམ་སྣ་ཚོགས་ཀྱིས། །ལུས་སེམས་གཉིས་པོ་གཏིང་ནས་འདྲེས་པར་བྱ། །ཞེས་དང་། གང་འདོད་ཟས་གོས་རྒྱན་གྱིས་བསྐྱངས་བྱས་ཤིང་། །ཚེ་གཅིག་བྱ་བ་ཀུན་གྱི་འགོ་འདོན་པའི། །རང་གི་ཁྱོ་ལ་སྙན་བཀུར་བྱེད་པ་ལས། །ལྷག་པའི་ཆོས་ནི་བུད་མེད་རྣམས་ལ་མེད། །ཞེས་གསུངས་པ་ལྟར་སེམས་ལ་ངེས་པ་བྱས་ཏེ། སྟུ་ཚགས་དམ་ལ་སྤྱོད་ལམ་གཟབ་པར་གྱིས། ད་དུང་སྟབས་ལེགས་པ་ཞིག་ལ། དབུས་གཙང་སྤྱི་ཟུར་ཆུ་ཚོད་ཉེར་བཞིའི་བཀའ་བློན་ཟུར་པ་ཤར་གླིང་ཟླ་བ་སྒྲོལ་མ་དེང་དྲུང་ཡིག་ཆེན་མོའི་ས་མིག་དང་དོ་མཉམ་པའི་ཕྱི་དྲིལ་དྲུང་ཆེར་གཞུང་ཞབས་འདེམས་ལྷན་ལ་བྱུས་རྟོགས་མེད་པར་བཀའ་ཤག་ནས་ཐད་བསྐོས་སུ་ཡོད་པ་ནས་ཀྱང་བུད་མེད་ཀྱི་ནུས་སྟོབས་ཡར་རྒྱས་སོགས་ཕོ་མོའི་ཐོབ་ཐང་འདྲ་མཉམ་སྐོར་ལས་འགུལ་སྤེལ་དང་སྤེལ་མུས་ངོས་ལྷ་མི་ཟུང་འབྲེལ་གྱིས་བུད་མེད་ཀྱི་བདེན་མཐའ་གསལ་ཐབས་བྱེད་བཞིན་པས་བློ་བདེ་བར་བྱོས་ཞེས་གསལ།

  3. ཁྱུང་སེ། says:
    2016-10-15 at 2:46 am

    བཙུན་པ་གྱོ་དྲན་དུས་བུད་མེད་བསྟོད། སྐྱ་བོ་ལོག་གཡེམ་འདོད་དུས་བུད་མེད་བསྟོད། ཕོ་རྣམས་ཐམས་ཅད་མོ་ལ་བསྟོད། མོ་རྣམས་ཐམས་ཅད་ཕོ་ལ་བསྟོད། ཕོ་མ་འདྲ་དགོས་ན་དེ་ལྟར་བྱོས། དེ་མིན་ལས་ཀྱིས་དབང་གིས་སྨིན་པ་ལ། སྲིད་པ་བསྐོས་བྱེད་འདོད་པ་ཕྱི་རོལ་ལུགས། ཟ་མ་མོ་ཡི་ལུས་སུ་མི་སྐྱེ་བའི། སྨོན་ལམ་ནང་པའི་གཞུང་ལས་ཡང་ཡང་གསུངས། ཕོ་མོ་འདྲ་མཉམ་དགོས་ན་ལས་ལ་བཅོས་བསྒྱུར་གྱིས། དེ་མིན་འདྲ་མཉམ་བྱེད་པའི་ནུས་པ་སུ་ལའང་མེད།

  4. ཅོ་རི་ཉི་མ། says:
    2016-10-15 at 9:21 am

    གོང་གི་རྩོམ་ཡིག་དང་འབྲེལ་བ་མེད་པའི་མཆན་ཐུང་ཞིག་འདེབས་བཅུག་རོགས་བྱོས། ཨ་རིའི་སྲིད་འཛིན་འོས་བསྡུ་དང་འབྲེལ་བའི་རྩོམ་ཡིག་ཞིག་འབྲི་དགོས་བསམས་ཀྱང་དུས་ཚོད་མི་འདུག དེང་སང་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱིས་འགྲན་བརྩད་ལྡད་མོ་ཆེན་པོ་དེ་འདྲ་བྱེད་བཞིན་འདུག་ཀྱང་འདིའི་སྐོར་ལ་རྩོམ་ཡིག་འབྲི་མཁན་མི་འདུག་ལ་བོད་པའི་གསར་ཁང་ཁག་གིས་ཀྱང་འདིའི་སྐོར་ལ་གནས་ཚུལ་གསར་འགྱུར་ཡག་པོ་བཏང་གི་མི་འདུག ཀུན་གླེང་ནང་དུ་འདིའི་སྐོར་རེ་གཉིས་བཤད་སོང་ཡང་ཕྱོགས་གཅིག་བཟུང་ནས་བཤད་པ་ལས་གནས་ཚུལ་དྲང་པོ་བཤད་བཞིན་མི་འདུག

    བོད་པའི་སྤྱི་ཚོགས་ནང་དུ་མི་ཆེན་ཚོས་ཧེ་ལི་རིའི་ཕྱོགས་བཟུང་མདོག་མདོག་བྱས་ནས་ཕོ་རྒོད་ཁྲོམ་པི་ལགས་ཀྱི་སྐད་ཆ་དང་ལན་འདེབས་སོགས་བསྒྲགས་ཀྱི་མི་འདུག ཧེ་ལི་རིའི་རྫུན་རྐུབ་ཡོངས་སུ་བཏོན་ནས་ཚར་བ་དང་། ཨིས་མེལ་སྟོང་ཕྲག་པོ་མང་པོ་ཕྱི་བསྒྲགས་བྱས་ཟིན་པ་། ་ཨ་རིའི་མི་དམངས་ཀྱིས་ཧེ་ལི་རིའི་ལགས་བུད་མེད་རྫུན་སྐྱ་བ་ཞིག་ཡིན་པའི་དཔང་རྟགས་བརྙེད་ཚར་བ་རེད།

    སྲིད་འཛིན་འོས་མི་ཕོ་རྒོད་ཁྲོམ་པི་ལགས་སུ་ཉེས་འཛུགས་མང་ཤོས་བྱས་པ་ནི་བུད་མེད་ལ་བཙན་གཡེམ་བྱས་རབས་ཀྱི་ཉེས་འཛུགས་རེད། དེ་ཡང་བུད་མེད་གཅིག་མིན་པར་གཉིས་དང་། གཉིས་ཀྱི་ཐོག་ཏུ་གསུམ་་་གསུམ་གྱི་ཐོག་ཏུ་བཞི་བྱུང་ནས་ཉེས་འཛུགས་བྱེད་བཞིན་པ་རེད། དེ་ལས་ལྷག་པའི་ནག་ཉེས་ཤིག་ཕོ་རྒོད་ཁོང་ལ་བཙུགས་ཡ་མ་བརྙེད་པར་འདྲ།

    བུད་མེད་མང་པོ་ཞིག་གིས་གཅིག་རྗེས་གཅིག་མཐུད་ནས་ཕོ་རྒོད་ཁྲོམ་པི་ལགས་ཀྱིས་ཅིག་བྱས་སོང་རབས་ཉོག་བྱས་རབས་སོང་བཤད་ཀྱི་འདུག་ཀྱང་བཤད་མཁན་བུད་མེད་མང་དྲག་ནས་མི་དམངས་ཡིད་ཆེས་དཀའ་བའི་གནས་སུ་ལྷུངས་འདུག

    མ་འོང་ཨ་རིའི་སྲིད་འཛིན་ཕོ་རྒོད་ཁྲོམ་ཕི་ལགས་ཕེབས་འོང་པར་བརྒྱ་ཆའི་དྲུག་བཅུ་བདུན་བཅུ་གཏན་ཁེལ་ཚར་བ་ལྟ་བུ་རེད། ཨ་རིའི་མ་རྩ་རིང་ལུགས་ཀྱི་དཔོན་པོ་མང་པོས་ཧེ་ལི་རིའི་ལགས་སུ་རྒྱབ་སྐྱོར་བྱེད་བཞིན་འདུག་ཀྱང་ཨ་རིའི་མི་དམངས་ཀྱིས་དེ་ཙམ་མ་རྩ་རིང་ལུགས་ཀྱི་དཔོན་པོ་ཚོའི་ཁ་ལ་ཉན་མཁན་མེད་པ་ལྟ་བུ་ཆགས་འདུག

    དྲ་གྲོགས་ཚོ་ལ་དུས་ཚོད་ཡོད་ན་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐོར་རྩོམ་ཡིག་མང་ཙམ་འབྲི་ཐུབ་ན་བོད་མི་དམངས་ལ་ལེན་དགོས་པའི་བསླབ་བྱ་གང་མང་འདུག་སྙམ།

  5. ཅོ་རི་ཉི་མ། says:
    2016-10-15 at 9:26 am

    https://www.youtube.com/watch?v=86K4QX6O9Dg

    ཀརྡོ་་་ལགས་་་CNN BBC གཉིས་ལས་ཨ་རིའི་གསར་ཁང་གཞན་དག་ཁག་གི་ནང་དུ་གནས་ཚུལ་མང་བ་འདུག་པས་དེ་དག་ལ་ལྟོས། ཕོ་རྒོད་ཁྲོམ་པི་ལགས་སུ་འོས་འཐོབ་སོང་ན་རྒྱལ་བཙོང་བ་ཚོ་ལ་འགྲམ་ལྕག་ཚར་ཐག་ཆད་ཤིག་རང་བཞིན་གྱིས་བརྒྱབ་པ་རེད། འདིའི་སྐོར་རྗེས་སུ་སྐད་ཆ་ཞུ་ཆོག

  6. ཀརྡོ་རབ་འབྱམས་པ་ says:
    2016-10-15 at 6:55 pm

    ཅོ་ེརི་སྨྱོན་པས། ཀྲོམ་པེལ་སྨྱོན་པར་རྒྱབ་སྐྱོར་བྱས་འདུག ཧ་ཧ།། །།

  7. ཀརྡོ་རབ་འབྱམས་པ་ says:
    2016-10-17 at 3:34 am

    Trump ཀྱི་སྐོར་ལ་༸གོང་ས་མཆོག་གིས།
    http://www.religiousmind.com/2016/10/dalai-lama-says-trump-is-threat-to.html

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme