Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏཱ་ལའི་བླ་མ་ནི་ཁ་བྲལ་ལ་རྒོལ་མཁན་ཞིག་རེད།

Posted on 2016-10-032016-10-03 By ཁ་བརྡ་ 13 Comments on ཏཱ་ལའི་བླ་མ་ནི་ཁ་བྲལ་ལ་རྒོལ་མཁན་ཞིག་རེད།

ཧན་ལེན་ཁྲའོས་བརྩམས། རིག་འཛིན་ལྷུན་གྲུབ་ཀྱིས་བསྒྱུར།

 
རྒྱ་རིགས་གཞོན་སྐྱེས་འགས་ངས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་འདྲིས་ཞུས་པར་རྒྱུན་དུ་སྐྱོན་བརྗོད་བྱེད། ཁོ་ཚོས་ཁོང་ནི་ཁ་བྲལ་བ་ཞིག་སྟེ་བོད་རྒྱ་ནག་ནས་ཁ་འཕྲལ་ཐབས་བྱེད་ཀྱི་ཡོད་པ་རེད་ཟེར། ངས་དེའི་ཐད་ཁོ་ཚོར་འཁང་ར་མི་བྱེད། ང་རང་ཡང་སྔོན་ཆད་ཁོ་ཚོ་ལྟར་དེ་ལྟར་བསམས་མྱོང་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་དོ་སྣང་དང་ཕན་ཚུན་དབར་ཐུགས་ཐག་ཉེ་པོས་བཀའ་མོལ་ཞུ་རྒྱུའི་གོ་སྐབས་ཇེ་མང་ཐོབ་ཅིང་། བོད་པ་དང་ཐེངས་མང་པོར་ཕན་ཚུན་ཡང་ཡང་འབྲེལ་བ་བྱུང་བའི་རྗེས་སུ་དྲིལ་བསྒྲགས་སློབ་གསོས་བཀང་པའི་ངའི་ཀླད་པ་རིམ་བཞིན་འགྱུར་བ་འགྲོ་འགོ་ཚུགས་སོང་།
གཞོན་སྐྱེས་ཚོར་ངས་ཞུ་དོན་ནི། རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ནང་བཤད་པ་ལས་ལྡོག་ཕྱོགས་ཤིག་སྟེ་༧གོང་ཏཱ་ལའི་བླ་མ་མཆོག་ནི་ཁ་བྲལ་བ་ཞིག་མ་རེད་ཅེས་པ་དེ་ཡིན། ཉེ་ཆར་ངས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བྷ་ར་སལ་གྲོང་ཁྱེར་དུ་གཏམ་གླེང་ཞིག་གི་ཐོག་སྐུ་ཉིད་ཀྱི་དགོངས་བཞེད་ལྟ་གྲུབ་སྐོར་བགྲོ་གླེང་བཀའ་སློབ་རིང་པོ་ཞིག་ཕེབས་པ་ཐོས་བྱུང་། ཁོང་གིས་འགྲོ་བ་མིར་བཅངས་པའི་སྙིང་རྗེ་ཆེན་པོ་དང་། དེ་བཞིན་འཚེ་བ་དང་ཁ་བྲལ་ལ་ཐུགས་མོས་མི་མཛད་པའི་ལངས་ཕྱོགས་བརྟན་ཞིང་། རྒྱ་བོད་མི་རིགས་གཉིས་ཀྱི་ཞེ་འཁོན་སེལ་རྒྱུར་བཅོས་མིན་གྱི་ཐུགས་འདུན་ལྡན་པ་། དབུས་གཞུང་དང་གུ་ཡངས་འབྲེལ་མོལ་གནང་རྒྱུའི་ལྷག་བསམ་རྣམ་དག་གི་དགོངས་བཞེས་བཅས་ཀྱིས་ང་ལ་སེམས་འགུལ་ཐེབས་བྱུང་།

བོད་རིགས་ཕྱོགས་འགལ་ན་གཞོན་དང་ལྟ་བ་ཕྱོགས་ལྷུང་ཅན་གྱི་རྒྱ་ནག་དམར་ཤོག་ཚོགས་པར་རྒོལ་མཁན་གྱི་རྒྱ་རིགས་དག་གིས་ངོ་རྒོལ་དགག་བྱ་བྱེད་མིན་ལ་མ་ལྟོས་པར། མགོན་པོ་མཆོག་ནས་བོད་རང་བཙན་རྩོད་རྒྱུ་དོར་ནས། དབུ་མའི་ལམ་གྱི་སྲིད་ཇུས་ཕྱག་བསྟར་གྱིས་ད་ཡོད་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་དང་ཆབ་སྲིད་ལམ་ལུགས་འོག བོད་ལ་ཚད་མཐོའི་རང་སྐྱོང་ཞིག་དགོས་འདུན་མཛད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་རང་བཙན་རྩོད་ལེན་མི་གནང་རྒྱུའི་ཐུགས་ཐག་བཅད་པའི་རྒྱུ་མཚན་ནི། དྲག་པོ་དང་འཚེ་བའི་ལས་སྦྱོར་སྤངས་རྒྱུ་དེ་ཡིན། དེ་ཡང་ཕྱོགས་ཡོངས་ནས་མགོན་པོ་མཆོག་གིས་མཁྱེན་མྱོངས་ལ་གཞིར་གནང་པ་ཞིག་སྟེ། འགྲོ་བ་མི་ཕན་ཚུན་མི་གསོད་ཁྲག་སྦྱོར་དང་སྡུག་རྩུབ་ཀྱི་བྱ་ཐབས་ནི་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་དང་ལག་ལེན་གང་ལའང་མི་མཐུན་ཞིང་། དེང་རབས་ཡར་ཐོན་དཔལ་ཡོན་གྱི་ཁ་ཕྱོགས་ལས་ཀྱང་ལྡོག་ཕྱོགས་སུ་གྱུར་པ་ཞིག་གོ། དེ་དང་ཆབས་ཅིག་ཏུ་ཁོང་གིས་སྲིད་བྱུས་དེ་ལྟར་ཕྱག་ལེན་བསྟར་གནང་བ་ནི་ཆབ་སྲིད་ཀྱི་དངོས་ཡོད་གཞིར་བཞག་ཅིང་། མཐའ་མའི་འགྲིག་འཇགས་ཀྱི་ཐབས་ལམ་ཞིག་སྟེ། བོད་མི་རིགས་དང་བོད་ཀྱི་ཆོས་རིག་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན། དེ་ནི་མགོན་པོ་མཆོག་གི་ཐུགས་བྱམས་བརྩེ་དང་། ཆབ་སྲིད་ཀྱི་མཁྱེན་ཡོན། དབུ་འཁྲིད་ཀྱི་མཛད་ཁྱད་བསྟན་གནང་པ་ཞིག་རེད།

དབུ་མའི་ལམ་ལྟ་གྲུབ་ཀྱི་དགོངས་དོན་སྙིང་པོ་ནི། བོད་མི་ཚོས་རང་བཙན་མི་རྩོད་རྒྱུ་དང་རྒྱ་ནག་དང་ཁ་བྲལ་མི་བྱ་རྒྱུ་དེ་རེད། འོན་ཀྱང་། དེས་ད་ལྟའི་རྒྱ་ནག་དམར་ཤོག་ཏང་གིས་བོད་ཐོག་སྟངས་འཛིན་བྱེད་ཕྱོགས་དེ་ཁས་ལེན་བྱེད་ཀྱི་མེད། དེར་བརྟེན། ‘ཡང་དག་པའི་མི་རིགས་ས་གནས་རང་སྐྱོང་’སྤྲད་ཐོག་བོད་རྒྱ་ནག་ཁྱིམ་ཚང་ཆེན་མོའི་ཆ་ཤས་སུ་མུ་མཐུད་དེ་གནས་རྒྱུར་ཕྱོགས་གཉིས་ཀས་ངེས་པར་དུ་འགྲིག་འཇགས་བྱེད་དགོས།
ཕྱི་ལོ་ ༡༩༧༠ དོན་གྲངས་ནང་ཕྱིར་བལྟས་ཤིག་བྱས་ན། རྒྱ་ནག་གི་ཀྲུ་ཞི་ཏིང་ཞའོ་ཕིང་གིས་དབུ་མའི་ལམ་ལ་མོས་མཐུན་གྱི་རྣམ་འགྱུར་སྟེ། ཇི་སྲིད་བོད་ཀྱིས་རང་བཙན་མ་བསྒྲགས་ཚེ་གནད་དོན་གཞན་གང་ཡང་གུ་ཡངས་གྲོས་མོལ་བྱ་ཆོག་ཅེས་བརྗོད། དེ་ལ་ཁྱོད་ཀྱིས་ལྟ་སྟངས་ཅི་འདྲ་ཞིག་བཟུང་མིན་ལ་མ་ལྟོས་པར་དབུ་མའི་ལམ་ནི་སྲིད་བྱུས་ཤིག་སྟེ། དེ་ནི་ཁ་བྲལ་རིང་ལུགས་ལ་འགོག་རྒོལ་གྱི་སྲིད་ཇུས་ཤིག་ཡིན།

འོན་ཀྱང། ཀྲུའུ་ཝེ་ཆོན་གྱིས་འགོ་བྱས་པའི་བོད་ཀྱི་ཁེ་དབང་ཟ་རྔམ་ཅན་ཚོས་མུ་མཐུད་དེ་རང་ཉིད་ཀྱི་བོད་ཀྱི་‘ལྕགས་ཕོར་’ (ལས་གནས།)སྲུང་སྐྱོབ་ཕྱིར། ༧གོང་ས་ཏཱ་ལའི་བླ་མ་མཆོག་གདོན་འདྲེ་བཟོ་རྒྱུའི་ཐབས་འཚོལ་དང་། ཁོང་ཁ་བྲལ་བ་དང་། རྒྱལ་ཚོང་བ། ཐ་ན་ཁོང་ལ་‘ལུག་པགས་གྱོན་པའི་སྤྱང་ཀི་’ཞེས་སོགས་མཚན་སྨད་ཞུ་ཡི་ཡོད། ཁོ་ཚོས་མགོན་པོ་མཆོག་ལ་བགེགས་བར་ཆད་ཅི་རིགས་བཟོ་བ་དང་། དབུས་གཞུང་གི་དབང་འཛིན་པ་རྣམས་མགོ་སྐོར་བསླུ་བྲིད་གཏོང་བ། འབྲེལ་མོལ་ལ་གཏོར་བཤིག། ༧གོང་ས་ཏཱ་ལའི་བླ་མ་མཆོག་ཕྱིར་རང་ཡུལ་དུ་ཕེབས་རྒྱུར་དགག་བྱ་བྱེད་པ་བཅས་དེ་དག་ཚང་མས་བོད་པ་མི་རབས་གསར་པ་ཚོ་བོད་རང་བཙན་གྱི་ལྟ་ཚུལ་དང་ལམ་ཕྱོགས་སུ་བཙན་བསྐུལ་བྱེད་པར་འགྱུར་བཞིན་ཡོད།

ཀྲུའུ་ཝེ་ཆོན་གྱིས་བསམ་བཞིན་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུ་མའི་ལམ་གྱི་སྲིད་ཇུས་དེ་བཞིན་‘ཁ་བྲལ་གྱི་དགོས་འདུན་’ཞིག་ཡིན་པར་འཁྱོག་བཤད་བྱེད། ཁོས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱིས་གནའ་སྔ་མོ་ནས་བོད་རྒྱ་ནག་གི་ས་ཁོངས་ཡིན་པ་ཁས་ལེན་མི་བྱེད་པ་དང་། དེས་བོད་རང་བཙན་ལས་འགུལ་ལ་ཁྲིམས་མཐུན་གྱི་རྨངས་གཞི་ཞིག་བསྐྲུན་གྱི་ཡོད་ཚུལ་གྱི་སྐྱོན་བརྗོད་བྱས། དབུ་མའི་ལམ་གྱི་ཐོག་ནས་མི་རིགས་ས་གནས་རང་སྐྱོང་ཞེས་པ་ནི། ད་ལྟའི་ཀྲུང་གོས་བོད་ནང་དུ་འཛིན་པའི་ལམ་ལུགས་རྩ་མེད་དུ་བཟོས་ནས། བོད་ཆེན་པོ་ཞེས་པ་བཟོས་ཐོག་དེས་མི་དམངས་བཅིངས་འགྲོལ་དམག་དང་རྒྱ་རིགས་ཚང་མ་ས་གནས་ནས་ཕྱིར་སྐྲོད་བྱེད་ཀྱི་རེད་ཅེས་པ་ནི་ཀྲུའུ་ཡི་ནོར་འཁྲུལ་ཅན་གྱི་སྐྱོན་འདོགས་ཤིག་རེད། ཁོས་ཁུངས་སྐྱེལ་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལོ་སུམ་བཅུའི་གོང་ནས་བསྩལ་བའི་གསུང་བཤད་སྟེ། ཨ་རིའི་གྲོས་ཚོགས་སུ་བོད་ཀྱི་དཀའ་རྙོག་སེལ་ཕྱིར་‘ཞི་བའི་གྲོས་འཆར་ལྔ་’དང་། དེ་བཞིན་ཕྱིས་སུ་སི་ཊ་སེ་བྷག་‘དོན་ཚན་གསར་པ་བདུན་’བཏོན་གནང་མཛད་པ་བཅས་ཡིན།

ཀུན་གྱིས་མཁྱེན་གསལ་ལྟར། གྲོས་མོལ་ནི་ཚོང་སྒྲིག་བྱེད་པ་ནང་བཞིན་ཞིག་སྟེ། ཕྱོགས་སོ་སོ་སོ་སོའི་ཐོབ་ཐང་དང་ཁེ་དབང་རྩོད་ལེན་ཡར་རྒྱས་གཏོང་བ་དང་དང་ལྷན། གཉིས་སྨན་ངང་ཕྱོགས་གཉིས་ཀའི་ཐུན་མོང་གི་ཁེ་དབང་ཆེ་བ་ངོས་འཛིན་ཐུབ་པའི་ཐབས་ལམ་ཞིག་རྙེད་པའི་ཆེད་དུ། ཕན་ཚན་གུ་ཡངས་ཀྱི་བརྗེ་ལེན་དང་མཐུན་འགྲིགས་བྱ་རྒྱུ་དེ་ཡིན་པ་ལས། གྲོས་མོལ་ནི་བཙན་བཀའ་དང་། རྒྱུ་མཚན་མི་ལྡན་པ། ཕྱོགས་གཅིག་གི་འདོད་པ་གཅིག་ཤོས་ལ་བཙན་འགེལ་བྱེད་པ་ཞིག་མིན།
དེ་ན་‘ཞི་བའི་གྲོས་འཆར་ལྔ་’དང་‘དོན་ཚན་གསར་པ་བདུན་’གང་ཡིན་རུང་གཉིས་ཀས་བོད་རང་བཙན་མི་རྩོད་ཅིང་། དེ་གཉིས་ཀས་བོད་རྒྱ་ནག་ནས་ཁ་མི་བྲལ་བའི་ཁ་ཕྱོགས་སུ་བསྐྱོད་ཀྱི་ཡོད། ཏིང་ཞའོ་ཕིང་གི་ལམ་སྟོན་འོག་གྲོས་འཆར་གཉིས་ཀར་ཏན་ཏན་གྲོས་མོལ་བྱེད་རྒྱུ་ཡོད་པ་ཞིག་རེད།

དོན་དངོས་༧གོང་ས་ཏཱ་ལའི་བླ་མས་‘བོད་ཆེན་པོ་’ཞེས་པ་ནམ་ཡང་གསུངས་མྱོང་མེད། ཁོང་གིས་བཏོན་གནང་པའི་གྲོས་འཆར་ནི་བོད་ས་ཁྱོན་ཡོངས་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་སྒྲིག་འོག་ཡང་དག་པའི་མི་རིགས་ས་གནས་རང་སྐྱོང་ཡོང་ཐུབ་ཐབས་དེ་རང་རེད། རང་སྐྱོང་གནས་བབ་དེའི་འོག་དབུས་གཞུང་ལ་མུ་མཐུད་དེ་ཕྱི་སྲིད་དང་རྒྱལ་ཁབ་ཀྱི་བདེ་སྲུང་སྟངས་འཛིན་དབང་ཚད་ཡོད་པ་དང་། གྲོང་སྡེ་སྲུང་དམག་གི་དབང་ཚད་ཀྱང་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་ཞི་བདེའི་བསྟི་གནས་སུ་བསྒྱུར་རྒྱུའི་དགོངས་གཞི་ནི་ངོ་སྤྲོད་སློབ་སྟོན་ཙམ་ཞིག་ཡིན་པ་ལས་བཅིངས་འགྲོལ་དམག་བོད་ནས་ཕྱིར་སྐྲོད་བྱེད་དགོས་པའི་དགོས་འདུན་ཞིག་མིན།
གཞན་ཡང་། ཁོང་གིས་རྒྱ་མི་རིགས་བོད་ནས་ཕྱིར་སྐྲོད་བྱེད་དགོས་སྐོར་ནམ་ཡང་གསུང་གནང་མྱོང་མེད། འོན་ཀྱང་། བོད་ནང་རྒྱ་རིགས་ཕོན་ཆེན་གནས་སྤོས་ལ་དགག་བྱ་གནང་གི་ཡོད་པ་ནི། བོད་ནང་བོད་རིགས་ལས་ཀྱང་རྒྱ་རིགས་ཀྱི་མི་འབོར་ཧ་ཅང་ཆེན་པོར་འགྱུར་སྟབས། བོད་ཀྱི་སྐད་ཡིག་རིག་གཞུང་དང་། འཚོ་སྡོད་ཀྱི་གོོམ་གཤིས་ལ་ཉེན་ཚབས་ཆགས་ཡོད་པས་ཡིན། ‘ཚད་མཐོའི་རང་སྐྱོང་’ཞེས་པའི་བརྗོད་ཚིག་དེ་ནི་དེ་སྔ་ནས་ཧོང་ཀོང་གི་གནད་དོན་ཐོག་ལག་བསྟར་བྱས་པ་དེ་ཡིན་ཞིང་། དེ་ནི་ད་ཡོད་རྒྱ་ནག་དམར་ཤོག་གི་ཆབ་སྲིད་དབང་བསྒྱུར་རྩ་དོར་བྱ་རྒྱུར་འབྲེལ་བ་ཅུང་ཟད་ཙམ་ཡང་མེད། ལོ་ངོ་དེ་དག་ནང་དབུ་མའི་ལམ་གྱི་ནང་དོན་ལ་གུ་བཤངས་ཇི་ཙམ་ཕྱིན་ཡོད་པ་ཇི་ལྟ་ནའང་དེས་རང་བཙན་མི་རྩོད་པ་དང་། རྒྱ་ནག་དང་ཁ་བྲལ་མི་བྱེད་པའི་རྩ་དོན་བརྟན་པོར་མུས་གནས་ཡིན།

གནའ་སྔ་མོ་ནས་བོད་རྒྱ་ནག་གི་ས་ཁོངས་ཡིན་མིན་གྱི་དྲི་བ་དེར་ཧོང་ཀོང་གྲོང་ཁྱེར་གཙུག་ལག་སློབ་གཉེར་ཁང་གི་བགྲོས་ཡོལ་དུ་ཕེབས་པའི་སློབ་དཔོན་ཆེན་མོ་ལེའུ་ཧན་ཁྲང་གིས་བྷ་ར་སལ་གྲོང་ཁྱེར་དུ་འཚོགས་པའི་ཚོགས་འདུར་ལན་ཧ་ཅང་ཡག་པོ་ཞིག་བསྐྱོན་སོང་། སློབ་དཔོན་ཆེན་མོ་ལེའུ་མཆོག་གིས་གནད་དོན་དེ་དག་ལ་ལོ་མང་ཉམས་ཞིབ་གནང་པ་དང་། ཡོོན་མིང་ཆིང་གསུམ་གོང་མ་རིམ་བྱུང་གི་གཞུང་འབྲེལ་ལོ་རྒྱུས་ཀྱི་ཡིག་ཚགས་རི་བོའི་གཏོས་དང་མཉམ་པ་དང་། དེའི་སྒང་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་ཡུན་གྱི་ཡིག་ཚགས་བཅས་ལ་དབྱེ་ཞིབ་གནང་ཞིང་། གཞུང་འབྲེལ་གསལ་བསྒྲགས་དང་། འཛིན་སྐྱོང་སྡེ་ཁག་གི་ཡིག་ཆ། ཁྲལ་དང་འབུལ་བའི་ཡིག་ཆ། ཐེམ་ཐོའི་ཡིག་ཚགས། རྒྱུགས་འབྲས་ཐོ་གཞུང་། ཁྲིམས་དང་གཞུང་ལས་ཡིག་ཚགས། སྦྲགས་ཡིག་ཡིག་ཚགས། གྲོང་སྡེ་སྲུང་དམག་གནས་ཚུལ་བཅས་སྔོག་བྲུས་བརྒྱབས་ཤིང་། ངོ་མཚར་བའི་ཁུངས་སྐྱེལ་མང་པོ་ཞིག་གི་ཐོག་ནས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་ལས་ལོགས་སུ་རང་བཙན་ཡིན་པ་བསྟན།

ཚོགས་འདུའི་རྗེས་སུ་ཕྲན་དང་སློབ་དཔོན་ཆེན་མོ་ལེའུ་ཧན་ཁྲང་དབར་གླེང་མོལ་ཐེངས་ཁ་ཤས་བྱུང་བའི་བརྒྱུད་རིམ་ནས་ངས་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་བྱུང་། ཁོང་གིས་གསུངས་གསལ་ལྟར་ན། ཁོང་རང་གིས་ཉམས་ཞིབ་དེ་ནི་ཆབ་སྲིད་ག་གེ་མོའི་བསམ་བློ་གཞི་རྩར་བྱས་ནས་ཞིབ་འཇུག་གནང་བ་ཞིག་མིན་ལ། བོད་ཀྱི་བདག་དབང་སུ་ཞིག་ལ་ཡོད་མིན་ ཐད་ཀྱི་དོགས་འདྲི་གླེང་སློང་གི་ཆེད་དུའང་མིན་པར་གསུངས་སོང་། ཁོང་རང་གི་འདོད་པ་ནི་བོད་ཀྱི་ལོ་རྒྱུས་གནས་བབ་ཀྱི་འབྱུང་རྩ་ངོ་སྤྲོད་བྱེད་སླད་འབའ་ཞིག་དང་། རྒྱ་ནག་གི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མཁས་པ་ཚོས་ཁོང་གི་ཉམས་ཞིབ་ལ་གཏན་ཚིགས་དང་མཐུན་པའི་ངང་ནས་བགྲོ་གླེང་ཞུའི་གོ་སྐབས་ལ་དགའ་བསུ་ཡོད་ཅེས་གསུངས་སོང་།

དངོས་བདེན་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཐེངས་མང་པོར་ལོ་རྒྱུས་རྩིས་མེད་དུ་གཏོང་ཐབས་མེད་པར་གསུངས་ཡོད། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཅི་འདྲ་ཞིག་ཡིན་གྱུར་ཀྱང་། འདས་པ་ནི་འདས་ཟིན་པ་རེད་ཅེས་དང་། ང་ཚོས་ལོ་རྒྱུས་ཀྱི་འདམ་རྙོག་ཏུ་དིམ་ནས་མ་བསྡད་པར་འབྱུང་འགྱུར་ལ་བལྟ་གལ་དང་། མ་འོངས་པའི་ཡར་རྒྱས་དང་མི་མང་གི་བདེ་དོན་ལ་དམིགས་དགོས་གསུངས། དེས་སླར་ཡང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བླ་ན་མེད་པའི་ཆབ་སྲིད་ཀྱི་འཆར་སྣང་དང་ཁ་བྲལ་རིང་ལུགས་ལ་འགོག་རྒོལ་གྱི་ལངས་ཕྱོགས་གསལ་པོར་བསྟན་པ་ཡོད།

ཀྲུའུ་ཝེ་ཆོན་དང་བོད་ཀྱི་ཁེ་དབང་ཟ་རྔམ་ཅན་ཚོས་རེ་བ་བྱེད་བཞིན་པ་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་གཤེགས་རྗེས་བོད་ཀྱི་གནད་དོན་རང་བཞིན་གྱིས་ཡལ་འགྲོ་བ་འདོད། དངོས་བདེན་ནི་བོད་ཀྱི་གནད་དོན་༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་ནན་ཏན་གྱིས་མ་སེལ་ཚེ་ཁོང་ཞིང་དུ་ཕེབས་ཟིན་མཚམས་སུ་དཀའ་ངལ་ཇེ་མང་དང་། རྒྱ་བོད་མི་རིགས་ཀྱི་དཀའ་རྙོག་ལ་རྫོགས་མཐའ་ཟད་ཅིང་། མི་འདོད་པའི་མི་གསོད་ཁྲག་སྦྱོར་དང་སྡང་སེམས་ཇེ་ཆེར་འགྲོ་ངེས།
ཉེ་ཆར་གྱི་བྷ་ར་སལ་ཚོགས་འདུར་ང་ལ་ཚོར་བ་ཤུགས་ཆེན་བྱུང་བ་ནི་རང་བཙན་ལྟ་ཚུལ་གྱི་ཕྱོགས་སུ་བོད་རིགས་གཞོན་སྐྱེས་ཇེ་མང་དུ་འགྲོ་བ་དང་བོད་རང་བཙན་འཐབ་རྩོད་ཀྱི་སྟོབས་ཤུགས་རྒྱས་བཞིན་ཡོད་པ་གསལ་པོ་རེད་འདུག། ངས་ཨ་རིར་ཡོད་པའི་གྲོགས་པོ་སྐོར་ཞིག་དང་སྒེར་གྱི་གླེང་མོལ་བྱུང་བ་བརྒྱུད་གཞོན་སྐྱེས་དེ་དག་དབུ་མའི་ལམ་ལས་ཁ་ཕྱོགས་གཞན་དུ་ཕྱོགས་བཞིན་པ་དེ་སེམས་ཚོར་ཤུགས་ཆེན་བྱུང་། ང་རང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་འཛིན་ཡོད་པའི་རང་ཐག་གཅོད་ཀྱི་ལྟ་གྲུབ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་མོད་ཀྱང་། རང་བཙན་རྩོད་ལེན་ནི་བློས་གཏོང་ཆེན་པོ་དང་དེས་རྒྱ་བོད་མི་རིགས་གཉིས་ཀར་ཕུགས་རྒྱང་རིང་པོའི་ཁེ་དབང་ཞིག་བསྐྲུན་མི་སྲིད་པར་འདོད། ང་བསམ་ན་ང་ཚོས་༧གོང་ས་མཆོག་གི་དབུ་མའི་ལམ་ལ་མཉམ་ལེན་བྱ་ན་ལེགས་པར་སྙམ།

དེས་མ་ཟད་༧གོང་ས་མཆོག་གིས་ཁ་བྲལ་རིང་ལུགས་འགོག་རྒོལ་དང་བོད་དོན་ཞི་བའི་ཐོག་ནས་སེལ་རྒྱུའི་ཐུགས་འདུན་ནི་ལྷག་བསམ་རྣམ་དག་དང་བཅོས་ལྷད་བྲལ་བ་ཞིག་རེད། ཚོགས་འདུ་ཞིག་གི་ཐོག་ང་རང་སྒེར་གྱིས་མིག་མཐོང་ལག་ཟིན་བྱུང་བ་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཡོངས་གྲགས་ཐོག་ཡུ་གྷུར་གྱི་འགོ་ཁྲིད་རེ་བྷི་ཡ་ཀཱ་ཌེར་ལ་ཤར་ཏུར་ཀི་སི་ཏན་རང་བཙན་མི་རྩོད་པ་དང་། འཚེ་བ་སྤངས་དགོས་པ། དབུ་མའི་ལམ་ལ་འཇུག་དགོས་གལ་གྱི་སྐུལ་མ་མཛད་སོང་། དུས་སྐབས་དེ་ག་རང་གི་ཐོག་རེ་བྷི་ཡ་ཀཱ་ཌེར་ཡིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གསུང་གི་རྗེས་སུ་འབྲངས་ཀྱི་ཡིན་ཞེས་ཁས་ལེན་ཞུས་སོང་།
ངས་རྒྱ་ནག་སྐམ་ས་ཆེན་མོའི་གཞོན་སྐྱེས་ཚོར་མཚམས་སྦྱོར་ཞུ་རྒྱུ་ཞིག་ལ། ཁྱེད་ཚོས་ཕུན་ཚོགས་དབང་རྒྱལ་གྱི་དཔེ་དེབ་<<འདྲ་མཉམ་དང་མཐུན་སྒྲིལ། རང་རྒྱལ་གྱི་མི་རིགས་བར་གྱི་འབྲེལ་བའི་སྐོར་ཕྱིར་རྟོག>>ཅེས་པ་བཀླག་རོགས་ཞུ་རྒྱུ་ཡིན། ཕུན་དབང་ནི་བོད་རིགས་དམར་ཤོག་ཚོགས་པ་འཛུགས་མཁན་དང་ཕྱི་ལོ་ ༡༩༥༠ ང་གྲངས་ནང་རྒྱ་ནག་ནང་བོད་རིགས་གོ་གནས་མཐོ་ཤོས་དེ་རེད། ཁོང་གིས་བོད་ཀྱི་གནད་དོན་གི་འབྱུང་ཁུངས་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་ཕེབས་དོན། དེ་མིན་བོད་ཀྱི་གནད་དོན་སེལ་ཕྱིར་བཏོན་པའི་འགྲེལ་བརྗོད་དང་ལྟ་ཚུལ་དག་ནི་ཧ་ཅང་འོས་ཞིང་འཚམ་པ་དང་ཡང་དག་པ་ཞིག་རེད།

མཐའ་དོན་ངས་རེ་བསྐུལ་ཞུ་རྒྱུར། སྲིད་འཛིན་ཞི་ཅིང་ཕིང་གིས་ཀྲུའུ་ཝེ་ཆོན་དང་རང་གི་ལྟོ་གོས་ཁོག་བཅུག་ཅན་གྱི་སྡེ་ཁག་གིས་ཐེ་གཏོགས་བྱེད་པ་དག་སྣང་མེད་རྒྱང་དུ་དོར་ནས། ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཐད་ཀར་མཇལ་འཕྲད་ཞུས་ཏེ་བོད་ཀྱི་གནད་དོན་སེལ་དགོས། དེས་མི་རིགས་ཞི་བདེ་མཉམ་གནས་དང་རྒྱལ་ཁབ་ཡུན་རིང་བརྟན་བརླིང་གི་འཆར་སྒོ་དོན་དམ་མངོན་འགྱུར་ཐུབ་བོ།། །།

རྩོམ་པ་པོ། འབུམ་རམས་པ་ཧན་ལེན་ཁྲའོ་མཆོག་ནི་ཧུ་ཌི་སོན་སློབ་གཉེར་ཁང་གི་གདན་འབོད་ཉམས་ཞིབ་པ་དང་། སློབ་གཉེར་ཁང་དེའི་འབྱུང་འགྱུར་གསར་གཏོད་ལས་འཆར་ཐོག་ཕྱག་ལས་གནང་གི་ཡོད། ཁོང་གིས་ཨ་རིའི་གྲོས་ཚོགས་འོག་མར་ལོ་བཅུ་གཉིས་རིང་ཁྲིམས་བཟོ་ལྷན་ཁང་གི་སློབ་སྟོན་དང་སྲིད་བྱུས་ལམ་སྟོན་གྱི་ཞབས་ཞུ་བསྒྲུབས། ཁོང་ནི་ཕྱི་རྒྱལ་དུ་རྒྱ་ནག་མང་གཙོར་ཞུ་གཏུགས་གནང་མཁན་ཉམས་མྱོང་ཅན་ཞིག་ཡིན།

མ་རྩོམ་དྲ་ཐག། https://chinachange.org/2016/09/28/the-dalai-lama-is-an-anti-separatist-element/

འགྱུར་རྩོམ།

Post navigation

Previous Post: ཚེ་སྲོག་དང་། སྒོར་མོ།
Next Post: སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་༢ པའི་ལས་རིམ་སྐོར་ལ་བགྲོ་གླེང་།

Comments (13) on “ཏཱ་ལའི་བླ་མ་ནི་ཁ་བྲལ་ལ་རྒོལ་མཁན་ཞིག་རེད།”

  1. ལྷ་སྒང་ཆོས་གྲགས། says:
    2016-10-03 at 11:47 am

    བསྒྱུར་རྩོམ་ལེགས་པོ་ཞིག་འདུག རྒྱ་བོད་མི་རིགས་གཉིས་ཀྱིས་༸གོང་ས་མཆོག་དབུ་མའི་ལམ་གྱི་ལྟ་གྲུབ་ལ་སེམས་དབུས་ནས་ཉམས་ལེན་བྱ་རྒྱུ་ཕྱི་མ་དྲགས་ནའང་སྔ་དྲགས་མི་འདུག དབུ་མའི་ལམ་རྒྱལ་ལོ། རྒྱ་བོད་མཐུན་སྒྲིལ་རྒྱལ་ལོ། འདྲ་མཉམ་རྒྱལ་ལོ། བོད་རྒྱལ་ལོ།

  2. ཀརྡོ་རབ་འབྱམས་པ་ says:
    2016-10-03 at 3:32 pm

    ་་་་་་་་་ མཐའ་དོན་ངས་རེ་བསྐུལ་ཞུ་རྒྱུར། སྲིད་འཛིན་ཞི་ཅིང་ཕིང་གིས་ཀྲུའུ་ཝེ་ཆོན་དང་རང་གི་ལྟོ་གོས་ཁོག་བཅུག་ཅན་གྱི་སྡེ་ཁག་གིས་ཐེ་གཏོགས་བྱེད་པ་དག་སྣང་མེད་རྒྱང་དུ་དོར་ནས། ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཐད་ཀར་མཇལ་འཕྲད་ཞུས་ཏེ་བོད་ཀྱི་གནད་དོན་སེལ་དགོས། དེས་མི་རིགས་ཞི་བདེ་མཉམ་གནས་དང་རྒྱལ་ཁབ་ཡུན་རིང་བརྟན་བརླིང་གི་འཆར་སྒོ་དོན་དམ་མངོན་འགྱུར་ཐུབ་བོ།། །། ་་་་་་་་

  3. ཨ་འབར་འཇིགས་དབང། says:
    2016-10-03 at 10:23 pm

    ༅༅། ཧན་ལེན་ཁྲའོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དངོས་དོན་གང་ཡིན་
    ཡིན་པ་གསལ་པ་ཤེས་ནས་བརྩམས་ཡིག་བྲིས་པ་དེ་དངོས་གནས་ཁོ་པར་ལེགས་སོ་ཞུ་གི་ཡོད།
    རྒྱ་རིགས་མང་པོ་ཞིག་གི་ནང་དོན་རྩ་བ་ཉིད་ནས་མ་ཤེས་པར་ཏ་ལའི་བླ་མ་ནི་ཁ་བྲལ་བ་ཞིག་རེད་
    ཅེས་ཁུངས་མེད་རྫུན་གཏམ་གཤད་ནས་ལོ་ངོ་ ༦༠ བརྒལ་སོང།
    ད་རྒྱ་ནག་དམར་གཞུང་ནས་འདས་ད་ལྟ་མ་འོངས་བཅས་ལ་བསམ་བློ་ཡག་པོ་གཏོང་ནས་ཞི་མོལ་
    གནང་ན་འཛམ་གླིང་རྒྱལ་ཁབ་རྣམས་་ནས་རྒྱ་ནག་རྒྱལ་ཁབ་དེ་ལ་ཆེ་མཐོང་དང་ཆེ་བསྟོད་ངེས་པར་
    གནང་གི་རེད།

  4. བསོད་ནམས་དོན་གྲུབ། says:
    2016-10-03 at 10:25 pm

    དེ་ལྟར་ཡིན་ན། ཏཱ་ལའི་བླ་མ་མཆོག་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་ལས་ཀའི་ངོ་བོ་གཅིག་པ་གཅིག་རྐྱང་རེད། ཁ་བྲལ་ལ་ངོ་རྒོལ་བྱས་ནས་བོད་རྒྱ་ཟླ་སྒྲིལ་གཏོང་རྒྱུ་དེ་རེད། འོ་ན་བོད་མི་དམངས་ཀྱིས་བྱེད་སྟངས་འདི་ཁས་ལེན་བྱ་མི་སྲིད།

  5. སེང་ཕྲུག་བརྟན་པ says:
    2016-10-04 at 1:38 am

    བསོད་ནམས་དོན་གྲུབ་ལྟ་བུ་དགྲ་དགའ་གཉེན་སྡུག་གི་ལས་རིམ་སྤེལ་མཁན་དེ་དག་ལ་སྙིང་རེ་རྗེ། དངུལ་གྲགས་པ་ཐོབ་གོ་ས་དེ་དག་གི་ཆེད་མི་འཇོན་འཇོན་མདོག་དང་མ་ཤེས་ཤེས་མདོག་གིས་སྤྱིར་བསྟན་འགྲོ་དང་ཡང་སྒོས་བདག་དང་བདག་ལྟུ་བུའི་བོད་མི་ཡོངས་ལ་བཀྲིན་མཚུངས་ཟླ་མ་མཆིས་པ་འཕགས་མཆོག་མིའི་རྣམ་སྤྲུལ་༸མགོན་པོ་གང་ཉིད་ལ་མཚན་སྨད་ཞུས་པ་དང་གང་གིས་བསྟན་པའི་ལམ་ཡང་དག་པ་ལ་མ་འཇུག་པར་དེ་ལས་ལྷག་པ་ཞིག་བྱ་རྒྱུ་ཡོད་མདོག་གིས་བླུན་ཚོའི་བློ་འགྱུར་ཐུབ་ནའང་དོན་གྱི་མཁས་པ་དང་མི་ཕྱེད་དད་སྙིང་དབུས་སུ་བཅངས་མཁན་དག་གིས་ནམ་ཡང་སྙིང་རྗེའི་ཡུལ་དུ་བཞག་པ་ལས་མགོ་འཁོར་མི་སྲིད།

    ལྟ་གྲུབ་གཞན་འཛིན་པར་དགག་བྱ་གང་ཡང་མེད། དེ་ན་དངོས་འབྲེལ་
    འགྲོ་ལུགས་ཤིག་དང་རང་བཙན་རྩོད་ལེན་ཆེད་ལྷག་བསམ་རྣམ་དག་གིས་ཐབས་ལམ་གཞན་བསྟེན་པར་ངོས་འཛིན་ཞུ་ཡི་ཡོད། དེ་མིན་མཚན་སྨད་ཞུས་པ་དང་། རང་གིས་རང་བསྐྱག་གི་མཁས་པ་ཡིན་མདོག་གིས་འཛམ་གླིང་གི་མཁས་པ་ཀུན་གྱིས་གོང་དུ་བཀུར་བ་དང་མགྲིན་དབྱངས་གཅིག་གིས་འསྟོད་ཡུལ་དུ་པའིབླ་མ་མཛད་པ་མི་འདོད་པའི་རྣམ་པ་སྟོན་མཁན་ཚོའུ་སྔོན་བསགས་ལས་བཟང་གི་མཐུ་ལ་བརྟེན་ནས་མྱུར་ནས་མྱུར་དུ་དེ་དག་གི་རྒྱུད་ལ་བཟང་ངན་བླང་དོར་འབྱེད་པའི་ཤེས་རབ་སྐྱེས་གྱུར་ཅིག་་ཅེས་སྨོན་ལམ་དང་བཅས་མཚམས་འཇོག་གོ །

  6. སེང་ཕྲུག་བརྟན་པ says:
    2016-10-04 at 1:42 am

    མགྲིན་དབྱངས་གཅིག་གིས་བསྟོད་ཡུལ་དུ་གྱུར་པའི་བླ་མའི་མཛད་པ་ལ་མི་འདོད་པའི་རྣམ་པ་སྟོན་མཁན་་་་་་་ནོར་བཅོས་་་་

  7. དཔའ་ཆེན་དོན་གྲུབ་ says:
    2016-10-04 at 1:50 am

    མི་ཁག་གཅིག་གིས་རྐང་བཙུགས་ནས་གླེང་གཞི་ཞིག་བསྐྲུན་འདོད་པ་འདྲ། དཔེར་ན་བསོད་ནམས་དོན་གྲུབ་ཟེར་བ་ལྟ་བུ་རེད།

  8. རླུང་ཐོག། says:
    2016-10-04 at 3:00 am

    ཏཱ་ལའི་བླ་མ་མཆོག་ནི་སྔོན་རྒྱ་ནག་གི་གཏམ་རྒྱུད་ནང་་སུང་ཅང་་་གཉིས་པ་དེ་རེད། སུང་ཅང་་གིས་ཞི་འགུག་བདེ་འགོད་ལ་རེད་བ་བྱས། ཏཱ་ལའི་བླ་མས་་་གཉིས་སྨན་དབུ་ལམ་ལ་རེ་བ་བྱས། མཐར་འབབས་ས་དང་མཐའ་དོན་འབྲས་བུ་གཅིག་པ་རེད།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-10-04 at 10:30 am

    བོད་སྔར་གྱི་མཁས་པའི་དཔེ་ཆ་མ་མཐོང་བའི་དབང་གིས། བོད་མི་མངས་ལ་བོད་མི་དམངས། ཞེས་བྲིས་དང་འབྲི་བཞིན་པ་ནི།་བོད་མངས་ཀྱི་རྟེན་འབྲེལ་ལ་གནོད་པས། དེ་འདྲ་འབྲི་བ་པོ་རྣམས་ཀྱི་མཚམས་འཇོག་ཡོད་པ་ལེགས།

  10. ཀརྡོ་རབ་འབྱམས་པ་ says:
    2016-10-05 at 2:33 am

    རྒྱ་བོད་ཁ་བྲལ་གཏོང་མཁན་མའོ་རེད། །
    རྒྱ་བོད་ཁ་བྲལ་གཏོང་མཁན་གསར་བརྗེ་རེད། །
    བོད་རྒྱ་ཁ་བྲལ་གཏོང་མཁན་དམར་དམག་རེད། །
    བོད་རྒྱ་ཁ་བྲལ་གཏོང་མཁན་སྡུག་རྩུབ་རེད། །
    ་
    རྒྱ་བོད་མཐུན་འབྲེལ་འཛུགས་མཁན་༸པཎ་ཆེན་རེད། །
    རྒྱ་བོད་མཐུན་འབྲེལ་འཛུགས་མཁན་འབའ་ཕུན་རེད། །
    བོད་རྒྱ་དབུས་ལམ་འཛུགས་མཁན་༸གོང་ས་མཆོག །
    བོད་རྒྱ་དབུས་ལམ་མཐུད་མཁན་དྷ་སའི་གཞུང་། །

  11. གངས་སེང། says:
    2016-10-05 at 11:35 am

    ཨེ་ཡིན་ན། ཨེ་ཡིན་ན། ཁོང་ནི་ཁ་བྲལ་ལ་རྒོལ་མཁན་ཞིག་གཏན་ནས་མིན། རྒྱ་ཁྱོད་ཀྱི་ཚིག་སྐམ་འདིས་ཕན་ཐོགས་ཀྱི་མ་རེད།་

  12. ཨ་འབར་འཇིགས་དབང། says:
    2016-10-08 at 11:58 pm

    ༅༅། མཁྱེན་པའི་ནམ་མཁའ་ཡང་ཞིང། བརྩེ་བའི་འདབ་སྟོང་འཛུམ་པའི།
    ནུས་ལྡན་ཚད་མའི་སྐྱེས་བུ་། སྐྱབས་མགོན་བསྟན་འཛིན་རྒྱ་མཚོ།
    འགྲོ་ཀུན་བུ་བཞིན་སྐྱོང་ཞིང། རྒྱལ་བསྟན་སྲོག་བཞིན་འཛིན་པའི།
    ཀུན་ལ་བྱམས་པའི་སྐྱེས་ཆེན། སྐྱབས་མགོན་བསྟན་འཛིན་རྒྱ་མཚོ།

  13. སེང་ཕྲུག་བརྟན་པ། says:
    2016-10-09 at 12:04 am

    ཨ་འབར་ལགས་ཀྱིས་ཡག་པོ་ཞིག་བྲིས་གནང་འདུག ཚིག་ཉུང་ལ་དོན་ཆེ་བ། བཀྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme