Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨི་ལམ་མིན། འཆར་སྣང་ཞིག་ཡིན།

Posted on 2016-09-302016-09-30 By ཁ་བརྡ་ 11 Comments on རྨི་ལམ་མིན། འཆར་སྣང་ཞིག་ཡིན།

སྙན་བཟང་གཡུང་དྲུང་ཚེ་རིང་།

 
བདུན་ཕྲག་གཉིས་ལྷག་གི་སྔོན་༧གོང་ས་མཆོག་ཧྥ་རན་སིར་ཕེབས་པ་རེད། སྐབས་དེར་ཧྥ་རན་སིའི་གཞུང་འཛིན་གནད་ཡོད་མི་སྣ་སུ་གཅིག་ཀྱང་༧གོང་ས་མཆོག་ལ་མཇལ་མེད་མོད། ཧྥ་རན་སིའི་ཐེངས་རྗེས་མའི་སྲིད་འཛིན་འོས་འདེམས་ཁྲོད་ལངས་མཁན་གྱི་ཆད་སྲིད་པ་མར་ཁུ་ཝོང(Emmanuel Macron) ༧གོང་ས་མཆོག་ལ་མཇལ་ཡོད། ལར་ནས་ཁོང་གིས་དེ་ལྟར་གནང་དོན་གྱི་རྒྱབ་ཏུ་ཆབ་སྲིད་ཀྱི་གཡོ་འཁྲུལ་ཞིག་ཡོད་པ་དོགས་པ་རྩ་བྲལ་རེད་ཅེས་གླེང་བྱུང་ལ། སྐད་ཆ་དེར་བདེན་པའི་ཆ་ཏན་ཏན་ཡོད་པ་འདྲ། དཔེར་ན། ཧྥ་རན་སིའི་སྲིད་འཛིན་ཟུར་པ་Jacques Chirac དང་། Nicola Sarkozy དེ་ནས་ད་ལྟའི་སྲིད་འཛིན་François Holland སོགས་ལ་དབང་ཆ་མ་ཐོབ་པའི་སྔོན་ལ་ཁོང་ཚོས་མགྲིན་གཅིག་དབྱངས་གཅིག་གིས་མ་འོངས་པར་༧གོང་ས་མཆོག་ལ་མཇལ་ལུགས་ཡོད་སྐོར་གསུངས་འདུག་ཀྱང་། དབང་ཆ་ཐོབ་རྗེས་ཁས་ལེན་དེ་དག་ཆུ་ལ་བྲིས་པའི་རི་མོ་བཞིན་དུ་གྱུར་ཡོད། དེར་བརྟེན། ཉིན་ཤས་སྔོན་ལ་གསར་འགོད་པ་ཞིག་གིས་ཧྥ་རན་སིའི་གཞུང་འཛིན་གནད་ཡོད་མི་སྣ་དག་ལ‘‘ཏཱ་ལའི་བླ་མར་མི་མཇལ་དོན་ཅི། རྒྱ་ནག་གི་གནོན་ཤུགས་ལ་སྐྲག་གམ’’ཞེས་ཁ་བསངས་པོའི་ཐོག་ནས་དྲི་བ་ཞིག་དྲིས་ཡོད་ཀྱང་། དྲི་བ་དེར་ལན་སྟེར་མཁན་བྱུང་མེད། འདི་ལ་དམིགས་ཏེ‘‘རྒྱ་གཞུང་གིས་མ་བཙིར་གོང་གཞུང་སྐྲག་པ་རེད།’’ལྟ་བའི་སྐད་ཆ་བྱུང་བ་རེད།

སྐབས་དེར། ཧྥ་རན་སིའི་གསར་ཁང་ཞིག་གིས་༧གོང་ས་མཆོག་ལ་བཅར་འདྲི་ཐུང་ཐུང་ཞིག་ཞུས་ཡོད་ཀྱང་། བཅར་འདྲི་དེར་ཅིས་ཀྱང་ཉན་དགོས་བསམས་ནས་བདུན་ཕྲག་གཅིག་ལྷག་འགོར་བའི་དེ་དགོང་བཅར་འདྲི་དེ་དྲན་པར་གྱུར་ཏེ་ཉན་སྐབས། ༧གོང་ས་མཆོག་གིས་ཀྱང་ཧྥ་རན་སིའི་གཞུང་འཛིན་གནད་ཡོད་མི་སྣ་དག་གིས་དེ་ལྟར་གནང་དོན་ནི་གཞན་དབང་སྟབས་བསྟུན་ཀྱི་དབང་གིས་རེད་གསུངས། བཅར་འདྲི་དེར་ཉན་བཞིན་ཁོ་བོའི་སེམས་ལ་༧གོང་ས་མཆོག་དགུང་ལོ་༨༡ ལ་ཕེབས་ཡོད་ཀྱང་ཁོང་གི་དགུང་ལོའི་བབ་ལ་གཞིགས་ན་ད་དུང་རྒས་ཉམས་མེད་པའི་ཚོར་བ་ཞིག་སྐྱེ་བྱུང་། གྲོགས་པོ་ཞིག་གིས‘‘དེ་ནི་སྒོམ་གྱི་ཉམས་ལེན་དང་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས་ཡོད་པའི་སྟོབས་ཀྱིས་ལོས་ཡིན།’’ཟེར། མདོར་བསྡུས་ན། ༧གོང་ས་མཆོག་ད་དུང་མུ་མཐུད་དུ་བཞུགས་དགོས་པ་རེད་ལ། འགྲོ་དྲུག་ཀུན་མཁྱེན་ས་ལམ་མ་བཀོད་དེ་སྲིད་སྲིད་པ་མི་གཏོང་བའི་ཕྱིར་དུ་བཞུགས་དགོས་པ་རེད་ཅེས་སྙན་ངག་ཅིག་གི་ལམ་ནས་ཀྱང་ཞུས་ཟིན་ལ། གསོལ་བ་ཕུར་ཚུགས་ཀྱིས་འདེབས་བཞིན་ཡོད། དེ་ནི་དེ་ཙམ་གྱིས་ཆོག་པར་བྱ་ཞིང་། ཁོ་བོས་འདིར་སྨྲ་འདོད་པ་ནི་བཅར་འདྲི་དེར་ཉན་རྗེས་སུ་བྱུང་བའི་དྲི་ཚིག་ཅིག་སྟེ་༧གོང་ས་མཆོག་དུས་ནམ་ཞིག་ལ་བོད་ལ་ཕེབས་ཐུབ་མིན་གྱི་སྐོར་ཡིན་ནོ།

ཉིན་ཤས་སྔོན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གཉིས་པའི་སྔ་དྲོར། སྤྱི་འཐུས་ཤིག་གིས་སྲིད་སྐྱོང་མཆོག་ལ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་འབད་བརྩོན་གནང་རྒྱུ་ཡིན་སྐོར་དང་འབྲེལ་ཏེ་སྐར་རྟགས་ཅན་གྱི་དྲི་བ་ཞིག་ཕུལ་སྐབས། སྲིད་སྐྱོང་མཆོག་གིས་སྔ་ཕྱིར་ཞུས་པ་བཞིན་རང་ཕྱོགས་ནས་གྲ་སྒྲིག་ཡོད་ལ་རེ་བའང་བྱེད་ཀྱི་ཡོད་ཀྱང་། དེ་ལྟར་ཡོང་བར་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོའི་ཆོད་སེམས་ལ་རག་ལུས་ཡོད་སྐོར་ལས་འཕྲོས་ཏེ། བོད་དོན་བདེན་མཐའ་གསལ་ནས་༧གོང་ས་མཆོག་བོད་དུ་ཕྱིར་ཕེབས་གནང་རྒྱུ་གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་ཡིན་ལ། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་ཡང་ཡིན་པ་དང་། རྒྱ་ནག་ནང་གནས་གཟིགས་སུ་ཕེབས་འདུན་ཡོད་སྐོར་༧གོང་ས་མཆོག་ནས་སྔ་ཕྱིར་བཀའ་གནང་ཡོད་པ་ལྟར་དེ་དག་ལའང་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་པ་རེད། མདོར་བསྡུས་ན། སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ‘‘དེ་ལ་འཆར་གཞི་བཟོས་ནས་འགྲོ་རྒྱུ་མ་གཏོགས། ད་ལྟ་ནས་དེ་ཡོང་གི་རེད་དང་མ་རེད། དེ་སྲིད་དང་མི་སྲིད་ཟེར་རྒྱུ་སྔ་དྲགས་པ་རེད་བསམ་གྱི་འདུག’’ཅེས་པ་དེའོ།

དེ་བས། ཁོ་བོས་འདིར་སྔོན་ཆད་ཀྱི་ལོ་རྒྱུས་ཤིག་གླེང་བར་འདོད་དེ། ༡༩༩༡ལོར་༧གོང་ས་མཆོག་གིས་ཨ་རིའི་ཡེལ་གཙུག་ལག་སློབ་གཉེར་ཁང་དུ་བཀའ་སློབ་གནང་སྐབས་སུ་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་བོད་ལ་ཕེབས་འདོད་ཡོད་སྐོར་གསུངས་ཡོད་ཅིང་། དེ་ནི་༧གོང་ས་མཆོག་གིས་བོད་ལ་ཕེབས་འདོད་ཡོད་སྐོར་གསུངས་པའི་བཀའ་སློབ་ཐོག་མ་དེ་མིན་ནམ་སྙམ། དེ་རྗེས་ལོ་དེའི་ཟླ་༡༢པའི་ནང་། རྒྱ་ནག་གི་སྲིད་བློན་ལི་ཕིན་རྒྱ་གར་དུ་འཚམས་འདྲིར་སྐྱོད་བཞིན་པའི་གོ་སྐབས་དང་བསྟུན་ནས་༧གོང་ས་མཆོག་གིས་ཁོང་དང་མཇལ་འཕྲད་གནང་འདོད་ཡོད་སྐོར་གསུངས་ཀྱང་དེར་ངོས་ལེན་མ་བྱས་པ་རེད། འོན་ཀྱང་། པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་དགོངས་པ་རྗོགས་མཚམས། པེ་ཅིན་གྱི་རྒྱ་ནག་ནང་བསྟན་མཐུན་ཚོགས་བརྒྱུད་ནས་༧གོང་ས་མཆོག་གདན་འདྲེན་ཞུས་སྐབས། ༧གོང་ས་མཆོག་གིས་གདན་ཞུ་དེར་ངོས་ལེན་མ་གནང་བས། རྒྱ་ནག་གི་ཤེས་ཡོན་པ་རེ་ཟུང་གིས‘‘གོ་སྐབས་འདི་མ་བཞེས་པ་དེས་ལོ་རྒྱུས་ཀྱི་གོ་སྐབས་ཤིག་ཤོར་ཡོད།’’ཅེས་གསུངས་ཡོད་ནའང་། བོད་མི་ཚོའི་ཁྲོད་དུ‘‘སྐབས་དེར་༧པཎ་ཆེན་རིན་པོ་སྐུ་གཤེགས་རྐྱེན་སྐོར་ལ་བཤད་པ་སྣ་ཚོགས་ཤིག་ཡོད།’’ཅེས་དང་། ‘‘ཅི་ཡོང་གང་བྱེད་ཚོད་ཐུབ་ཀྱི་མ་རེད’’ཅེས་གསུང་མཁན་བྱུང་ཡོད་ལ། ༧གོང་ས་མཆོག་རྒྱ་ནག་ལ་མ་ཕེབས་པ་དེ་འགྲིག་བསྡད་ཡོད་པའི་དགོངས་པ་བཞེས་མཁན་ཀྱང་བྱུང་ཡོད།

སྐབས་འདིར་གནས་ཚུལ་གཞན་པ་ཞིག་གླེང་འདོད་པ་འདི་ལྟར། དགུ་བཅུ་གོ་དྲུག་ལོར་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དང་རྒྱ་ནག་པེ་ཅིན་དབར་ལ་གསང་བའི་འབྲེལ་བ་ཞིག་བྱུང་འདུག ལོ་དེར་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་སྒེར་ངོས་ནས་རྒྱ་ནག་ཏུ་ཕེབས་ཏེ། ཁོང་གིས་སྐབས་དེའི་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུའུ་རིན་གཞོན་པ་ལ་རྒྱ་གཞུང་གིས་དུས་རྟག་ཏུ་༧གོང་ས་མཆོག་ལ་མཚན་སྨད་ཞུས་དང་ཞུ་བཞིན་ཡོད་སྐོར་དང་འབྲེལ་བའི་གནད་དོན་འགའ་གླེང་སྐབས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུའུ་རིན་གཞོན་པས་ཁོང་ལ་རྒྱུ་མཚན་འགའ་དྲངས་ཡོད་པ་འདི་ལྟ་སྟེ།

གཅིག གནམ་བདེ་སྒོ་མོའི་ཐང་ཆེན་དུ་སློབ་ཕྲུག་གི་ལས་འགུལ་བྱུང་མ་ཐག ཏཱ་ལའི་བླ་མས་སློབ་ཕྲུག་ཚོར་གདུང་སེམས་མཉམ་སྐྱེད་ཡོད་ཅེས་གསུངས་ཡོད།

གཉིས། ཨུ་རུ་སུའི་རྒྱལ་ཁབ་འཐོར་སྐབས། ཏཱ་ལའི་བླ་མས་ཀྲུང་གོ་རྒྱལ་ཁབ་ཀྱང་འཐོར་རྒྱུ་རེད་ཅེས་གསུངས།

གསུམ། ཏཱ་ལའི་བླ་མ་ཨ་རི་དང་ཡུ་རོབ་རྒྱབ་ཁབ་ཁག་ཏུ་ཕེབས་སྐབས། ཁོང་གིས་རྒྱ་ནག་ལ་དཔལ་འབྱོར་གྱིས་གནོན་ཤུགས་སྤྲོད་དགོས་པ་རེད་ཅེས་གསུངས་ཡོད།

བཞི། སྔར་ཏཱ་ལའི་བླ་མས་བོད་མི་ལྔ་བརྒྱ་བོད་ལ་ཞི་བའི་གོམ་བགྲོད་དུ་འགྲོ་བ་མཁྱེན་བཞིན་དུ་ཁོང་ཚོར་འགྲོ་མི་འོས་པའི་བཀའ་སློབ་མ་གནང་བ་རེད།

ལྔ། ཏཱ་ལའི་བླ་མ་ཡུ་རོབ་ཀྱི་རྒྱལ་ཁབ་འཇར་མན་དང་ཨིན་ཇིའི་རྒྱལ་ཁབ་ཀྱི་གྲོས་ཚོགས་སུ་ཕེབས་ཏེ་བོད་ནི་བཙན་འཛུལ་བྱས་པའི་ལུང་པ་ཞིག་རེད་ཅེས་གསུངས་ཡོད།

དྲུག ༡༩༩༩ལོར་རྫ་ཆུ་ཁར་གངས་སྐྱོན་བྱུང་བ་དང་། ཁམས་ལྷོ་རྒྱུད་དུ་ས་ཡོམ་བརྒྱབ་རྗེས། ཏཱ་ལའི་བླ་མས་ཡུལ་དེ་གཉིས་ལ་རོགས་མགོན་གནང་བཞིན་དུ་གངས་སྐྱོན་དང་ས་ཡོམ་དེ་གཉིས་ནི་གུང་ཁྲན་ཏང་གི་བྱེད་ལས་རེད་གསུངས་ཡོད། ཅེས་དོན་ཚན་དྲུག་དྲངས་འདུག
ཁོ་བོས་གོང་གི་དོན་ཚན་འདི་དག་གི་ཚིག་རིས་ཇི་མ་ཇི་བཞིན་བཤུས་མེད་ཀྱང་དོན་ལ་འདི་དག་ཡིན་པ་རེད། སྐབས་དེར་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་ཀྱང་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུའུ་རིན་གཞོན་པ་ལ་དཔོན་རིགས་དོན་ཚན་ཁ་ཤས་ལ་ལན་འདེབས་གནང་ཡོད་ཅེས་གསུངས་འདུག

གོང་གི་གནད་དོན་འདི་ལ་རྐྱེན་བྱས་ཏེ་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་རྒྱ་ནག་གི་དཔོན་རིགས་ཚོར་ཀྲུང་དབྱང་གི་དབུ་ཁྲིད་མཐོ་ཤོས་དང་ཏཱ་ལའི་བླ་མ་གཉིས་མཇལ་འཕྲད་གནང་དགོས་པ་དང་། གལ་སྲིད་ཕན་ཚུན་མཇལ་བ་ཡིན་ན་ཏཱ་ལའི་བླ་མ་ནི་སྐྱེས་བུ་ག་འདྲ་ཞིག་ཡོད་མེད་དང་། དེ་ནས་ཕྱོགས་གཉིས་ཀྱི་གནས་ཚུལ་ཇེ་གསལ་དུ་འགྲོ་བ་སོགས་ཞུས་ཡོད་ལ། ལྷག་པར་དུ་ཏཱ་ལའི་བླ་མ་སྐུ་འཚོ་བཞུགས་ཀྱི་སྐབས་སུ་བོད་རྒྱ་གཉིས་ཀྱི་དཀའ་རྙོག་གླེང་ཐུབ་ན་དགེ་མཚན་ཆེ་ལུགས་དང་འབྲེལ་ཏེ་གསལ་བཤད་གནང་ཡོད། དེ་བས། ༡༩༩༨ལོའི་ཟླ་དྲུག་པར་རྒྱ་གཞུང་གིས་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ལ་འབྲེལ་བ་བྱས་ཏེ་༧གོང་ས་མཆོག་པེ་ཅིན་དུ་ཆིབས་བསྒྱུར་གནང་སྐབས་སུ་ཁོང་ལ་ཕྱག་རོགས་ག་ཚོད་ཡོད་མེད་དང་འབྲེལ་ཏེ་མིང་ཐོ་འཁྱེར་ཡོང་དགོས་ཚུལ་དང་། འབྲེལ་མོལ་ཚོགས་ཆུང་ནང་བོད་མི་ག་ཚོད་ཡོད་མེད་དང་མི་སུ་དག་ཡིན་མིན་སོགས་གསལ་བཤད་དགོས་སྐོར་བཤད་ཡོད། གཏམ་བཟང་འདི་ལ་བརྟེན་ནས་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱིས་༧གོང་ས་མཆོག་ལ་སྙན་གསེང་ཞུས་ཏེ་ཚུར་ཕྱོགས་ནས་གྲ་སྒྲིག་གནང་བཞིན་པའི་སྐབས་དེར། རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་སྡེ་ཚན་ཞིག་བརྒྱུད་དེ་གྲོས་མོལ་དེའི་སྐོར་ཁྱབ་བསྒྲགས་ལྟ་བུ་བྱས་པས། དེ་མ་ཐག རྒྱ་གཞུང་གིས་ཁྱབ་བསྒྲགས་དེར་ངོ་རྒོལ་བྱས་ཤིང་། གྲོས་མོལ་ལམ་འབྲེལ་བ་བྱེད་རྒྱུ་མིན་སྐོར་བཤད་དེ། གྲོས་མོལ་དེ་ནི་ང་ཚོ་ནང་ཚགས་ཀྱི་གྲོས་མོལ་ཞིག་ཡིན་པ་མ་གཏོགས། གྲོས་མོལ་དེ་ཨ་མི་རི་ཀའི་ནང་ཁྱབ་བསྒྲགས་བྱེད་དགོས་པ་ཞིག་དང་། རྒྱལ་ཁབ་གཞན་པ་ཞིག་བརྒྱུད་དེ་གྲོས་མོལ་བྱེད་རྒྱུ་ཞིག་མིན་ཚུལ་བསྒྲགས་ཏེ་འབྲེལ་བ་བཅད་འདུག

རྒྱ་ནག་གིས་འབྲེལ་ཐག་དེ་བཅད་རྗེས། རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་རྒྱ་ནག་ཏུ་ཕྱིན་ཡོད་མོད། རྒྱ་ནག་གིས་ཁོང་ལ་ཡིད་ཆེས་བརླགས་པ་ཡིན་ནམ་གང་ལྟར་༧གོང་ས་མཆོག་པེ་ཅིན་དུ་ཕེབས་ཆོག་པའི་འབྲེལ་མོལ་དེ་བསྐྱར་གསོ་བྱས་མེད། དེར་བརྟེན། སྐབས་དེར་༧གོང་ས་མཆོག་པེ་ཅིན་དུ་ཕེབས་མ་ཐུབ་པ་དེ་ང་ཚོར་མཚོན་ན་གྱོང་གུད་ཆེན་པོ་ཞིག་ཡིན་པ་སྨོས་མ་དགོས། འོན་ཀྱང་དེང་སང་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ལྟ་བུའི་རྒྱ་ནག་གི་དཔོན་རིགས་ཚོ་འགུགས་ཐུབ་པའི་གསང་བའི་ཕོ་ཉ་ཡོད་དམ། འདི་ནི་ང་ཚོས་ལམ་སེང་ཤེས་མི་ཐུབ་པའི་དྲི་བ་ཞིག་རེད་ལ། གལ་སྲིད་གསང་བའི་ཕོ་ཉ་ཞིག་ཕར་འགྲོ་ཚུར་འོང་བྱེད་ཀྱིན་ཡོད་ན་ནི་དགའ་བསུ་ཞུ་འོས། དེ་མིན། ད་ལྟའི་ང་ཚོའི་སྲིད་སྐྱོང་མཆོག་གིས་སྔར་ཁོང་ལ་སྲིད་སྐྱོང་གི་གོ་ཐོབ་རག་ཆེད་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་ལ། ཚོར་ཤུགས་ཅན་གྱི་ཁས་ལེན་འདི་ལ་བརྟེན་ནས་བོད་མི་མང་པོས་འོས་ཤོག་བླུགས་ཡོད་སྲིད།

ཡིད་ཕངས་པ་ཞིག་ལ། འདིས་གང་ཟག་སྒེར་ལ་ཕན་ཐོགས་ཀྱི་ཡོད་པ་གདོན་མི་ཟ་ནའང་། རྒྱ་གཞུང་ལ་མཚོན་ན་བཙན་བྱོལ་བོད་གཞུང་ཡིན་ནའང་འདྲ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡིན་ནའང་རུང་། གང་ལྟར་དམངས་གཙོ་ཀ་བ་གསུམ་གྱིས་གྲུབ་པའི་གཞུང་ངམ་སྒྲིག་འཛུགས་དེ་ནི་ཆེས་སྐྲག་སྣང་བྱེད་ས་དེ་ཡིན་ལ། ཆེས་མི་དགའ་སའང་དེ་ཡིན་པས། འདི་འདྲའི་གཞུང་ངམ་སྒྲིག་འཛུགས་ཀྱི་མི་སྣ་མཐོ་ཤོས་ཤིག་གིས་དེ་ལྟར་གསུངས་པ་ཡིན་ན་རྒྱ་གཞུང་ལ་དོགས་པ་རྣམ་རྟོག་སྤྲོད་ཀྱི་མེད་དམ་སྙམ་ལ། རྒྱ་གཞུང་གིས་གྲོས་མོལ་གནང་འདོད་མེད་པ་དེ་ཡང་ང་ཚོའི་གཞུང་ངམ་སྒྲིག་འཛུགས་དེ་ཡིན་པ་རེད།
དེ་བས། སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་‘‘དེ་ལ་འཆར་གཞི་བཟོས་ནས་འགྲོ་རྒྱུ’’ཞེས་གསུངས་པའི་འཆར་གཞི་དེ་གང་ཡིན་ཆ་འཚལ་མོད། བོད་རང་སྐྱོང་ཐོབ་ན་ནི་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་ལས་སླ་པོ་རེད་ལ། དེ་མིན་དེང་སང་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་བལྟས་ན་ང་ཚོའི་གཞུང་གིས་ངོས་ནས་འཆར་གཞི་ཞིག་བཟོས་ཏེ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ‘‘དེ་ལས་སླ་པོ་ཞིག་མ་རེད་དྲན། དེར་བརྟེན། ང་ཚོའི་སྲིད་སྐྱོང་གི་ངོས་ནས་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་ཡིན་སྐོར་དེ་རེ་ཞིག་བསྐྱུར་ཏེ་དེ་ལས་ཕྱག་ལས་གཞན་དག་གནང་གལ་ཆེ་ལ། བོད་མིའི་སྒྲིག་འཛུགས་འདི་ཡང་སྔོན་ཆད་དང་མི་འདྲ་བར་གཡང་ས་ཞིག་ཏུ་གནས་ཡོད།

མདོར་ན། ༧གོང་ས་མཆོག་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་འདོད་ཡོད་པའི་ཐུགས་འདུན་ཞིག་ཡོད། དེ་ཡང་གཞུང་འབྲེལ་མི་བརྒྱུད་པར་གང་ཟག་སྒེར་པ་ཞིག་བརྒྱུད་ནས་༧གོང་ས་མཆོག་རྒྱ་ནག་ཏུ་ཕེབས་ཐུབ་པའི་དུས་ཤིག་བཟོ་ཐུབ་ཚེ། གཅིག་བྱས་ན་འགྱུར་བ་ཅི་ཡང་མི་ཐེབས་ལ། གཅིག་བྱས་ན་འགྱུར་བ་ཆེན་པོ་ཐེབས་སྲིད། འདི་ལ་གང་དྲན་དུ་ཚོད་དཔག་བྱེད་མི་ནུས་ཀྱང་། འོན་ཀྱང་། སྐབས་རེར་འགྱུར་བ་ཟེར་བ་དེ་ཡ་མཚན་པ་ཞིག་རེད་འདོད། དཔེར་ན། གནའ་སྔ་མོར་ཨེ་རྗིབ་དང་། རྒུ་རི་སི། རོ་མན། སོག་པོ་འདི་དག་གི་སྟོབས་ཤུགས་ཧ་ཅང་ཆེ་ནའང་། དེང་སང་ཅི་ཡང་མིན། དེང་སང་ཨ་རི་དང་། རྒྱ་ནག འཇར་མན། ཧྥ་རན་སི་སོགས་ཀྱི་སྟོབས་ཤུགས་ཧ་ཅང་ཆེ་ནའང་། སྔོན་ཆད་ཅི་ཡང་མ་རེད། ཉིན་ཞིག་བོད་མི་འདི་ཡང་ཡར་འཕགས་ཏེ་མ་འོངས་པར་རྒྱ་ནག་བོད་ཀྱིས་བཟུང་སྟེ་བོད་མི་ཞིག་བོད་རྒྱའི་སྲིད་འཛིན་དུ་མི་འདུག་པའི་ངེས་པ་ག་ལ་ཡོད། འདི་ནི་རྨི་ལམ་མིན། འཆར་སྣང་ཞིག་ཡིན་ནོ།

རྩོམ་རིག

Post navigation

Previous Post: ཀ་རྩོམ་མུན་སེལ་སྒྲོན་མེ།
Next Post: ཨོ་གླིང་སིད་ནི་བོད་ཁུལ་གྱི་ཆོས་ལུགས་སྣ་མང་མཉམ་ཞུགས་ཀྱི་ཞི་བདེའི་འདུ་འཛོམས།

Comments (11) on “རྨི་ལམ་མིན། འཆར་སྣང་ཞིག་ཡིན།”

  1. ཨ་ནུ་ཐང་བསོད་ནམས says:
    2016-09-30 at 9:52 am

    སྔོན་ཆད་འཛམ་གླིང་གི་རྒྱལ་ཁབ་རྣམས་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་རེད། དེང་སང་དེ་ལྟར་མིན་པས་སྐུ་མདུན་གྱིས་སྔོན་ཆད་ལྟར་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་སྙམ་པ་ནི་ནོར་འཁྲུལ་རེད། རྒྱུ་མཚན་ནི། དེང་སང་ཆོས་ཀྱིས་སྔོན་ཆད་ལྟར་ནུས་བ་མི་ཐོན་པས་རེད། གང་ལྟར་དགོངས་ཚུལ་གསུངས་བ་ཡག་བྱུང་།

  2. ཀརྡོ་རབ་འབྱམས་པ་ says:
    2016-09-30 at 11:00 pm

    ་་་་་་་་་ དེ་མིན། ད་ལྟའི་ང་ཚོའི་སྲིད་སྐྱོང་མཆོག་གིས་སྔར་ཁོང་ལ་སྲིད་སྐྱོང་གི་གོ་ཐོབ་རག་ཆེད་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་ལ། ཚོར་ཤུགས་ཅན་གྱི་ཁས་ལེན་འདི་ལ་བརྟེན་ནས་བོད་མི་མང་པོས་འོས་ཤོག་བླུགས་ཡོད་སྲིད། ་་་་་་་་

  3. ཀརྡོ་རབ་འབྱམས་པ་ says:
    2016-09-30 at 11:02 pm

    ་་་་་་་་ རྒྱ་གཞུང་གིས་གྲོས་མོལ་གནང་འདོད་མེད་པ་དེ་ཡང་ང་ཚོའི་གཞུང་ངམ་སྒྲིག་འཛུགས་དེ་ཡིན་པ་རེད། ་་་་་་་་ ཟེར།

  4. ཀརྡོ་རབ་འབྱམས་པ་ says:
    2016-09-30 at 11:03 pm

    ་་་་་་་་་ དཔེར་ན། གནའ་སྔ་མོར་ཨེ་རྗིབ་དང་། རྒུ་རི་སི། རོ་མན། སོག་པོ་འདི་དག་གི་སྟོབས་ཤུགས་ཧ་ཅང་ཆེ་ནའང་། དེང་སང་ཅི་ཡང་མིན། དེང་སང་ཨ་རི་དང་། རྒྱ་ནག འཇར་མན། ཧྥ་རན་སི་སོགས་ཀྱི་སྟོབས་ཤུགས་ཧ་ཅང་ཆེ་ནའང་། སྔོན་ཆད་ཅི་ཡང་མ་རེད། ཉིན་ཞིག་བོད་མི་འདི་ཡང་ཡར་འཕགས་ཏེ་མ་འོངས་པར་རྒྱ་ནག་བོད་ཀྱིས་བཟུང་སྟེ་བོད་མི་ཞིག་བོད་རྒྱའི་སྲིད་འཛིན་དུ་མི་འདུག་པའི་ངེས་པ་ག་ལ་ཡོད། འདི་ནི་རྨི་ལམ་མིན། འཆར་སྣང་ཞིག་ཡིན་ནོ། ་་་་་་་་་

  5. ཀརྡོ་རབ་འབྱམས་པ་ says:
    2016-09-30 at 11:04 pm

    ་་་་་་་ ཉིན་ཞིག་བོད་མི་འདི་ཡང་ཡར་འཕགས་ཏེ་མ་འོངས་པར་རྒྱ་ནག་བོད་ཀྱིས་བཟུང་སྟེ་བོད་མི་ཞིག་བོད་རྒྱའི་སྲིད་འཛིན་དུ་མི་འདུག་པའི་ངེས་པ་ག་ལ་ཡོད། ་་་་་་་་་

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-09-30 at 11:57 pm

    འདས་པ་རྗེས་འདེད་བྱེ་པ་རྒན་ཁོག་བློ་།
    མ་འོང་མདུན་བསུ་བྱེད་པ་བྱིས་པའི་བློ་།
    ད་ལྟ་ལག་ལེན་ལྟར་བ་མཁས་པའི་བློ་།
    དུས་གསུམ་མཉམ་སྲེས་བྱེད་པ་རྩིས་མཁན་བློ་།

  7. དཔའ་ཆེན་དོན་གྲུབ་ says:
    2016-10-01 at 12:16 am

    འཇུ་ཆེན་ཐུབ་བསྟན་གྱིས་དབྱིན་སྐད་མི་ཤེས། རྒྱ་སྐད་མི་ཤེས་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་དུས་ཀྱི་སྐད་བསྒྱུར་བ་སུ་ཡིན་ན།

  8. ཨ་འབར་འཇིགས་དབང། says:
    2016-10-01 at 1:04 am

    ༅༅།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང། འཛམ་གླིང་ཡུལ་གྲུ་
    ཆེ་ཁག་རྣམས་ནས་༧གོང་ས་མཆོག་ལ་གུས་བཀུར་བརྕི་མཐོང་ཤིན་ཏུ་ཆེ་བར་གནང་གི་ཡོད་པར་
    སོང་རྒྱ་ནག་གུང་བྲན་དམར་གཞུང་གི་དཔོན་རིགས་ཁག་གཅིག་ནས་མིག་ཚ་ཞིང་འགྲན་མ་ནུས་
    སྟབས་རྣམ་ཀུན་ནས་བརྗོད་པ་ལྟར ཁ་བྲལ་བ་ཞེས་མཚན་སྨད་ཞུ་གི་ཡོད་པ་རེད།
    འདི་ནི་ཤེས་ཡོན་ཡོད་པ་དང་།རྒྱལ་ཁབ་ཀྱི་སྲིད་བྱུས་ཐོག་ཉམས་ལེན་ཚུལ་བཞིན་གནང་མི་ཐུབ་
    མཁན་གྱི་དཔོན་རིགས་ཚོ་རེད།
    ག་ཚོད་བཤད་ཀྱང་གོ་མི་ཐུབ། ག་ཚོད་གསལ་ཡང་སེལ་མི་ཐུབ།
    ཤེས་ཡོན་རྣམ་དཔྱོད་ལྡན་པའི་རྒྱ་དཔོན་ཞིག།
    གང་དང་་གང་དུ་ཡོད་པ་སྒུག་བཞིན་ཡོད།

  9. གནམ་ says:
    2016-10-01 at 6:50 am

    ༼ གཅིག་བྱས་ན་འགྱུར་བ་ཅི་ཡང་མི་ཐེབས་ལ། གཅིག་བྱས་ན་འགྱུར་བ་ཆེན་པོ་ཐེབས་སྲིད།༽
    བཤད་བཤད་ཀི་སྔ་མ་འདི་འདྲ་ཞིག་གིས་བསྡུས་འདུག། ཧ་ཧ་ཧ།

  10. ཀརྡོ་རབ་འབྱམས་པ་ says:
    2016-10-01 at 11:43 am

    འཆར་ནསང་གི་ཧིན་གཞས།
    https://www.facebook.com/402675713168341/videos/420421404727105/?hc_ref=NEWSFEED

  11. བློ་བཟང་། says:
    2016-10-02 at 3:46 pm

    ཀ་སྨྱོན་འདི་ལ་ངོ་མས་སུན་གི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme